སྨན་རྩིས་དྲ་བ། - མན་ངག་ལྷན་ཐབས།

ལེའུ་ཉེར་བརྒྱད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.11.2020
མན་ངག་ལྷན་ཐབས། >>

                                                          

 ལེའུ་ཉེར་བརྒྱད་པ། བེག་གེ་བཅོས་པ།

བེག་གེའི་རྒྱུ་རྐྱེན་མིང་དབྱེ་རྟགས་བཅོས་དྲུག །རྒྱུ་ནི་རིམས་ཚད་སྤྱི་དང་འདྲ་བ་ལ། །ཁྱད་པར་ལུས་ལ་གནས་པའི་ཆུ་སེར་ཁྲག །སྟེང་དུ་གཉན་དང་ཚད་པ་བབས་པར་འདོད། །རྐྱེན་ནི་མི་གཙང་ཐབ་གཞོབ་དམ་སེལ་གྱིས། །ས་བདག་མ་མོ་མཁའ་འགྲོ་འཁྲུགས་ལས་བྱུང༌། །དྲིས་ཕོག་ཡམས་སུ་རིམས་ལྟར་འགོས་པར་བྱེད། །ལུས་ཀུན་འབྲུམ་པ་ཆུང་ངུས་བག་བག་ལ། །དྲང་སྲོང་རྣམས་ཀྱིས་བེག་གེའི་མིང་དུ་བཏགས། །འབྲུམ་པ་སིབ་པས་ལྗོངས་འདིར་སིབ་བིར་བརྗོད། །དབྱེ་བ་རྒྱས་པར་འཕགས་མཆོག་ཀླུ་སྒྲུབ་ཀྱིས། །བབས་སའི་སྒོ་ནས་དབྱེ་བ་རྣམ་པ་བརྒྱད། །གསུངས་ཤིང་གཞན་དུ་བེག་གེ་སྤུན་བདུན་བཤད། །འབྲིང་དུ་བེག་གེ་དཀར་ནག་ཁྲ་བོ་གསུམ། མདོར་བསྡུས་བེག་སྐྱ་བེག་དམར་གཉིས་སུ་འདུ། །སྐབས་འདིར་འབྲིང་དུ་དབྱེ་བའི་ངོས་འཛིན་བཤད། །རྟགས་ལ་སྤྱི་དང་བྱེ་བྲག་རྣམ་པ་གཉིས། །སྤྱི ་རྟགས་མགོ་རྐང་རྐེད་པ་ཚིགས་གཞི་ན། །གློ་དང་སྦྲིད་པ་འབྱུང་ཞིང་ཆམ་པ་འདྲ། །བརྩེ་ཞིང་གྲང་ཤུམ་བྱེད་ལ་ཤ་སྲུབས་འཁྱུག །སྲོད་ལ་ཤ་ཚ་རྨི་ལམ་ཟ་ཟི་མང༌། །རྩ་ནི་གྲངས་མྱུར་གཏིང་རྒྱུག་འགྱུར་ལྡོག་བྱེད། །ཆུ་མདོག་ངེས་མེད་འོན་ཀྱང་དམར་སེར་ཉོག །ཤ་མདངས་དམར་སྐམ་སྟེང་དུ་དམར་ཐིག་འབྱུང༌། །ནད་འདི་ཐེབས་མ་ཐག་ནས་མིག་རྩ་དམར། །ཐོར་པ་ཞག་གཅིག་ལོན་ནས་ཕལ་ཆེར་སྐམས། །བྱེ་བྲག་བེག་གེ་དཀར་པོ་བད་ཀན་བསྡོངས། །ཟས་ལེན་སྐོམ་དད་ཆུང་ལ་ཐོར་པ་དཀར། །རྩ་བདེ་ཆུ་དྭངས་ལུས་ཡང་དབང་པོ་གསལ། །བེག་གེ་ནག་པོ་ཁྲག་དང་མཁྲིས་པར་བསྡོངས། །རྩ་ཆུ་ཚ་ལ་སྐོམ་དད་ཟས་མི་ཞིམ། །ཐོར་པ་དམར་ལ་ནག་སྙམ་སྐམ་པ་དཀའ། །གཉིད་མེད་ཤེས་པ་འཐིབས་ལ་ཚིག་པ་ཟ། །བེག་གེ་ཁྲ་བོ་རླུང་དང་ཆུ་སེར་བསྡོངས། །རྩ་ཆུ་ནད་རྟགས་མི་མཐུན་ཅི་ཡང་སྲིད། །ཐོར་པ་སྣ་ཚོགས་སྐོམ་དད་སྲན་པར་ཚུགས། །གཉིད་དང་ཟས་ལ་འཕེལ་འགྲིབ་བྱེད་པ་ཡིན། །བཅོས་པའི་ཐབས་ལ་སྨན་དང་ཟས་སྤྱོད་གསུམ། །ཐོག་མ་ཆུ་སྐོལ་ཚན་མོ་ཐེངས་འགའ་བཏང༌། །དེ་ནས་མ་ནུ་བཞི་ཐང་བསྟེན་བྱ་ཞིང༌། ཁྲག་མཁྲིས་ཤས་ཆེ་འབྲས་བུ་གསུམ་ཐང་ལ། །གུ་གུལ་བསྣན་པའི་བསྡུས་ཐང་ཐེངས་འགའ་བསྔགས། །མགོ་བོ་གཟེར་ན་ཨ་བྱག་གསེར་མེ་ཏོག །མགོ་ཐང་གསུམ་སྟེང་བསྣན་ལ་བཏང་བར་བྱ། །བྱ་ཁྱུང་(བྱེ་བྲག་དཀར་པོ་)ལྔ་སྟེང་སྟག་ཤ་གུ་གུལ་ནག །དངུལ་ཆུ་མུ་ཟི་ཀྱི་ལྕེ་ཧོང་ལེན་དང༌། །གི་ཝཾ་སྤང་རྩི་བསྣན་པའི་སྦྱོར་སྡེ་ལ། །དཔའ་བོ་བཅུ་གསུམ་ཞེས་བྱ་བྱང་(ལྷུན་)པའི་ལུགས། །གྲེ་བ་ཚ་ན་ཚར་བོང་ཐང་གིས་འཕུལ། །གཞན་དུ་ཆུ་སྐོལ་ཚན་མོས་དབུལ་བར་བྱ། །ཡང་ན་སྤང་རྩི་(ནག་པོ་)བཅུ་གཉིས་པ་ཡང་འཕྲོད། །ཡང་ན་ཨ་རུ་འཛིན་པ་སྤང་རྩི་དང༌། །གླ་རྩི་བཞི་སྟེང་བསིལ་གསུམ་སྲོ་ལོ་དཀར། །ཙན་དན་བྲག་ཞུན་དུག་ཉུང་བཅས་ཏེ་བཏང༌། གཞན་ཡང་དངུལ་ཆུ་(ཁྲ་བོ་)རིན་ཆེན་(མན་རྒྱུད་)སྦྱོར་བ་འཕྲོད། །བེག་གེ་སྐྱུར་ཤོར་གྲེ་གག་རྒྱུ་གཟེར་དང༌། །ལིང་ཐོག་ལ་སོགས་འབྱུང་བས་འདོགས་ལ་གཟབ། །ཐོག་མཐའ་བར་དུ་ཆུ་སོགས་གྲང་མོ་དང༌། །རྡོ་སྨན་སྦྱོར་བ་མེ་དྲོད་གསོད་པས་སྤང༌། །ཟས་ནི་ཡང་ཞིང་འཇུ་སླ་འཇམ་གྲང་བསྟེན། །ཤ་དང་དཀར་མངར་ཚ་སྐྱུར་སྤང་བར་བྱ། །འདོགས་རིགས་གང་བྱུང་བེག་གེ་དང་སྦྲགས་ན། །རང་རང་ལེའུར་བཤད་དང་སྤེལ་ལ་བཅོས། །རྗེས་ལ་བྱུང་ན་རང་བཅོས་རྐྱང་པས་དེད། །མཇུག་གི་སྤྱོད་ལམ་ཚ་བ་སྤྱི་དང་མཐུན། །ལར་ན་འདི་ལ་སྣ་ཁྲག་འཛག་པ་འོང༌། །བེག་གེའི་བཅོས་བྱ་སྣ་ལ་ཁྲག་གཅོད་བརྫང༌། །དེ་ཡིས་བེག་གེ་བླ་གཉན་ནད་ལས་གྲོལ། །ཞེས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀཏྤཱུ་ར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ཞེས་པ་ལས་བེག་གེ་བཅོས་པའི་ལེའུ་སྟེ་ཉེར་བརྒྱད་པའོ།།

 

མཐའ་མའི་འདོན་ཐེངས་།: 10.11.2020 ཉིན། 4:36 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།