སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་དགུ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 17.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>


ལེའུ་དགུ་པ། བཤལ་གྱི་གདམས་ངག་རིན་པོ་ཆེའི་ཆུ་རྒྱུན།

ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །བཤལ་གྱི་གདམས་པ་རིན་པོ་ཆེའི་ཆུ་རྒྱུན་ཞེས་བྱ་བ་འདི་ལ་དོན་གསུམ་སྟེ། སྦྱོར་བ་དང་། དངོས་གཞི་དང་། རྗེས་གསུམ་མོ། །སྦྱོར་བ་ནི། དང་པོ་བསོད་ནམས་ཀྱི་ཚོགས་བསགས། ལུས་དལ་བ་དང་། མི་འཁྱགས་པ་དང་། གཉིད་བདེ་བར་ལོག་པ་དང་། དུགས་བྱ་བ་དང་། རུས་པ་དང་། བཤལ་ལ་བསྐུ་མཉེ་བྱ་བ། ནད་ལ་མི་གནོད་ཙམ་དུ་ལྟོ་ཆས་བྱ། བསྙུང་བར་འདུག་གོ། ནང་པར་གཏང་བའི་ནུབ་མོ། སྣུམ་བག་ཟོས་ན་སྣུམ་འདྲེད་དུ་འགྲོའོ། །སྔོན་འགྲོ་མ་བྱས་པར་བཤལ་བཏང་བ་ནི། དཔེར་ན་ཤིང་སྐམ་པོ་འགུགས་པ་དང་འདྲའོ། །དངོས་གཞི་ནི། དགེ་བའི་བཤེས་གཉེན་གདན་ལ་བཞུགས་པའི་སྦྱོང་ཞེས་བྱ་སྟེ། བཅོས་ཀ་གཞན་གྱིས་མ་ཕན་པ་དང་། ཁོང་པ་ལྡེམ་པ་དང་། རྐང་ལག་སྦྲིད་པ་དང་། རྩེ་ཆུང་རེངས་ཤིང་གཟེར་བ་ལ་ཕན་ནོ། །དན་ད་བཞི། ལྕུམ་རྩ་མཐེ་བོང་ཙམ་གཅིག དུར་བྱིད་མཐེ་བོང་ཙམ་གཅིག ཟངས་རྩི་བ་བྱེ་སྒོང་གང་། རྒྱ་ཚ་རིལ་མ་ཙམ་གཅིག་ཞིབ་པར་བཏགས་ལ་བུ་རམ་དང་སྦྱར་ལ་བཏང་ངོ་། །མི་རྒོད་ཀྱི་རྒྱུན་སྦྱོང་ཞེས་བྱ་སྟེ། སྲིན་ནད་དང་། མ་ཞུ་བ་དང་། ཕོ་བའི་ལྕགས་དྲེག་དང་། ཟས་ཟོས་མངལ་དུ་ཞུགས་པ་དང་། ན་བ་ལ་ཕན་ནོ། །ཤུ་དག་རིལ་མ་ཙམ་གཅིག  དུར་བྱིད་མཐེ་བོང་ཙམ་གཅིག ཟངས་རྩི་བ་བྱེ་སྒོང་གང་། པི་པི་ལིང་གསུམ། སེ་རྒོད་ཀྱི་བར་ཤུན་བྱེ་སྒོང་གང་། རྒྱ་ཚྭ་རིལ་མ་ཙམ་གཅིག