སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ཉེར་བཞི་པ། བྱུག་པ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.11.2023
ཕྱི་མ་རྒྱུད། >> ལེའུ་ཉེར་བཞི་པ། བྱུག་པ་བསྟན་པ།



ལེའུ་ཉེར་བཞི་པ། བྱུག་པ་བསྟན་པ། 

དཔྱད་ལྔའི་ནང་ཚན་བཞི་པ་ལུམས་ཀྱི་ཆོ་ག་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་ཏེ། དཔྱད་ལྔའི་ཕྱི་མ་བྱུག་པའི་བཅོས་ཀ་ལ་རུང་བའི་མཚན་ཉིད་དང་མི་རུང་བའི་མཚན་ཉིད་དང་བྱ་བའི་ཐབས་དང་ཕན་ཡོན་བསྟན་པ་དང་རྣམ་པ་བཞིར་ཡོད་དེ།

བྱུག་པ་རུང་བ་ནི་ལུས་རྩུབ་པ་དང་ཁྲག་དང་ཁུ་བ་ཟད་པ་དང༌། ལུས་སྟོབས་ཆུང་བ་དང༌། རྒས་པ་དང༌། མྱ་ངན་སེམས་ལས་ཆེས་པ། མིག་འགྲིབ་པ། གཉིད་མེད་པ། འབད་རྩོལ་ཆེན་པོའི་བྱ་བས་ལུས་ངལ་ཞིང་དུབ་པ་རྣམས་དང༌། ཁྱད་པར་རླུང་གི་ནད་ཀུན་ལ་སྣུམ་བྱུག་བསྟེན་པར་བྱ་བ་དང༌། པགས་པའི་ནད་འབྲུམ་བུ་ཐོར་པ་སྐྲངས་པ་རྣམས་ལ་ལྡེ་གུ་བྱུག་པར་བྱ་བ་ཡིན་ནོ། །

མི་རུང་བ་མ་ཞུ་བ་དང༌། རླུང་ནད་བརླ་རེངས། དབྱིག་དུག ཡི་ག་འཆུས་པ། དམུ་རྫིང༌། བད་ཀན་སྨུག་པོའི་ནད་རྣམས་ལ་སྣུམ་བྱུག་སྤང་དགོས་ཤིང༌།

གོང་བཤད་ཀྱི་རུང་བ་རྣམས་ལ་བྱུག་པ་བྱ་བའི་ཐབས་ལ་སྣུམ་བྱུག་བཅུ་བཞི་ལྡེ་གུའི་བྱུག་པ་བཅུ་བཞི་སྟེ་བསྒྲིལ་བས་ཉེར་བརྒྱད་ལས་སྣུམ་བྱུག་བཅུ་བཞི་ནི། སྡུད་སྒོ་དང་ཚིགས་པ་དྲུག་བདུན་རྐང་ལག་གི་མཐིལ་བཞི་ལ་མིའི་ཚིལ་རྐང་རུས་སོགས་ཀྱི་ཞུན་ཆེན་བྱུགས་ལ་མཉེ་ཞིང་ཕུར་ཏེ་སྐམ་ནས་ཕྱེས་ཕྱི་དགོས་ཏེ། དེས་ནི་སྙིང་རླུང་འདྲེ་ཆགས་པ་ཞེས་ལག་པའི་སོར་མོའི་རྗེས་ཀྱི་རྣམ་པའི་ཐོར་པ་དམར་ཙག་དང་གདོན་ཅན་གྱི་རིགས་འབྲས་ནད་རྣམས་འཇོམས་པར་བྱེད་ཅིང༌། དེ་ཡང་བསྐུ་མཉེ་ཀུན་ལ་བྱུག་མཉེ་ཕྱི་གསུམ་དེ་ལྟར་ཤེས་པར་གྱིས་ཤིག་གསུངས་པ་ལྟར་རིགས་འགྲེས་རྟོགས་དགོས་ཤིང༌། དྲིལ་ཕྱིའི་ཕན་ཡོན་བརྒྱད་པར། དྲིལ་ཕྱིས་བད་ཀན་སེལ་བ་དང༌། །ཚིལ་ནི་རབ་ཏུ་ཞུ་བྱེད་ཅིང༌། །ཡན་ལག་བརྟན་པར་བྱེད་པ་དང༌། །པགས་མདོག་གསལ་བར་བྱེད་པའི་མཆོག། ཅེས་དང༌། བཤད་རྒྱུད་ལས། དྲིལ་ཕྱིས་བད་ཀན་སེལ་ཞིང་ཚིལ་འཇུ་བྱེད། །པགས་གསལ་ཡན་ལག་བརྟན་པར་བྱེད་པའི་མཆོག། ཅེས་གསུངས་པས་སྲན་ཕྱེ་ལ་སོགས་པའི་དྲིལ་ཕྱིས་བྱའོ། །དེ་ལྟར་མ་བྱས་ན་བྱུག་པས་རླུང་འཇོམས་ཀྱང་མ་ཕྱིས་ན་བད་ཀན་འཕེལ་ཞིང༌། དེ་ཡང་རྩམ་པས་མ་ཕྱིས་ན་བད་རླུང་སྐྱེད་ཅེས་ཀྱང་གསུངས་ཤིང༌། གོང་དུ་བཤད་པའི་མི་ཞུན་ནམ་རུས་ཞུན་བཟོ་ཚུལ་ནི། མི་གཙོར་གྱུར་གྱི་རུས་པ་དང༌། གཞན་ཡང་གང་ཚོགས་ཚད་བསགས་ལ་སྦྱོར་ཚད་མི་རྟ་ཁྱིའི་རུས་པ་སྲང་བཅུ་རེ་བཏང་ན་རུས་སྣ་གཞན་རྣམས་སྲང་ལྔ་རེ་བྱས་པའི་ཁྲམ་ཁྲུམ་དུ་བརྡུངས་པ་དེ་ལུག་མར་རྙིངས་པ་ཉག་བཅུ་དྲུག་དང་མཉམ་དུ་ཟངས་སྣོད་དུ་བསྐོལ་བའི་མར་རུས་ལ་ཐིམ་རུས་ཚིལ་ཕྱིར་དོན་པའི་བར་བསྐོལ་བ་དེ་མཐར་ཚང་མ་རུས་ལ་གང་ཐིམ་བྱས་ལྷག་ཅུང་ཟད་ལུས་བྱུང་ཡང་རུས་པ་དང་མཉམ་དུ་རྫའི་འབྲས་ཕྲུ་ལྟ་བུའི་གཤམ་དུ་སྦང་ཚགས་ཡོད་པ་ཁ་ལག་མགོ་ཐར་ཙམ་ལ་རྫ་རང་གི་ཁ་གཅོད་ཉིས་རིམ་ཡོད་པའི་ནང་མ་མར་རྡིབ་མི་འགྲོ་ཞིང་འགྲིག་པ་ཞིག་དང༌། ཕྱི་མ་ཕོ་ཁ་མོ་ཁ་བསྒྲིགས་ཆོག་པ་དེ་མེས་མི་འགས་པའི་ཆེད་དུ་སྣོད་དེ་འཐུམས་པའི་རས་ཆུ་ལ་སྦངས་པས་གཏུམས། དེ་སྟེང་དྲེས་ཞུན་སྦངས་པས་ཁོལ་རྩེ་མ་ལུས་པར་བསྡམས་པ་དེའི་ནང་དུ་སྔོན་ལ་རམ་པ་ཕྲན་ཙམ་བཏིང་བའི་ཁར་གོང་འཁོད་བླུགས་ཏེ་ཁ་གཅོད་ནང་མ་རྒྱབ། དེ་རྗེས་འོག་ཏུ་བཤད་པའི་འདག་པ་འཚམ་ཙམ་རྒྱབ་ལ་དེའི་སྟེང་དུ་བྱེ་མ་ཕྲན་བུ་བླུགས་པའི་ཚངས་དང༌། སླར་ཡང་འདག་པ་དང་ཁ་གཅོད་ཕྱི་མ་རྒྱག་དེ་རྗེས་རྫ་དེ་དང་ཆེ་ཆུང་ཁ་འགྲིག་པའི་འཛག་སྣོད་འོག་ཏུ་བཞག་ངོས་དེ་གཉིས་ཀྱི་མཚམས་ལ་ས་དང་རླུང་སོགས་མི་འཆོར་ཕྱིར་རས་གཤགས་བབས་དང་བསྟུན་པའི་ཉིས་རིམ་ཙམ་བཀབ་ལ་དེ་སྟེང་གོང་གི་འབྲས་ཕྲུ་བསྒྲིགས་པའི་སྟེང་འོག་གི་མཚམས་ཀྱང་དྲེས་ཞུན་གྱིས་ཁོལ་བུ་མ་ལུས་པར་བསྡམ། དེ་སྟེང་རྫ་མི་འགས་པའི་ཆེད་ས་དམར་དང་སྦངས་བསྲེས་པའི་འདག་པས་རྫ་གཉིས་པོའི་མཚམས་དང་གོང་མ་ཧྲིལ་གྱིས་བྱིབས་ནས་འདམ་པ་དེ་རྒྱང་ཙམ་མེ་ཉི་སོགས་ཀྱིས་ཚོ་ཟིན་ཙམ་བསྐམས། དེ་ནས་འཛག་སྣོད་འོག་མ་དང་ཆེ་ཆུང་འཚམ་པའི་ས་དོང་རིང་ཐུང་ཁྲུ་ཕྱེད་དོ་ཙམ་བྲུས་ནས་ས་དང་ཁོག་མ་འོག་མ་མཉམ་པ་བྱས་ཏེ་ཁོག་མའི་གཤམ་གྱི་ས་དོང་ནང་ལ་ཆུ་འགྲོ་ལམ་འདོམ་གང་ལྷག་ཙམ་གྱི་བར་ས་གཤོར་ཡུར་ཆུང་བྲུས་པར་གཡམ་པ་སོགས་བསྒྲིགས་པའི་ཐོག་ལ་ཆུ་འཛིར་མི་འོང་བའི་འདག་པ་རྒྱག  དེ་ལྟར་སྐམ་བསྒྲིགས་ལེགས་པར་གྲུབ་ནས་སླར་འཛག་སྣོད་ས་ལ་འཛུད་ཆེ་ཆུང་འཚམ་པ་བཙུག དེ་འཚམ་ཡང་འདག་པས་ལེགས་པར་བྱིབས་ཏེ་སྟེང་དུ་ཤིང་སྒྲོམ་བྱས་པའི་སྟེང་ལ་སྤང་རྒྱབ་པའི་མེ་དུགས་ཀྱིས་ཚོས་ཕྱིར་མེ་ཀོང་ཆེ་ཆུང་སོགས་ལ་དཀྲིག་ཅར་མི་འབྱུང་ཡང་ལམ་པ་མིས་ཕྱིང་དཀར་གྱོན་ནས་ས་ལ་བསྡད་པ་ཙམ་བཏང༌། འོག་ནས་འཛག་སྣོད་ཀྱི་མར་ཁུ་མི་སྐམ་པའི་ཕྱིར་ཆུ་ཡུར་བའི་དེ་མ་སྐམ་ཙམ་ལ་ལྡུགས་པ་སོགས་བྱས་རྗེས་ཡུན་ཉིན་མ་ཕྱེད་ཙམ་གྱི་བར་འཇོག་དགོས་ཏེ། དེ་ཡང་ཁོག་མ་དེ་ཚིག་ནས་དམར་ཧུང་གི་འོང་བས་མེ་རྣམས་བསལ་ཏེ་ཁོག་མ་གཉིས་ཀྱི་འདག་པ་ཧ་ལམ་དལ་