སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་དང་པོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 17.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>

 

ལེའུ་དང་པོ། འདུ་བ་སྤྱིའི་རྣམ་གཞག་སྒྲོན་མ་གསལ་བ།

༄༅། །ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །འདུ་བ་སྤྱིའི་རྣམ་གཞག་སྒྲོན་མ་གསལ་བ་ཞེས་བྱ་བ་འདི་ལ། རླུང་མཁྲིས་བད་ཀན་གྱི་ནད་རང་རང་གི་གནས་སུ་བྱུང་ན། ནད་རང་དབང་ཅན་གཙོ་བོར་གྱུར་པ་ཞེས་བྱ་སྟེ། སྟོད་བད་ཀན་གྱི་ཡུལ། བར་མཁྲིས་པའི་ཡུལ། སྨད་རླུང་གི་ཡུལ་ལོ། །དེའང་བད་ཀན་གྱི་གནས་སུ། རླུང་ལྟ་བུ་བྱུང་ན། ནད་གཞན་དབང་ཅན་ཞེས་བྱ་སྟེ་གསོ་དཀའོ། །ཡང་སྟོད་མེ་ཡིན་ལ་སྨད་ཆུ་ཡིན་པས། ཚ་གྲང་གོ་ལོག་པ་དང་། སྙིང་མེ་མཁལ་མ་ཆུ་ཡིན་ཏེ། ནད་ཚ་གྲང་ལོག་པ་ལྟ་བུའོ། །སྤྱིར་ནི་འདི་རུ་འབྱུང་མི་སྲིད་དོ། །དེའང་ནད་པགས་པ་ལ་གྲམ་པ་དང་། རྩ་ལ་ཞུགས་པ་དང་། རུས་པ་ལ་ཞུགས་པ་དང་། དོན་སྙིང་ལ་ཞུགས་པ་དང་། སྣོད་དུ་ལྷུང་བའོ། །དེའང་ནད་ཀྱི་རྒྱུ་བད་ཀན། ནད་ཀྱི་རྟ་རླུང་། ནད་ཀྱི་དུག་མཁྲིས་པ་ཡིན་ཏེ། ནད་ལོག་པ་ཞེས་བྱ་བ་ཡང་། རླུང་ལྟ་བུ་བཅོས་པས། དེ་མ་ཞུ་བར། མཁྲིས་པ་སྐྱེས་ནས། གཅིག་མ་ཞི་བར་གཅིག་སྐྱེས་ནས་ལྡན་པར་སོང་བ། གང་མཐོ་མཐོ་འམ་གཉན་པ་ནས་བཅོས་པའམ། རླུང་ལྟ་བུ་ཞི་ནས། བན་ཀན་དུ་ལོག་ན། རྐྱང་པ་ཞེས་བྱ་སྟེ་རང་བཅོས་སོ། །དེའང་སྙིང་ལ་ནད་ཡོད་ན། ལྕེ་སྐམ། སྦྲིད་པ་མི་ཐོན། གློ་བ་ལ་ནད་ཡོད་ན། སྣ་འགགས། གློ་འོང་། མཆིན་པ་ལ་ནད་ཡོད་ན། མིག་དམར་ལ་འཚག གཡལ་མི་ཤེས། མཚེར་པ་ལ་ནད་ཡོད་ན། མཆུ་སྨུག མཁལ་མ་ལ་ནད་ཡོད་ན། རྣ་བས་མི་ཐོས་སོ། །དེའང་རླུང་ནད་ཡོད་ན། མིག་རྩ་རྒོད་པ་དང་། མཆུ་འདར་བ་དང་། ལྕེ་སྐྱ་ལ་རྩུབ་ཅིང་རོ་མི་ཚོར་བ་དང་། སོ་བརྡེག་པ་དང་། རྣ་བ་འུར་འུར། ཏིག་ཏིག ཀྲོག་ཀྲོག་ཟེར་ལ་སྒྲ་མི་ཐོས་པ་དང་། ཤེས་པ་འཕྱོ་ལ་གཉིད་མི་ཕེབས་པའོ། །ཚད་པ་ཡོད་ན། མིག་དམར་བ་འམ། སེར་བ་འམ། མཆུ་ཐུང་ལ་འགས་པ་དང་། ལྕེ་སེར་བ་འམ། ནག་ལ་ཐུང་བ་དང་། སོ་ལ་དྲེག་པ་ཆགས་པ་དང་། ཤེས་པ་བྱིང་ལ་གཉིད་ཆེ་བ་འམ། ཁའི་རྡབ་གྲང་ལ་རིད་པ་ནི་བད་ཀན་གྱི་ནད་ཡོད་པའོ། །རླུང་གི་ནད་ཁ་ཟས་དུས་སུ་མ་ཟོས་པ་དང་། གཉིད་ཆག་པ་དང་། ག་ཆད་པ་དང་། སེམས་གདུང་བ་དང་། མྱ་ངན་དང་སེམས་ལས་ཆེས་པ་དང་། འཁྲུ་སྐྱུག་དྲག་པོ་དང་། གཏར་ག་དྲག་པོའི་རྗེས་ལན་བ་ནི་རླུང་ནད་ཡིན་ཏེ། ལུས་རྩུབ་ལ་བ་སྤུ་ལྡང་། བྲང་ལ་གཟེར་འོང་། མགོ་འཐོམ། ཚིགས་བྱེ་བ་སྙམ་བྱེད། བརླ་དང་། ཚིག་པ་དང་། རྐེད་པ་མགུལ་ན། ཟུག་གཟེར་ཆེ། མིག་རྩེ་རྒོད་ལ་ལག་པས་བྱ་བྱེད་མང་། སྨྲ་དཀའ་ལ་ལྕེ་མཆུ་འདར། འབྲེལ་བ་མེད་པའི་གཏམ་མང་། ཤེས་པ་རྔམ་ཁོད་པ་འུར། ཆུ་དཀར། འཁྲུ་ན་ལྦུ་བ་སྒྲ་དང་བཅས་པ་འབྱུང་། དེ་རྣམས་གང་བྱུང་ཡང་། རླུང་རྟགས་ཡིན་པས། ཤ་རྙིང་དང་། མར་རྙིང་དང་། རུས་རྙིང་སྣ་ཚོགས་གདུས་པའི་ཁུ་བ་དང་། ཆང་ནར་ཕྱིན་པ་བླུད་ལ་མལ་ཆས་བྱིབས། སྨན་མར་གཏང་། རླུང་གསང་བསྲེག་གོ། རླུང་ཁ་ཐལ་བ་དང་། རླུང་ནད་མི་བཟོད་པ་ལ། སྒོག་སྐྱའི་སྨན་མར་གཏང་ངོ་། །རླུང་ནད་ཀྱི་རིགས་ལ་དུ་མ་སྨོས་ཀྱང་། ལག་ཏུ་ལོངས་པ་དེ་ལས་མེད་དོ། །

མཁྲིས་པ་བཅོས་པ་ནི། སྒོས་བཅོས་ན་གསལ་ལོ། །བད་ཀན་རིགས་དུ་མ་སྨོས་ཀྱང་། སྐྱ་བོ། སྨུག་པོར་འདུས་ཏེ། བད་ཀན་སྨུག་པོ་མ་གཏོགས་པ་ཐམས་ཅད་གྲང་བར་གཏོགས་ཏེ། བད་ཀན་མཆིན་པ་ལ་བབས་ན། ཁོང་ཚ་ན། མིག་རུས་ན། བྱིན་པ་ན། ལུས་པོ་ལྕིའོ། །བད་ཀན་སྨུག་པོ་མཁྲིས་པ་ལ་རྒྱས་ན། ཁྲག་སྐྱུག སྣ་ཁྲག་འཛག་གོ། བད་ཀན་གློ་བ་ལ་བབས་ན། རོ་སྟོད་གཟེར་ལ་ཚིགས་པ་རིངས་པ་དང་། ཁྲག་ནག་པོ་སྐྱུག་གོ། བད་ཀན་སྨུག་པོ་ཕོ་བ་ལ་བབས་ན། བྲང་ཚ་ལ་ཕོ་བ་ན། ཁྲག་བཙོས་པ་འདྲ་བ་སྐྱུག་གོ། དེ་རྣམས་སུ་བད་ཀན་སྐྱ་བོ་བབས་ན། ཕོ་མཆིན་གར་ཡིན་ཆ་མེད་པར་ན། ཁ་ནས་ཆུ་འོང་། ཟས་མི་ཞིམ་པར་འཁྲུ་སྐྱུག་བྱེད། ཁོང་དུ་ལྷུང་ན་ཁོང་པ་སྦོ་ལ་འཁྲོག ཁོང་དབུགས་འབྱིན་ཞིང་ཕུལ་འདེབས། མཚེར་པ་ལ་བབས་ན། གཉིད་ཆེ་ལ་སྒྱིད་པ་སྐྱུར། དབུགས་རྒོད་ལ་དྲག་ཏུ་འཁྲུ། རྐེད་པ་ལ་བབས་ན་ཆུ་སྲི། དཔྱི་རྐེད་ན། དྲག་ཏུ་འཁྲུ། སྤྱིར་བད་ཀན་ལ་མ་ནུ་བཞི་ཐང་གཏང་། སྒའི་ཐང་གཏང་། རྒྱམ་ཚ་གསུམ་པའི་ཐང་གཏང་། གཞན་ཡང་རོ་ཚ་བའི་ཐང་ཐམས་ཅད་ཕན། ཐང་བསྐོལ་ཐང་དང་ཆུ་སྐོལ་ཕན་ནོ། །ནས་ཆང་ལ་བུ་རམ་བཏབ་ལ་གཏང་། ཁ་ཟས་དྲོད་ལ་བསྟེན། བཤལ་དང་སྐྱུག་བྱ། ཐམས་ཅད་ལ་གང་ལ་བབས་པའི་གསང་བསྲེག ཅོང་ཞིའི་སྦྱོར་བ་ཟབ་མོ་བསྟེན། འབྲས་བུ་གསུམ་དང་རྩ་བ་ལྔ་པའི་སྨན་དམར་ཀུན་ལ་ཤིས། མན་ངག་ལ་མདུན་གྱི་ལྷེན་སྣ་བསྲེག་གོ། བད་ཀན་གྱི་ལག་ལེན་དྲིལ་བ་དེ་ལས་མེད་དོ། །སྙིང་ནད་ཚ་བ་ལས་གྱུར་པ་ལ། ག་པུར་དང་བཟང་དྲུག་གཏང་། སྙིང་རྩ་གཏར། སྙིང་ལ་གྲང་རླུང་ཞུགས་པ་ལ། སྙིང་དཀར་ནག་གི་མཚམས་དང་། ཚིགས་པ་བདུན་པ་དང་ལྟག་པའི་བདུད་(མདུད་)ཁུང་བསྲེག་གོ། ཞོ་ཤ་གསུམ་གྱི་སྨན་མར་གཏང་། ཟས་ཤ་ཆང་དང་དྲོད་ལ་བསྟེན་ནོ། །གློ་བའི་ནད་ཚ་བ་ལས་གྱུར་པ་ལ། བ་ལེ་ཀ་དང་། ཏིག་ཏའི་ཐང་གཏང་། བཤལ་གཏང་། གོ་རྩ་གཏར། ཚ་བ་བྲིན་ས་བྱ་རོག་དམིགས་བསྲེག་གོ། གློ་སྐྱ་རྦབ་གྲང་བ་ཕྱོགས་གཅིག་ཡིན་ཏེ། ཉིན་མཚན་མེད་པ་ལུ། ལུད་པ་རྣག་གམ། རེས་འགའ་དམར་ཚིག་གེ་བ་འོང་། ཁ་གདོང་སྐྲངས། ཁ་རུལ་བྲོ། བྱ་རོག་མིག་གཉིས་བསྲེག སྟར་བུའི་སྨན་མར་གཏང་། ཤ་སར་དང་སིང་པོ་གཏང་། དེས་བདེ་ན་ཆང་དང་ཡིབ་ཤ་གཏང་། སྤྱིར་ལི་ག་དུར་དང་གླ་སྒང་གང་རུང་ཚ་གྲང་གི་བྱེ་བྲག་གིས་བུ་རམ་མམ་ཀ་ར་སྦྱར་ནས་གཏང་ན་ཅིས་ཀྱང་ཐུབ་པར་ཡིན་ཏེ་མཆོག་ཏུ་འགྱུར་རོ། །མཆིན་པའི་ནད་ཀྱི་གཞི་ནི། དུམ་ཞིག་སྨོས་ཀྱང་། གཞི་ནི་ཤ་ཆང་ལ་སོགས་པའི་ཁ་ཟས་བཅུད་ཅན་བཟའ་བ་དྲག་པ་དང་། ངལ་དུབ་དྲག་པ་དང་། འདུ་བ་ཆ་མ་སྙོམས་པ་ལས་འབྱུང་སྟེ། ལུས་སྐྲངས་པ་དང་། སྐྲ་དང་སྨིན་མ་ཟ། ལུས་སྐྱ་བམ་བམ་འོང་། ལྕེ་དང་རྙིལ་དཀར། ཅི་ཟོས་ཀྱང་མཆིན་པ་ན་ཆོང་ཆོང་བྱེད། གཡལ་མི་ཐོན། སྒུར་ན་སྐད་ངན་འོང་། སྐོམ་དད་ཆེ། ཅི་ཟོས་ཀྱང་མཆིན་པ་ལ་གནོད་དོ། །དེ་ལ་གི་ཝང་དང་གུར་གུམ་གྱི་ཐང་བཤལ་གཏང་། རུ་ཐུང་དང་མཆིན་མཁྲིས་ཀྱི་འདོན་རྩ་གཏར། མཆིན་པ་གླང་སྒུར་ཞེས་བྱ་བ་སྐྲངས་ཤིང་བྱད་ཟ་བ་དེ་གཏར་དུ་མི་རུང་། མཆིན་པའི་གསང་བསྲེག བྲག་ཞུན་གྱི་སྨན་མར་གཏང་ངོ་། །ནད་ཆོམས་ནས་ཚིགས་པ་དགུ་པ་བསྲེགས་པས་ནད་མི་སྐྱེའོ། །མཆིན་པ་ལ་སྐྲན་ཡོད་ན། ཡོད་པ་ངོས་ས་ལ་མི་ཕེབས། གློ་བྱུང་ན་རྩིབ་ལོགས་ན་ཐང་ཐང་བྱེད། ཁ་ཁའོ། །དེ་ལ་གར་ན་བའི་སར་མེ་བཙའ། ཨ་ན་ཚུགས་སུ་གདབ་བོ། །ཕོ་བའི་ནད་ཀྱི་གཞི་ནི། ངལ་དུབ་དང་། རླན་དང་མ་ཞུ་བ་ལས་འབྱུང་། གླང་ཐབས་དང་གཟེར་བ་ལ་ལོང་རྩ་གཏར། ཆུ་སྐོལ་གཏང་། གླང་ཐབས་ཕྱིས་ཡེ་མི་ལྡང་བ་འདོད་ན། ལྟེ་བ་ནས་ཕྱོགས་བཞིར་མཚོན་རེ་བཅལ་བར་མེ་བཙའ་གཏབ། དེས་ཐུབ་བོ། །ཕོ་བ་རྙོང་བུ་དང་རྒུད་པ་ཞེས་བྱ་སྟེ། གྲང་རླུང་ལས་གྱུར་པ་ལ། ཚ་བའི་རིལ་བུ་དང། ཤ་ཆང་དང་། རྩ་བ་ལྔའི་སྨན་མར་གཏང་། གོས་དྲོ་བར་བྱའོ། །མཁལ་མ་བཅོས་པ་སྒོས་བཅོས་ན་གསལ། ལོང་ནད་ནི་བད་ཀན་གྱིས་གྲང་བ་བསླང་བའི་རིགས། ཁོང་པ་ལྕི་ཞིང་འཁྲོག ཁོང་དབུགས་དང་བཤུས་འདེབས། དེ་ལ་བྱ་རིལ་བྲག་རིལ་ལ་སོགས་པའི་དུགས་བྱ། ལོང་གསང་བསྲེག