བུར་ཆུ་ལ་བཏབ་ལ་བཏང་ངོ་། །མགྲོན་པོ་ལམ་དུ་ཞུགས་པའི་སྦྱོང་ཞེས་བྱ་སྟེ། གཟེར་ནད་དང་། མཚེར་བའི་ནད་དང་། ལྕི་ཞིང་བྲང་ཚ་བ་དང་། ཚིགས་པ་ཁོལ་ཞིང་ན་བ་ཐམས་ཅད་ལ་ཕན་ནོ། །དབྱི་མོང་ཞོ་ཕྱེད། ཤི་རི་(ཤྲི་)ཁཎྜ་རྡོག་པོ་གཅིག ཁྲོན་བུ་མཐེ་བོང་ཙམ་གཅིག གུར་གུམ་ཐུན་གཅིག གུ་གུལ་དཀར་པོ་བྱེ་སྒོང་གང་། ཚ་བ་གསུམ་ཐུན་རེ་རེ། དེ་རྣམས་ཆང་ངམ་ཆུ་སྐོལ་ལ་སྦྱར་ལ་གཏང་ངོ་། །རྒྱལ་པོ་ཆིབས་གོང་གི་བཤལ་ཞེས་བྱ་སྟེ། མགོ་ན་བ་དང་། ཕོ་བ་ན་བ་དང་། བད་ཀན་གློ་མིག་ཏུ་ཤོར་བ་དང་། ཆུ་སེར་པགས་པའི་ནད་དང་། ལོང་གི་ནད་ཐམས་ཅད་ལ་ཕན་ནོ། །རྒྱ་ཚྭ་རིལ་མ་ཙམ་གཅིག ལི་ག་དུར་ཐུན་གཅིག ཨ་རུ་ར་མཆུ་སྙུང་གཅིག སྔོན་བུ་བྱེ་སྒོང་གང་། བ་སྤྲུ་མཐེ་བོང་ཙམ་གཅིག ལྕམ་པའི་འབྲས་བུ་ཐུན་གཅིག དེ་རྣམས་ཞིབ་པར་བཏགས་ལ་ཆུ་སྐོལ་ལ་གཏང་ངོ་། །རྨ་རྙིང་གི་རེད་བཤལ་ཞེས་བྱ་སྟེ། རྨ་རྙིང་། མཆིན་ནང་བཤུལ་བ་ལ་ཞེན་པ་དང་། དུག་ནད་རྙིང་པས་འབྱོང་དུ་མི་བཏུབ་པ་དང་། རྐང་ལག་ལྷུ་ཚིགས་ན་བ་ཐམས་ཅད་ལ་ཕན་ནོ། །སྟག་ཤ་བ་བྱེ་སྒོང་གང་། ཅུ་གང་ཐུན་གཅིག རྒྱ་ཚྭ་ཞོ་གང་། གུ་གུལ་དཀར་པོ་ཐུན་གཅིག ཤི་རི་(ཤྲི་)ཁཎྜ་ཐུན་གཅིག སུག་སྨེལ་ཐུན་གཅིག དེ་རྣམས་བུ་རམ་དང་སྦྱར་ལ་གཏང་། བྱིས་པའི་འཇམ་བཤལ་ཞེས་བྱ་སྟེ། བུ་ཆུང་གི་ནད་འབྱོང་དུ་མ་བཏབ་པ་དང་། མཆིན་པ་སྙོང་བུ་དང་། བུ་ཆུང་གི་ནད་སྐྱེ་རུ་མ་འདོད་པ་དང་། རེས་ན་རེས་དྲག་བྱེད་པ་ལ། འདི་ནི་མན་ངག་ཁྱད་པར་ཅན་མཆོག་ཏུ་གྱུར་པ་ཡིན་ནོ། །ཁ་རུ་ཚྭ་རིལ་མ་ཙམ་གཅིག དང་ག་འཕང་ལོ་ཙམ་གཅིག སྟར་བུ་ཞོ་གང་། སྒ་ཞོ་གཅིག བྲག་ཞུན་ཐུན་གཅིག སྒྲོན་ཤིང་རིལ་མ་ཙམ་གཅིག ཞིབ་པར་བཏགས་ལ་མར་དཀར་ལ་ལྡེ་གུ་བྱས་ལ་གཏང་ངོ་། །དྲག་པོ་འདུས་པའི་སྦྱོང་ཞེས་བྱ་སྟེ། ནད་གཞི་ཆེ་བ་དང་། སྨན་གཞན་གྱིས་འབྱོང་དུ་མ་བཏུབ་པ་དང་། རླུང་མཁྲིས་བད་ཀན་འཁྲུགས་པ་དང་། མཆིན་ནད་གྲུམ་བུ་དང་། སྐྲན་ནད་དང་། མཛེ་དང་། ཆུ་སེར་གྱི་ནད་ཐམས་ཅད་ལ་ཕན་ནོ། །བསེར་བུ་བག་ཙམ་ཡང་མི་རུང་ངོ་། །དན་ད་བཞི། དུར་བྱིད་མཐེ་བོང་ཙམ་གཅིག ཁྲོན་བུ་མཐེ་བོང་ཙམ། སྔོན་བུ་བྱེ་སྒོང་གང་། ཤི་རི་ཁཎྜ་རིལ་མ་ཙམ་གཅིག དོང་ག་འཕང་ལོ་ཙམ་ཞིབ་པར་བཏགས་ལ་བུ་རམ་དང་སྦྱར་ནས་གཏང་ན་ནད་གཞི་ཐམས་ཅད་ལ་ཕན་ནོ། །བཙུན་མོ་པང་ན་བུ་ཐོགས་ཀྱི་བཤལ་ཞེས་བྱ་སྟེ། ཕོ་བ་ན་བ་དང་། རྒྱུ་ལོང་གི་ནད་ཐམས་ཅད་དང་། བུད་མེད་ཀྱི་ཚ་བའི་ནད་ཐམས་ཅད་དང་། བུ་སྣོད་གྲང་ནས་བུ་མི་ཆགས་པ་དང་། སྨད་དུ་ནད་ཞུགས་པ་ཐམས་ཅད་ལ་ཕན་ནོ། །ཁ་རུ་ཚྭ་རིལ་མ་ཙམ་གཅིག ཅུ་གང་ཐུན་གཅིག ཨ་རུ་ར་མཆུ་སྙུང་གཅིག གུ་(གུར་)གུམ་ཐུན་གཅིག སེ་རྒོད་བར་ཤུན་བྱེ་སྒོང་གང་། དེ་རྣམས་ཆུ་ཕུལ་གང་ཙམ་ལ་གདུས་ལ། ནང་པར་ལྟོ་སྟོང་ལ་གཏང་ངོ་། །དེས་མོ་ནད་ཐམས་ཅད་ལ་ཕན་ནོ། །རྐང་རྗེན་དང་། བསེར་བུ་མི་རུང་ངོ་། །སྐྲན་གྱི་གཅོད་བཤལ་ཞེས་བྱ་སྟེ། སྐྲན་གསར་པ་དང་། ཕོ་བ་ལྕགས་དྲེག་དང་། མ་ཞུ་བ་དང་། དམུ་ཆུ་དང་། བད་ཀན་དང་། རིམས་ཐམས་ཅད་དང་། སྦྱོང་གཞན་གྱིས་མ་ཕན་པ་དང་། འཁྲུགས་རྙིང་པ་ལ་ཕན་ནོ། དན་ད་བཞི། ཤུ་དག་རིལ་མ་ཙམ་གཅིག དབྱི་མོང་ཞོ་ཕྱེད། རྒྱ་ཚྭ་རིལ་མ་ཙམ་གཅིག སྟག་ཤ་བ་བྱེ་སྒོང་གང་། ཁ་རུ་ཚྭ་རིལ་མ་ཙམ་གཅིག ཞིབ་པར་བཏགས་ལ་བུ་རམ་དང་སྦྱར་ལ་བཏང་། རྐད་རྗེན་བག་ཙམ་ཡང་མི་རུང་ངོ་། །གློའི་འཕྲུལ་བཤལ་ཞེས་བྱ་སྟེ། གློ་བ་ལ་ཁྲག་དང་རྣག་འོང་བ་དང་། རོ་སྟོད་ཚ་བ་རྒྱས་པ་དང་། གློ་མཆིན་དང་། མཁྲིས་པའི་ནད་འབྱོང་དུ་མ་བཏུབ་པ་དང་། ཚ་བའི་ནད་ཐམས་ཅད་ལ་ཕན་ནོ། །ལྕུམ་རྩ་མཐེ་བོང་ཙམ་གཅིག