བུས་བཤུས། དེ་ཚར་བ་དང་ཁོག་མ་ལྷན་འཇོབ་ལྟ་བུས་ངར་བསད་ནས་ལག་པས་ཚུགས་ཙམ་ལ་ཚུར་བླངས་ནས་ཁོག་མ་གཉིས་ཀྱི་བར་མཚམས་ཀྱི་ས་དང་རས་སོགས་ཀྱིས་ས་མི་འཆོར་བར་བྱས་ཏེ། གོང་མ་བཏེག་སྐབས་འཛག་སྣོད་དུ་མར་ཁུ་དང་ཞག་སོགས་རིམ་པ་ལྟར་འབྱུང་ལ། ཚུལ་འདིས་ཙན་དན་མར་ཁུ་དང་བདུད་རྩི་མར་ཁུ་དང་བཅུད་བསྡུས་མར་ཁུ་སོགས་མར་ཁུ་བཟོ་དགོས་ཀྱི་རིགས་ཀུན་ཀྱང་ཐོག་མའི་བྱེད་ལུགས་སྦྱོར་སྡེ་ཙམ་མ་གཏོགས་བདེ་བླག་ཏུ་འགྲུབ་པ་ཡིན་ནོ། །པད་ཀ་སོགས་ལ་བཟོས་པའི་འབྲུ་མར་གྱི་བྱུག་པ་ནི་ཆོ་ག་དེ་བཞིན་དུ་བྱས་པས་གཉིད་མེད་ཀྱི་རླུང་འཇོམས་པར་འགྱུར་ལ། བློ་རྣོ་ཞིང་དྲན་པ་གསལ་བར་འདོད་པ་ལ་རྩི་མར་གསར་འཇམ་གྱི་ཞུན་མར་བྱུག་ཅིང་སྨྱོ་འབོག་དང་བརྒྱལ་བའི་ནད་ཅན་ལ་ལོ་ལོན་པའི་མར་རྙིང་པ་བྱུག་པ་དང༌། ཆུ་སེར་ཟ་འཕྲུག་ལ་རྟ་རྐྱང་བོང་བུའི་ཚིལ་བུ་བྱུག མཁལ་མ་གུད་ཅིང་ཉམ་ཆུང་བས་ས་བོན་འཛག་པ་ལ་སྲམ་མམ་ད་བྱིད་ཀྱི་ཚིལ་བུ་རྐེད་པའི་ཚིགས་ལ་བྱུག་པ་དང༌། ཤིག་དང་སྲོ་མ་མང་བ་ལ་རི་དྭགས་ཤ་བའི་ཚིལ་བུ་བྱུག ཁྱིས་རྨུགས་པའི་རྨ་རེད་པ་སྟེ་འདུ་བས་རེད་པ་དང༌། ཟས་སྤྱོད་ཀྱིས་རེད་པ་འདི་དོན་དྲག་ཏུ་མི་འདོད་པ་ལ་ཁྱིའི་ཚིལ་བུ་བྱུག་པ་དང༌། གླང་ཤུ་ཞེས་པགས་མདོག་སྐྱ་བོ་སེང་སེང་པོ་ལ་གཞིགས་ན་འབྲུམ་ཆུང་སྐྱ་གསོབ་ཡོད་པ་མཆེད་པར་བྱེད་པ་བས་ལྡགས་ཀྱང་ཟེར་བར་ཕག་ཚིལ་ལ་མུ་ཟི་ནག་པོ་སྦྱར་བ་བྱུག་པ་དང༌། གདོང་པའི་འབྲུམ་ཤུལ་མེད་པར་བྱེད་ན་ར་ཚིལ་ལ་འབྲི་མོག་སྦྱར་བ་བྱུག