བཤུལ་ཤ་གཏང་། རྩ་བ་ལྔའི་སྨན་མར་གཏང་ངོ་། །ལོང་ནད་ཚ་བ་ལ། བ་ལི་ཀ་དང་། ཨ་རུ་རའི་ཐང་གཏང་། མཆིན་པ་རློན་པ་གཏང་། ལོང་རྩ་གཏར། བསམ་སེའུ་ལ་ཡང་། ནད་ཚ་གྲང་གཉིས་ལས་གྲང་བ་ནི། ཆུ་སེར་དང་བད་ཀན་ལས་གྱུར་ཏེ། ཁོང་པ་སྦོ། སྒྲེགས་པ་འོང་ཞིང་ཟོས་པ་མི་འཇུ། དེ་ལ་སྣོད་དུ་རྡོ་བསྲོས་པའི་དུགས་བྱ། ལྟེ་བ་ནས་མར་མཚོན་གང་བཅལ་བར་ཁ་གསུམ་དུ་བསྲེག གར་པོ་གསར་པ་ལ་བུ་རམ་བཏབ་པ་གཏང་། སྨན་མར་གཏང་། གྲོ་དང་རི་དྭགས་ཀྱི་ཤ་སྤང་། གཏར་ག་མི་བྱའོ། །བསམ་སེའིུ་ཚ་བ་ནི། སྣོད་གཞིར་ཚ་བྲེང་བྲེང་བུས་ནས་སྟོབས་ཆུང་། དེ་ལ་དོང་བའི་བཤལ་གཏང་། ལུག་ཤ་གཏང་། དེ་ལ་གཏར་སྲེག་སྤོང་ངོ་། །མཆེར་ནད་ནི་རླུང་དང་གྲང་གཞི་ལས་འབྱུང་། ཁོང་པ་སྤོ། ཁ་ཤ་ལྷོད། གཡོན་གྱི་རྩེའུ་ཐུང་གི་བར་ན་མི་བཟོད། ་དེ་ལ་མཆེར་རྩ་གཏར། སྟེང་དུ་ཁ་གསུམ་དུ་བསྲེག་གོ། ལུམས་བྱའོ། །ཁོང་འཁྲོག་ཅིང་ཕྱིས་མི་ཐུབ་ན། དེ་ལ་ཡང་ཁ་གསུམ་དུ་བསྲེག་གོ། མེ་ཏོག་སྣ་ཚོགས་པ་དང་དྲོད་ཀྱི་ལུམས་བྱའོ། །མ་ཞུ་བ་ལ་དྭངས་མ་མ་ཞུ་བ་དང་། སྙིགས་མ་མ་ཞུ་བ་གཉིས་ལས། བཅོས་པ་མཐུན་ཏེ། ཆུ་སྐོལ་གཏང་། རྒྱམ་ཚ་གསུམ་པའི་ཐང་གཏང་། དྲོད་བཤལ་གཏང་། འོ་སྐོལ་དང་ཆང་སྐོལ་གཏང་། སྤྱིར་མ་ཞུ་བ་ཐམས་ཅད་ལ། ཕོ་བའི་གསང་བསྲེག འཁྲུ་བའི་གཞི་ནི། མ་ཞུ་བ་དང་། མཁྲིས་པ་བསྡོངས་ན་ཚ་འཁྲུ་ཡིན་ཏེ། ཐོ་རངས་ཀྱི་ཆུ་གྲང་བླུད། མ་ཞུ་བ་བད་ཀན་དང་བསྡོངས་ན་གྲང་འཁྲུ་ཡིན་ཏེ། དྲོད་འབའ་ཞིག་གིས་བཅོས། སྤྱིར་ཁྲག་དང་། དུད་ཁུ་ལྟ་བུ་དང་། ཤ་ཁུ་ལྟ་བུའི་འཁྲུ་བ་ཐམས་ཅད་མཆིན་པ་ནས་འབྱུང་བ་ཡིན་ནོ། །གྲུམ་བུ་ལ་བོ་(བོང་)བུ་དྲེའུ་ཐོང་གིས་ཁྲག་དྲོན་མོ་ཕུལ་གང་ལ་གླ་རྩི་དང་སྒ་བཏབ་ལ་གཏང་། དུགས་དང་ལུམས་བྱ། བཤུལ་ཤ་སྣ་ཚོགས་གཏང་། ཆང་སྤང་། གཏར་སྲེག་བྱ་མི་རུང་ངོ་། །ཁ་ཟས་ལ་ནད་ངོས་གཟུང་བ་ནི། ནང་ནུབ་ཟས་ཟོས་མ་ཐག་ན་ན། གང་ན་ཡང་བད་ཀན་ཡིན་ཏེ། བྱང་རྒྱབ་ཚ་ལ་སྟོང་སྒྲེགས་འོང་། སྐེ་དང་ཕོ་ཁ་གདེངས་ཤིང་ན། ཟས་མི་འཇུ། དེ་ལ་སྐྱུགས་གཏང་ངོ་། །ཟས་འཇུ་བའི་བར་ལ་ན་ན། མཁྲིས་པའི་ནད་ཡིན་ཏེ། ལུས་ལྕི། མགོ་བོ་འཁོར། མིག་རིབ། མུན་དུབ་དང་ཆུ་དུབ་ལྡང་། རོ་སྟོད་གཟེར་ཞིང་དབུགས་མི་བདེ། དེ་ལ་བཤལ་གཏང་ངོ་། །ཟོས་པའི་རྗེས་ལ་ན་བ་ནི། རླུང་གི་ནད་ཡིན་ཏེ། གློ་སྙིང་མི་བདེ། རྣ་བ་ཟུག་ཅིང་ན། གཉིད་མི་ཕེབས། ཁོང་ལྕི། ཁ་ནས་ཆུ་འཛག  ཁ་ཟས་ཟོས་ན་ཕན་པ་སྙམ་བྱེད། དྲོད་བཤལ་བྱ། ཆང་དང་བཅུད་གཏང་། རླུང་གསང་བསྲེག་གོ། མ་ཞུ་བ་ནི་ཟས་གང་མ་ཞུ་བ་དེ་རང་ཟོས་ན་ཁྱད་པར་དུ་ནའོ། །ཕྱེ་མ་ཞེས་བྱ་བ་སྨན་གང་དགོས་སོ་སོའི་ཚད་དང་ལྡན་པར་བྱས་ལ། བུངས་ཆེར་བར་བྱ། དེ་རྩི་བཞིན་དུ་བཏགས་ལ། ག་འུ་གཙང་མར་བླུག་ལ་གཏང་། ཁྲག་མཁྲིས་ཅན་ལ་ཆུ་གྲང་གིས་བསིལ་སྨན་དབུལ། བད་ཀན་ལ་ཆུ་སྐོལ་ལམ་ཆང་གིས་དབུལ། གློ་བ་ལ་ཤིང་མངར་གྱི་ཁུ་བས་དབུལ་བའོ། །ཁ་ཆུས་མི་བཤལ། ཁ་རས་ཀྱིས་ཕྱིའོ། །དེ་ནས་མལ་ཆས་བྱིབས། རྔུལ་བ་འམ་འདར་ཕྲིལ་གྱིས་བྱུང་ན་ཚུགས་པ་ཡིན་ནོ། །རིལ་བུ་ཞེས་བྱ་བ། སྨན་གང་སྤྱོད་ཡང་སྔ་མ་བཞིན་བཏགས་ལ་མགོ་སྡུད་དང་གཉིས་སྦྲུས་ལས་མུར་རོ། །ལྡེ་གུ་ཞེས་བྱ་བ། སྨན་གང་སྦྱོར་ཡང་སྔ་མ་བཞིན་བཏགས་ལ་ལྡེ་གུའི་གྲོགས་མར་ལ་སོགས་པ་དུས་ལ་ཚིག་པར་བྱས་ལ་འཁྱགས་སུ་ཆབ་ལ་སྦྱར་རོ། །ཁུ་བ་ཞེས་བྱ་བ་ནི། རུས་པ་དང་སྨན་བསྐོལ་བའི་ཐང་ཡིན་ནོ། །དེ་ཡང་སྨན་བུངས་ཆེ་ཆུང་གི་རན་པར་བྱས་ལ། ཆུ་དུམ་གཉིས་སུམ་ཆ་ལུས་ཙམ་དུ་བཙགས་ལ་གྲང་དྲོ་རན་པར་ལ་གཏང་། གྲང་ཐང་ནི་ཁྲག་ཁྲུམ་བརྡུངས་ལ་ཁུ་བ་ཐོན་པ་བགྲུངས་ཏེ་བཙགས་ལ་གཏང་ངོ་། །སྨན་མར་ཞེས་བྱ་བ་ནི། ཆུ་སྐྱོན་བཞིས་མ་གོས་པ། བ་ཚ་མེད་པ། མ་རུལ་པ། བསྐོལ་གྲང་དུ་མ་སོང་བ། ཁྲོན་པའི་ཆུ་མ་ཡིན་པ་ལ་སྦྱོར་པའི་སྨན་རྣམས་བཙོས་ལ། ཁུ་བ་ལན་གསུམ་གདོན། དེ་དང་འོ་མ་དང་། འབྲི་མར་རྣམས་བསྡུས་ལ། ཆུ་ཆོད་དྲགས་ན་སྨན་འཚིག། མ་ཆོད་ན་འཇུ་དཀའ་བས། རན་པའི་ཚད་ནི། ཐབ་ཏུ་གཏིགས་པས་སོབ་མི་ཟེར་བར་མེ་འབར། ཚིགས་མ་དྲིལ་དུ་བཏུབ་པ་དང་། འཛུབ་མོའི་ཚུགས་ན་ཆུ་ཆོད་པ་ཡིན་ནོ། །སྦྱོར་བ་དེ་ནི་འོ་མས་སྣ་རིང་བར་བྱེད། ཆུས་ཁོང་ཚོས་པར་བྱེད། མར་གྱིས་བཅུད་ལེན་པར་བྱེད། མངར་གྱིས་སྙོམ་པར་བྱེད། དཀྲུགས་པས་འཇུ་སླ་བར་བྱེད་དོ། །འཁྱགས་སུ་ཉེ་ཙམ་ན་ཁ་ཚར་རྣམས་བཏབ་ལ་ཆོད་པར་དཀྲུགས། དེ་ནས་ལུག་ཐང་ཚེར་གྱི་སེར་བ་རུས་ཙམ་རེ་གཏང་། རྗེས་ལ་ཆུ་མི་བཏུང་། གྲང་དུ་མི་གཞུག སྤྱོ་ལམ་གནོད་པ་གཞན་ཡང་བསྲུང་ངོ་། །དེས་གྲང་རླུང་ལས་གྱུར་པའི་ནད་དང་། ཁྱད་པར་དུ་མིག་ནད་སེལ་ལོ། །བཤལ་དང་། སྐྱུག་དང་། འཇམ་རྩི་དང་།  ནི་རུ་ཧ་དང་། སྣ་བཤལ་རྣམས་ནི། ལས་ལྔ་ཞེས་བྱ་བ་ཡིན་ནོ། །དཔྱད་ལྡན་ཞེས་བྱ་བ། རླུང་ལ་ཡོས་དུགས་ཅན། འབའ་ཆ། རུས་པ་སྣུམ་རྣམས་དཀྲིས་ལ། ཉིན་མོ་དུགས་བྱས་ལ། མཚན་མོ་དགྲོལ། མཚན་མོ་བྱས་ན་ཉིན་མོ་དགྲོལ་ལོ། །ཚད་པ་གསར་པ་དང་། གམ་འཁྲུགས་གསར་པ་ཐམས་ཅད་ལ། ཆུ་ཡི་ནང་དུ་ཞུགས་པ་དང་། གྲང་དུག་ཕན་ནོ། །ཚ་བ་གླང་ཐབས་ལ། ཆབ་བུམ་དང། གྲོད་པ་ཆུས་བཀང་བའི་དུགས་བྱ། གྲང་བའི་ནད་ལ་ཚ་ལྟོ་དང་། བསྐུ་མཉེ་དང། སོ་ཕག་གི་དུགས་བྱའོ། །ལུམས་ཞེས་བྱ་བ་སྨན་གྱི་ནུས་པ་བ་སྤུར་སོང་བས། ནང་གི་ནད་ཐམས་ཅད་འཇོམས་པ་ཡིན་ཏེ། རློན་ཞིང་ཁུ་བ་ཡོད་པ་ཞིག་དགོས་སོ། །ལུམས་ཟིན་ནས་དལ་བུས་མཉེའོ། །ལུམས་ལེགས་ན་ཁོང་དྲོ། །ལུས་འཇམ། ན་ཚ་མེད་པར་འགྱུར་རོ། །མེ་བཙའ་ནི་མེའི་དྲོད་ཀྱིས་ཁྲག་དང་རླུང་དྲོས་པས་ཞི་བ་ཡིན་ནོ། །གཏར་ག་ནི་ནད་སྒོ་རུ་འབྱིན་པའོ། །གྲང་པ་ལ་གཏར་ན་མཆིན་ཁྲག་ཕོ་བར་ལྷུང་ནས་གྲང་བ་ལ་བྱ་སྟེ་དེའི་རྟགས་ནི། ཕོ་བ་གཟེར་གྱིས་གང་བ་དང་། བསྡམས་ཏེ་ན། སྐོམ་དད་ཆེ། དགྱེ་དགུ་མི་ཤེས། ཕོ་བ་གྲིམས་ལ་ཚ་ལམ་ལམ་བྱེད། ལྡང་དུབ་འོང་། སྐེ་བཀུག་ནས་གསུས་པ་ལ་བལྟ་མི་ཤེས། ཟས་ཡི་གར་མི་འོང་། ཡང་ཁྲག་ལམ་ཆད་པའི་ཚ་བ་ནི། གཏར་བ་དྲགས་པས་ཚ་བ་མ་ཞི་བར་ཁྲག་ཟད་དེ། ཙ་ནང་གི་རྒྱུ་བ་ཆད་པར་ཡིན་ནོ། །དེའི་རྟགས་ནི། ལུས་མདངས་ཉམས། གང་ན་ཆ་མེད་པར་ལུས་ཐམས་ཅད་ཁྱབ་པར་ན། དབུགས་རྒོད་དོ། །དེ་རྩ་རྦུབས་(སྦུབས་)སྟོང་པ་ཞེས་བྱ་བའི་ནད་ཡིན་ཏེ། གཏར་མི་རུང་། ཟས་ཡང་ལ་བཅུད་ཡོད་པ་དང་། སྨན་བསིལ་སྨན་གཏང་། གྲང་ཡང་མི་བསྲེག་པ་ནི། ནད་གྲང་བ་ཡིན་ཡང་གཉིད་ཆེ་ལ་ཁོང་ལྕི། དྲན་པ་མི་གསལ། ཕོ་བ་ལྟེམ། མཆིན་དྲི་ཁ་སྐོར་དང་། རོ་སྟོད་གཟེར། མགོ་བོ་ན་ལ་གདོང་པ་སྣུམ་པ་ལ་བསྲེག་ཏུ་མི་འདོད་དོ། །བཟང་ཁྲག་དབྱུང་བ་ནི། ངལ་དུབ་དང་དྲག་ཤུལ་བྱས་ནས། ཆང་ངམ་ཆུ་འཐུངས་པས། གློ་བའི་རྩ་སྦུབས་སུ་སོང་བས་ན། གློ་ཆུ་ཤོར་ཞེས་བྱའོ། །དེའི་རྟགས་སུ་གློ་ལུ། རྡུལ་ཁ་སྙི། གློ་སྙིང་མི་བདེ་ལ་དབུགས་རྒོད། དེ་ལ་བཟང་དྲུག་དང་། བ་ལེ་ཀ་དང་། ཙན་དན་དཀར་དམར་དང་། སེ་འབྲུ་དང་། ཤིང་མངར་རྣམས་ཀ་ར་ལ་སྦྱར་ལ་གཏང། རྩེའུ་ཆུང་གཉིས་གཏར་རོ། །མཆིན་པ་ཆུ་ཤོར་ནི། ས་རློན་ནམ། གྲང་སར་ཉལ་བས། མཆིན་པ་ཞུ་འཁྱགས་སུ་སོང་བས། ལུས་ལྕི། ལྡང་དུབ་ཏུ་ན། ཕོ་སྟོད་ལྕི། སྐབས་སུ་འཁྲུའོ། །དེ་ལ་རུ་ཐུང་གཏར། མཆིན་པའི་ཁྲག་བཤལ་གཏང་ངོ་། །མཆེར་པ་ཆུ་ཤོར་ནི། ཁོང་པ་སྦོ་ཞིང་འཁྲོག  སྟོད་སྒྲེགས་འོད(འོང་)། དེ་ལ་རྒྱ་ཚ་དང་། ཚལ་མར་ལ་བརྫིས་པ་གཏང་། བཤལ་བྱ། ཕོ་མཆེར་གྱི་གསང་བསྲེག་གོ། མཁལ་མ་ཆུ་ཤོར་ནི། མཁལ་མའི་དྲོད་འཆོར་མཁལ་རྐེད་མན་ཆད་སྦྲིད་ཅིང་ན། དེ་ལ་ལོང་རྩ་དང་བྱིན་གཞུག་གཏར། རྐང་མཐིལ་རྡོ་ཚན་གྱི་དུགས་བྱ། འབྲས་བུ་གསུམ་གྱི་སྨན་གཏང་། མཁལ་མའི་གསང་བསྲེག  དེ་རྣམས་སྨིན་དུ་གཞུག་མི་དགོས་ཏེ། མྱུར་དུ་གཏར་བས་ཆོག་གོ། ཆུ་ལ་བརྟགས་པ་ནི། མི་རྒན་པོའི་ཆུ་ནི་ལྦུ་བ་དཀར་པོ་འོང་། དར་བའི་ཆུ་ནི་སེར་ལ་དངས་པར་འོང་། བྱིས་པའི་ཆུ་ནི་སྔོ་སྐྱ་དང་པར་འོང་། ནད་ཚ་བ་ཡིན་ཡང་ཇ་དང་། དར་བ་དང་། སིང་པོ་མང་པོ་འཐུངས་ན་སྐྱ་བོར་འོང་། ནད་གྲང་བ་ཡིན་ཡང་ངལ་དུབ་དྲག་པོ་དང་། མེ་དང་ཉི་མས་བསྲོས་པ་དང་། སྐོམ་པས་ཡུན་རིང་དུ་མ་འཐུང་ན་དམར་སེར་དུ་འོང་། ལྟ་བའི་ཐབས་ནི། སྣོད་མི་གཙང་བར་མི་བལྟ། སྐོམ་བག་མེད་འཐུང་ན་མི་བལྟ། རླངས་པ་ཡལ་ནས་མི་བལྟ། ནད་ཀྱི་བྱེ་བྲག་གི་དམིགས་གསལ་བསྟན་པ་ནི། རླུང་ནད་ཀྱི་ཆུ་དཀར་བ་དང་། ཀུ་ཡ་དམར་སྐྱ་བ་དང་། དྲང་ཞིང་རླངས་པ་ཆེ་བ་དང་། འོང་བ་མི་ཚོར་བ་དང་། ཟས་ངན་པ་ཟོས་པ་དང་། གྲང་ན་ཆུ་ཁ་སྙི་བའོ། །ཚད་པའི་ཆུ་ནི་སེར་བ་དང་། དམར་བ་དང་། དུང་ཀ་དང་། སྔོ་ལྗང་དང་། རེག་ན་ཚ་བ་དང་། ཀུ་ཡ་ཆེ་བ་དང་། ཚིགས་མ་གནག་པའམ། ཁམ་པར་འོང་བའོ། །སྣག་ཚ་འམ་དུད་ཁུ་འདྲ་བ་བྱུང་ན། ཚ་བ་རུལ་བ་ཡིན་པས་འཆིའོ། །གྲང་བའི་ཆུ་ནི། རླུང་དང་འདྲ་བ་ལས། རླངས་པ་ཆུང་ལ་རེག་ན་མི་ཚ་བའོ། །ཁ་དོག་ཇི་ལྟར་བྱུང་ཡང་། ཟ་ཁུར་འཛག་ན་མཁལ་མ་ལ་རྡེའུ་ཡོད་དོ། །རྒྱས་པར་གཞན་དུ་བལྟའོ། །ད་ནི་ཟས་བཅོས་བསྟན་པར་བྱ་སྟེ། མཁྲིས་པ་ལ་བཤུལ་ཤ་མཐའ་དག་དང་། སྒོག་པའི་རིགས་ཐམས་ཅད། ཟ་དང་སྣེའུ་ལ་སོགས་པ་སྔོ་ངད་ཐམས་ཅད་དང་། ཤ་རྙིང་མར་རྙིང་ཐམས་ཅད་སྤང་བར་བྱའོ། །སྐམ་ཤ་དང་། ཤ་བ་དང་། གཉེན་ཤ་དང་། ཁུར་ཚོས་དང་། གཡེར་མ་དང་། གོ་སྙོད། བ་རའི་མར་གསར་པ་རྣམས་བསྟེན་ནོ། །བད་ཀན་སྨུག་པོ་ལ། བཤུལ་ཤ་མཐའ་དག་སྤང་། རྒོད་གཡག་གི་ཤ་མཆོག་ཏུ་བསྔགས། རྔ་བྲན་ཤ་ཡང་མི་སྟོ། སྲན་མའི་ཚོད་མས་ཕན། རི་དྭགས་ཀྱི་ཤ་ཐམས་ཅད་མི་སྟོ། ལོ་སྐྱུར་དང་། ཡོས་དང་། ཡོས་ཆང་སྤང་ངོ་།  །བད་ཀན་སྐྱ་བོ་ལ། སྣུམ་ཁུར་དང་། གྲོ་ཆང་དང་གྲོ་ཡོས། བསིལ་ཤ  ར་ཤ  རུལ་སུམ། སྲན་མ། གཡེར་མ། གོ་སྙོད། སྐྱུར་པོ། ལོ་སྐྱུར། ཤ་རུལ་ཤ་མར་རྙིང་སྤང་ངོ་། །བསྟེན་པ་ལ་རྒོད་གཡག་གི་ཤ  དྲོད་ཤ  