དུར་བྱིད་མཐེ་བོང་ཙམ་གཅིག ཤི་རི་ཁཎྜ་རྡོག་པོ་གཅིག ལི་ག་དུར་ཐུན་གཅིག ཅུ་གང་ཐུན་གཅིག སྟར་བུ་ཐུན་གཅིག ཀ་ར་འམ། སྦྲང་རྩི་དར་སྦྱང་ལ་གཏང་། ཉི་མ་ལ་སྡོད་དུ་འདོད་དོ། །ཕོ་བ་དྲོད་བཤལ་ཞེས་བྱ་སྟེ། ཕོ་བ་ན་བ་དང་། མ་ཞུ་བ་དང་། སྐྲན་དང་། ལུས་ཀྱི་ཤ་ཆུང་དུ་སོང་བ་དང་། བད་ཀན་རྒྱས་པ་དང་། མཁལ་རྐེད་ཀྱི་ནད་ལ་ཕན་ནོ། །ཡ་བཀྵ་ར་ཐུན་གཅིག ཟངས་རྩི་བ་བྱེ་སྒོང་གང་། ཁོན་(ཁྲོན་)བུ་མཐེ་བོང་ཙམ་གཅིག ཨ་རུ་ར་མཆུ་སྙུང་གཅིག རྒྱ་ཚ་ཞོ་གཅིག སྒ་ཞོ་གཅིག་ཞིབ་པར་བརྡུངས་ལ་ཆུ་སྐོལ་གྱིས་ཕུལ་ལ་གཏང་ངོ་། །དེ་ལ་སེ་རུ་དང་། རྐང་རྗེན་བག་ཙམ་ཡང་མི་རུང་ངོ་། །མཆིན་པའི་ཁྲག་བཤལ་ཞེས་བྱ་སྟེ། མཆིན་པའི་ནད་དང་། ཁྲག་ནད་རྙིང་པ་དང་། ཚ་བ་འོར་དུ་ལྷུང་བ་དང་། མིག་ཚགས་པ་དང་། མིག་ལ་བད་ཀན་དང་། ཁྲག་རྒྱས་པ་དང་། རྐང་ལག་གི་ཚིགས་ན་བ་ལ་ཕན་ནོ། །མཚལ་ཞོ་གཅིག པི་པི་ལིང་གསུམ། སྔོན་བུ་བྱེ་སྒོང་གང་། གུར་གུམ། བྲག་ཞུན། གུ་གུལ་དཀར་པོ་གསུམ་ཐུན་རེ་རེ། བ་ཤ་ཀ་ཐུན་གཅིག་གི་ཐང་ལ་བསྐྱོན་ལ་གཏང་ངོ་། །ཆུ་སེར་གྱི་འདྲེན་བཤལ་ཞེས་བྱ་སྟེ། ཆུ་སེར་དང་ཆུ་ཤོར་གྱི་ནད་ཐམས་ཅད་དང་། མ་ཞུ་བའི་ནད་ཐམས་ཅད་དང་། ཁ་གདོང་དང་། རྐང་ལག་སྐྲངས་པ་དང་། ལུས་པོ་རེངས་པ་དང་། ཕོ་བ་སྐྲངས་པ་ཐམས་ཅད་ལ་ཕན་ནོ། །རྒྱ་ཚ་རིལ་མ་ཙམ་གཅིག སེ་རྒོད་ཀྱི་བར་ཤུན་བྱེ་སྒོང་གང་། གུ་གུལ་དཀར་པོ་བྱེ་སྒོང་གང་། བ་སྤྲུ་བ་མཐེ་བོང་ཙམ་གཅིག ཤི་རི་ཁཎྜ་རིལ་མ་ཙམ་གཅིག་ཞིབ་པར་བཏགས་ལ་བུ་རམ་དང་སྦྱར་ལ་གཏང་ངོ་། །མཁལ་མའི་དྲོད་བཤལ་ཞེས་བྱ་སྟེ། རྩ་འཁྲུགས་ཀྱིས་རྐང་པ་མི་བཟོད་པར་ན་བ་དང་། དྲི་མ་སྡོམ་ཞིང་རྒྱུ་སྨད་རྣམས་གྲིམས་ཤིང་ཆུ་སྲི་བ་ལ་ཕན་ནོ། །ཨ་རུ་ར་མཆུ་སྙུང་གཅིག