ཤུ་བ་དང་རྨ་རྒན་ལ་ཙན་དན་མར་ཁུ་ནི་ཟངས་ལྟ་བུའི་སྣོད་དུ་ཙན་དན་དཀར་པོ་སྲང་གསུམ་དམར་པོ་སྲང་དྲུག་སེང་ལྡེང་སྲང་བཅུ་ཤུག་པ་དྲི་ལྡན་སྲང་བཅོ་ལྔ་རྣམས་གཞོགས་པའི་ཕྱེ་མ་བ་དམར་ཟལ་གྱི་མར་ཉག་བཅུ་བཞི་བཞུ་བར་བཏབ། མེ་ཚ་གྲང་རན་པས་ཚོས་ཚད་ཕྱི་ནང་ཁྱད་མེད་དུ་མར་ཁུས་ཚོས་པ་དང་བསྟུན་ཁུ་བ་དང་དབྱེ་བ་ཕྱེ་བའི་ཕྱེ་མ་ཁོག་མའི་ནང་དུ་བསགས་པའི་ཁུ་བ་རྣམས་ཕར་ཕུད་པ་དེ་གོང་གི་རུས་སྣ་བཟོ་བ་བཞིན་གྱིས་བྱུག་པ་དང༌། མིག་འགྲིབས་པ་ལ་བྱ་རྒོད་དང་ཕག་པའི་ཚིལ་བུའམ་འབྲི་མར་ལ་གོ་སྙོད་སྦྱར་བ་རྐང་མཐིལ་དུ་བྱུག རླུང་ནད་རུས་པར་ཞུགས་པའི་གཏིང་ནས་ལྷང་ལྷང་ན་བ་ལ་བཅའ་སྒ་འབྲུ་མར་ལ་སྦྱར་བའི་བྱུག་པ་བྱ་བ་དང༌། ཚ་བས་གཉིད་ཉིན་མཚན་གཉིས་ཀ་ཡེར་ཏེ་མེད་ན་གླ་རྩི་དང་མར་དཀར་སྦྱར་བ་མགོ་ལུས་གཉིས་ཀར་བྱུག

ལྡེ་གུའི་བྱུག་པ་བཅུ་བཞི་ནི། མུ་ཟི་སེར་ནག་ར་དུག་པ་མི་དང་ཁྱིའི་བྲུན་ཤུ་དག་ནག་པོ་རྭ་གང་བྱུང་གི་གཞོབ་རྣམས་དྲི་ཆུ་དང་སྦྱར་བའི་བྱུག་པས་ལྷོག་པ་འཇོམས་པ་དང༌། མུ་ཟི་སེར་པོ་ལན་ཚྭ་ཕབས་དུ་བ་རལ་པ་རྣམས་མར་རྙིང་དང་སྦྱར་བའི་ལྡེ་གུ་བྱུགས་ནས་ཉི་མར་བསྲེགས་ན་ཤུ་བ་གསར་རྙིང་ཐམས་ཅད་སེལ་བར་བྱེད། བྱི་བའི་བྲུན་གསེར་རྡོ་མིའི་ནུ་ཞོ་སོགས་སྦྱར་བའི་བྱུགས་པས་རྣག་སྣ་འདྲེན་ཅིང་རྣག་མེད་པར་སྐྲངས་པའི་ཟུག་གཟེར་གཅོག་པར་བྱེད། སྲད་དཀར་ནུས་ལྡན་དུ་བསྲེགས་པའི་ཐལ་བ་དང༌། རྟ་བོང་གི་འོ་མ་སྦྱར་བ་བྱུགས་པས་རྨ་རྒན་རྣག་འཛག་ཅིང་འབྲས་ཐབས་སུ་སོང་བ་སེལ། ཏིལ་དཀར་ནག་གི་ཕྱེ་མར་ཆུ་ཁུར་བཏབ་པ་བསྐོལ་ཏེ་བྱུགས་པས་དྲེག་ནད་སེལ་བ་དང༌། ཤུ་དག་ནག་པོ་སོ་མ་ར་ཛ་འབྲས་བུ་ཨ་བར་སྐྱུར་གསུམ་སླེ་ཏྲེས་བའི་ལྕི་བ་ས་མྱགས་ཏེ་ཀོ་མོག་བསྐམས་ཤུལ་གྱི་ས་རྩི་རྣམས་སྦྱར་བ་བྱུགས་པས་ཚ་བས་སྐྲངས་པ་སེལ། ཁང་པར་ཆགས་པའི་དུད་པ་ཡུང་བ་སེར་པོ་སྐྱེར་པ་རུ་རྟ་དུག་མོ་ཉུང་རྣམས་དར་བ་དང་སྦྱར་བའི་བྱུགས་པས་ཤུ་ཐོར་གདོང་བའི་ངོ་ཁབ་ཁྱེ་མ་པགས་ནད་རྣམས་སེལ། ཡུངས་ཀར་ཤུ་དག་ནག་པོ་རྒྱམ་ཚྭ་སེང་ཕྲོམ་ཞེས་ཞུ་མཁན་རྣམས་ཀྱི་ཕྱེ་མ་ཆུའམ་བ་ཆུ་སྦྱར་བས་གདོང་བཀྲུ་ཞིང་བྱུགས་པས་ངོ་ཁབ་ཁྱེ་མ་འབྲུམ་ཐོར་སོགས་སེལ་བ་དང༌། འོམ་བུ་ཨ་རུ་ར་དང་དྲི་ཆུ་རྣམས་སྦྱར་བའི་བྱུགས་པས་དུག་ནད་ཀྱིས་ཡན་ལག་སྐྲངས་པ་སེལ་བར་བྱེད། ཙན་དན་དམར་པོ་ཀྱི་ལྕེ་དཀར་པོ་ཧོང་ལེན་སོགས་གངས་ཆུ་དང་སྦྱར་བའི་བྱུགས་པས་ཁྲག་གཟེར་དང་པགས་ནད་ཀྱི་རིགས་ཚ་བ་དང་གཉན་མེ་དབལ་སེལ་བར་བྱེད། སྐྱུ་རུ་ར་དང་ཨུཏྤལ་སྔོན་པོ་གཉིས་མར་གསར་ལ་སྦྱར་བ་ལུས་ཀུན་ལ་བྱུགས་པས་རྔུལ་བ་མི་སྐམས་པར་འབྱམས་པ་དང་རིམས་ནད་སོགས་ཚ་བ་ཕྱིར་ཤོར་བ་སེལ། དུད་པ་རུ་རྟ་ཆུ་རྩ་རེ་ལྕག་པའི་ཐལ་བ་ལན་ཚྭ་ཕབས་ཏེ་ཆང་རྩི་རྣམས་ཟོ་མདོང་ལ་ཆགས་པའི་མར་དང་སྦྱར་བ་བྱུགས་པས་ལྐོག་ཤུ་དང་ཟ་འཕྲུག་སེལ། སྦྲུལ་ནག་ལྷོ་མོན་ནས་འབྱུང་བའི་པགས་པ་དུ་བ་མ་ཤོར་བར་བསྲེགས་པ་དང༌། ཕག་པའི་ཚིལ་བུ་སྦྱར་ཏེ་བྱུགས་པས་ཤ་བཀྲ་དང་བས་ལྡགས་སོགས་པགས་ནད་སེལ། སྔོན་བུ་དང་སྲུབ་ཀ་ཞོ་དང་སྦྱར་ཏེ་བྱུགས་པས་ཟ་འཕྲུག་སེལ་བར་བྱེད་པ་སོགས་དེ་ལྟར་བཤད་པའི་བྱུགས་པའི་ཕན་ཡོན་ནི་ནང་གསེས་སོ་སོ་ནས་བཤད་པ་བཞིན་དང༌། སྤྱིར་ནི་ཚེ་རིང་ཞིང་དབང་པོ་གསལ་བར་འགྱུར་ཞེས་གསུངས་སོ། །

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་དཔྱད་མཆོག་ལྔ་པ་བྱུག་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།



མཐའ་མའི་འདོན་ཐེངས་།: 30.11.2023 ཉིན། 4:40 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།