ནས་ཆང་། གཙོང་རྒོག་(བཙོང་སྒོག་)ཀྱང་མི་སྟོའོ། །རླུང་ལ་དྲོད་ཤ་དང་། བུ་རམ་དང་། ཆང་དང་། སྒོག་པ་དང་། ལྒ་དང་། ཤིང་ཀུན་དང་། བཤུལ་ཤ་དང་། སྣུམ་ལ་ལྕི་བ་རྣམས་བསྟེན་ནོ། །བསྐུ་མཉེ་བྱའོ། །སྤང་བ་ནི་བསིལ་ཤ་ཐམས་ཅད་དང་། གཡེར་མ། གོ་སྙོད་དང་། སྲོད་ཐོ་རངས་ཀྱི་འགྲོ་འདུག་དང་། ར་ཤ་དང་། ཡུངས་ཐུག་དང་། ལུས་པོ་གྲང་བ་རྣམ་སྤང་ངོ་། །སྙོམས་པའི་ཟས་བཅོས་ནི། གླ་བ། དགོ་བ། རྣ་བའི་ཤ་རྣམས་སྙོམས་པ་ཡིན་ནོ། །བྱང་ཁོག་སྟོད་དུ་མཚོན་ཕོག་པ་ལ། བསིལ་ཤ་དང་། བསིལ་བའི་ཟས་མཐའ་དག་བསྟེན། དྲོད་ཀྱི་ཤ་དང་། ཟས་མཐའ་དག་སྤང་ངོ་། །གློ་ནད་ཅན་ལ་རྔ་བྲན་གྱི་ཤ་དང་། གཡུང་དང་། གྲོ་ཆང་མཆོག་ཏུ་བསྔགས་སོ། །ནས་ཆང་གསར་འཇམ་མི་སྟོ། ཤིང་ཀུན་དང་། གཡེར་མ་དང་། དྲོད་ཤ་དང་། བཤུལ་ཤ་མཐའ་དག་སྤང་། ཆང་། ལྒ། ཚ་སྐྱུར་དང་། ཤ་རུལ་དང་། ཕྱག་སུངས་དང་དྲག་ཤུགས་མཐའ་དག་སྤང་། དུད་པ་ལ་མི་སྡོད། འགྲམས་གྱི་བླ་ལ་གཏར་ག་བསྔགས། སྐམ་གློ་ཐངས་པོ་ལ་གཏར་ག་བསྔགས་སོ། །དམུ་ཆུས་ཟས་བཅོས་ལ། ཚ་ཆུ་གྲང་ཆུ་གཉིས་ལས། ཆུ་མདོག་དམར་པོ་འོང་ན། ཚ་ཆུ་ཡིན་པས་བསིལ་གྱི་ཤ་དང་། ཟས་བསིལ་བ་བསྟེན། གྲང་ཆུ་ལ་མར་གསར་པ་དང་། རྒོད་ཤ་ལ་སོགས་པ་དྲོད་ཤ་དང་། དྲོད་ཀྱི་ཁ་ཟས་བསྟེན། བསིལ་ཤ་དང་བསིལ་ཟས་མཐའ་དག་སྤང་། སྲིན་ནད་ལ་ར་ཤ་དང་། སྐམ་ཤ་སྤེལ་ལ་གཏང་ངོ་། །འབྲས་གསོ་བ་ལ་འབྲས་ཀྱི་འབྱུང་ས་ངན་པ་ནི། བྱིན་དཀྱིལ་དང་། མཇིང་པ་གཡས་གཡོན་དང་། ཆུ་བ་མང་ས་དང་། སྣའི་ཀྲུང་ཀྲུང་ལ་བྱུང་ན་གསོ་དཀའོ། །སོག་པ་དཀར་པོ་ལ་བྱུང་ན་གསོ་རུ་མི་བཏུབ་པོ། །བྱུང་ས་བཟང་བ་ནི། འགྲམ་རུས། བྲང་རུས། རྩིབ་མའི་མགོ་རྣམས་སོ། །དེ་ལ་བ་བླ་དང་། ལྡོང་རོས། མུ་ཟི། མཚལ། གུ་གུལ་ནག་པོ་རྣམས་བྱིས་པའི་ཆུས་སྦྱངས་ལ་བྱུག སྟེང་དུ་ཤོག་སྦྱིན་གླན། ཞག་གཉིས་ནས་བལྟས་པས་སྔར་ལྟར་མ་འགྱུར་བར་འདུག་ན་འབྲས་ཡིན། འགྱུར་ན་སྐྲང་འབུར་གཞན་ཡིན་ནོ། །ཁམས་རུས་ལེན་ལ། གསེར། མུ་ཟི། གཡེར་མ། སྦྲང་རྒོད་བྱིས་པའི་ཆུས་སྦྲུས་ལ། པར་བུའི་ནང་དུ་བླུགས་ལ་ཁ་ཤོག་བུས་བཅད། འདག་པ་ལ་མེ་གཏང་། དེའི་སྟེང་དུ་སོར་བཞིས་དགབ། དེའི་སྟེང་དུ་ལྕི་མེ་སུམ་ཡར་དུ་གཏང་། དེ་ནས་སྨན་དེ་བཀྲུས་པས། རུས་པའི་སྐྱོན་འགོག་གོ།

གསོ་བྱེད་བདུད་རྩིའི་ཐིགས་པ་ལས། འདུ་བ་སྤྱིའི་རྣམ་གཞག སྒྲོན་མ་གསལ་བ་ཞེས་བྱ་བའི་ལེའུ་རྫོགས་སོ། །འདུ་བ་ལ་བརྒྱ་སྨོས་སྟོང་སྨོས་ཀྱང་། དྲིལ་ནས་ལག་ཏུ་ལེན་པ་ལ་དེ་ལས་མེད་པ་ཡིན་གསུང་ངོ་། མན་ངག་འདྲིལ་མ་ཤེས་ན།  བྱ་སྤུ་རླུང་གིས་གཏོར་བ་དང་འདྲའོ། །བླ་མ་རྗེ་བཙུན་པའི་གདམས་པའོ། །སམཱཔྟམིཐི།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 3:28 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།