རྒྱ་ཚ་རིལ་མ་ཙམ་གཅིག ཚ་བ་གསུམ་ཐུན་རེ་རེ་། ལྕམ་པའི་འབྲས་བུ་སུག་སྨེལ་གཉིས་ཐུན་རེ། དོང་ག་འཕངས་ལོ་ཙམ་གཅིག་ཞིབ་པར་བཏགས་ལ་ཆང་ངམ། ཚུ་བསྐོལ་བའམ། བུ་རམ་ལ་སྦྱར་ལ་རིལ་བུ་བྱས་ལ་གཏང་ངོ་། ཤེས་ཆེ་བ་རྣམས་ལ། སྨན་རྣམས་ཐུན་ཆེ་བ་གཏང་། ཤེད་འབྲིང་པོ་ལ། ཐང་བཤལ་ལ་སོགས་དཔྱད་ལ་གཏང་ངོ་། །ཤེད་ཆུང་བ་རྣམས་ལ་བཤལ་སྨན་མང་དུ་སྦྱར་ལ་གཏང་ངོ་།  །རླུང་ཤས་ཆེ་བ་རྣམས་ལ། སྨན་སྣུམ་པ་དང་། དྲོད་ཆེ་བ་དང་། ལན་ཚ་གཏང་ངོ་། །མཁྲིས་པ་ཆེ་བ་རྣམས་ལ་སྨན་ཁ་བ་དང་། མངར་བ་གཏང་ངོ་། །བད་ཀན་ཆེ་བ་རྣམས་ལ་ཚ་བ་དང་སྐྱུར་བ་དང་རྩུབ་པ་གཏང་ངོ་། །གཏང་པའི་ཐབས་ནི། དུག་དང་། གླང་ཐབས་དང་། གློ་བུར་བ་རྣམས་ལ་མི་རྒོད་ཀྱི་རྒྱུག་བཤལ་ཞེས་བྱ་སྟེ། དུས་དང་སྔོན་འགྲོ་མི་དགོས། ལྟོ་སྟོང་ཙམ་ལ་གཏང་ངོ་། སྐྱུགས་ན་མཚོག་མ་ནས་མནན། དབུགས་བསྡམ་མོ། །སྟོང་མིད་བྱ། བྱད་ལ་ཁ་ཕྲུ་བཏབ། གློ་ཕུགས་སུ་མ་ཤོར་བར་བྱ། ལུས་པོ་དྲོ་རུ་བྱིབས་སོ། །ཕོ་བར་འདྲིལ་ནས་མ་ཕུགས་ན་ཡོས་དུགས་བྱ། མར་ཕུགས་ན། ཡང་མ་ནུའི་ཐང་གཏང་། ཆུ་སྐོལ་གཏང་། རུས་ཁུ་གཏང་ངོ་། །འཁྲུ་བའི་བར་ལ་ལུས་པོ་གྲང་དུ་མི་གཞུག བད་ཀན་བེའུ་སྣབས་ལྟ་བུ་འཁྲུ་བ་ན་བཅད་རེན(རན)། འཁྲུ་བའི་གྲངས། རབ་བཅུ་དྲུག འབྲིང་བཅུ་གསུམ། ཐ་མ་བཅུ་འཁྲུས་པས་ཆོག་གོ། སྨད་བཤལ་ལ་བད་ཀན་སྨུག་པོའི་མཚོ་རྡོལ་པ་ངན། འཁྲུ་བ་དྲག་ན་བད་མཁྲིད་ཟད་ནས་ཆུ་སྐྱ་བ་འམ། ཤ་བཙོས་པའི་ཁུ་བ་ལྟ་བུ་འམ། ཆུ་སེར་རམ་ཚིལ་བུ་འདྲ་བ་འོང་ན། མིག་ཕུགས་སུ་འབྲོས་སོ། །བཅད་པའི་དུས་ནི་རླུང་སྐྱེ་བའམ། ཤེས་པ་འཕྱོ་བའམ། སྐྲན་ཅན་མམ(ནམ)། སྣུམ་ཅན་ནམ། དྲི་མ་སྣོམ་པའམ། ཤིན་ཏུ་གྲངས་མང་བ་བཅད་དེ། ལུག་ཤ་སྐམ་པོའམ། བ་གླང་གི་ཚིལ་བུ་མ་ཡིན་པའི་ཚོ་ཁུ་ཕྱེ་དང་། ཚ་མེད་པ་དང་། ཤིན་ཏུ་གདུས་པ་ཁྱོར་གང་གཏང་ངོ་། །གཉན་ཐོག་ཏུ་གཉན་ཕེབས་པ་ནི། ཚ་བ་འབྱམས་པ་ཡིན་པས་རྩམ་པ་དང་། ཞོ་བཙོས་པ་ལ་བག་ཕྱེ་བཏབ་ལ་གཏང་། ད་ཏྲིག་ཞོ་དང་སྦྱར་ལ་གཏང་། ལོང་རྩ་གཏར་རོ། །རླུང་གིས་འབྱམས་ན། ཤ་ཆེན་དང་བུ་རམ་གཏང་། ལུས་ལ་བསྐུ་མཉེ་བྱ། བེའུ་སྣབས་སུ་འཁྲུ་བ་འམ། བད་ཀན་གྱི་མཚོ་རྡོལ་བའམ། སྐྱུགས་ན་མ་ནུའི་ཐང་གཏང་། སྐོམ་དུ་སྟར་བུའི་ཐང་གཏང་། ཆུ་སྐོལ་གཏང་། ཚིགས་པ་བརྒྱད་པ་དང་བཅུ་བདུན་པ། ལྟེ་བ་ནས་མཚོན་གང་བཅལ་བའི་སར་བསྲེག ནང་མ་ཕྱིན་ན། བཤལ་ཡང་ཡང་བསྐྱར་རོ། །བཤལ་རྗེས་བསྲུང་བ་ནི། རྩ་ཆུ་དང་བསྟུན་ལ། ཟས་སྐོམ་ནད་དང་འཕྲོད་པ་གཏང་། གཟུགས་པོ་གྲང་དུ་མི་གཞུག་གོ། དྲག་ཤུལ་མི་བྱ། ལྷམ་གོན་ལ་བཅག ཕོ་མོའི་འདུ་འཕྲོད་སྤོང་། གྲང་བའི་ནད་ལ་བཤལ་བཏང་དགོས་པ་ནི། སྣོད་དུ་བད་ཀན་གྲང་བ་ཞུགས་པ་དང་། དམུ་ཆུ་དང་། གྲང་བའི་ནད་འོར་དང་། སྐྲན་དང་། ལྷེན་དང་། བུ་སྣོད་དུ་གྲང་བ་ཞུགས་པ་དང་། གྲངས་པ་(གྲང་བ་)རྙིང་པ་རྣམས་སོ། །བཤལ་གྱིས་ནད་གདོན་པ་ནི་གོས་དྲི་མ་ཅན་འཁྲུད་པ་དང་འདྲ། འདིར་ནི་བཤལ་རིགས་མི་འདྲ་བ་བཅུ་བཞི་བསྟན་ཏེ། འཁོར་ལོར་བྱས་ན་ཁྲས་མིག་གི་ལུགས་ཡིན་ནོ། །གསོ་དཔྱད་བདུད་རྩིའི་ཐིགས་པ་ལས། བཤལ་གྱི་མན་ངག་རིན་པོ་ཆེའི་ཆུ་རྒྱུན་ཞེས་བྱ་བའི་ལེའུ་འོ། །ཆོས་རྗེ་ས་སྐྱའི་གདམས་པ། ས་མཱ་པྟ་མི་ཐི།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 10:25 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།