སྨན་རྩིས་དྲ་བ། - མན་ངག་ལྷན་ཐབས།

ལེའུ་ཉེར་དགུ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.11.2020
མན་ངག་ལྷན་ཐབས། >>

                                                   

ལེའུ་ཉེར་དགུ་པ། ཆམ་རིམས་བཅོས་པ།

ཆམ་པའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་བཅོས་སྲུང་ཐབས་རྣམ་པ་དྲུག་གིས་བསྟན། །རྒྱུ་ནི་རིམས་ནད་སྤྱི་དང་འདྲ་བ་ལ། །དེ་(བརྒྱད་པའི་དགོངས་པ་)ཡང་སྣ་བུག་གཡས་གཡོན་རོ་རྐྱང་གཉིས། །མར་ལ་ཁ་བལྟས་ཟངས་དུང་ལྟ་བུར་གདངས། །དེ་ལ་མི་གཙང་ཟས་སྤྱོད་ཁ་ཟས་འདྲེས། །རྡུལ་འཚུབ་དྲི་ཕོག་རྐྱེན་ལས་རྩ་དེ་ཉིད། །ཆམ་ལ་ཕབ་པས་ཆམ་པ་ཞེས་སུ་བཤད། །གཞན་ཡང་སྐྱེད་བྱེད་རྐྱེན་ནི་འདི་ལྟ་སྟེ། །བ་མོ་རླུང་དང་སྒྲ་བསྒྲགས་འཇིགས་དངངས་དང༌། །གཉིད་ཡར་གཉིད་ལོག་སྔས་མཐོ་དྲགས་པ་དང༌། །ཆུ་མང་འཐུངས་དང་ཉལ་པོ་དྲགས་པ་དང༌། །སྐྱུག་དང་མཆིལ་མ་བཀག་དང་དུད་པ་ཡིས། །རླུང་ཤས་ཆེ་བས་ནད་འཁྲུགས་ཆམ་པ་བསྐྱེད། །དབྱེ་བ་རླུང་མཁྲིས་བད་ཀན་འདུས་པ་དང༌། །གྲེ་གློ་རིམས་དང་སྣ་ཆམ་རྣམ་པ་བརྒྱད། །སྤྱི་རྟགས་ཀུན་ལ་གློ་དང་སྦྲིད་པ་འབྱུང༌། གྲེ་བ་མཚུལ་པ་ཚ་འགགས་སྣ་ཆུ་འཛག །བྱེ་བྲག་རླུང་གྱུར་སྦྲིད་པ་རྟག་ཏུ་འབྱུང༌། །སྣ་འགག་ཟུག་ཅིང་མུར་འགྲམ་སོ་ཀླད་ན། །སྨིན་མ་སྣའི་བར་སྲིན་བུ་རྒྱུ་སྙམ་བྱེད། །སྐད་འགགས་གཏིང་ནས་སྨིན་ཅིང་མཆིལ་སྣབས་འཛག །མཁྲིས་གྱུར་མགོ་དང་ཚིགས་གཞི་བྱིན་ཉྭ་ན། །རོ་སྟོད་མི་བདེ་བརླ་རྐང་བརྡུངས་སྙམ་བྱེད། །ཁ་ཁ་དང་ག་མི་བདེ་གྲང་ཤུམ་བྱེད། །སྲོད་ལ་ཤ་ཚ་རྨི་ལམ་ཟ་ཟི་མང༌། །སྣ་རྩེ་རྣག་ཅིང་སྣ་ནང་འབྲུམ་པ་འབྱུང༌། མཆིལ་སྣབས་དམར་སེར་ཉིད་དུ་འཛག་པའོ། །བད་ཀན་ལུད་པ་མང་ལ་དབུགས་མི་བདེ། །རློན་ཅིང་ལུས་ལྕི་ཡི་ག་འཆུས་པ་དང༌། ཁ་མངལ་གཡལ་ལ་མཆིལ་སྣབས་སྣུམ་དཀར་འཛག །འདུས་པ་ཀུན་གྱི་རྟགས་ལྡན་ཞི་སྦྱངས་ལྡན། །བྲང་ནང་ཚོར་མེད་མིག་དམར་རྣ་བ་གཡའ། །ལུད་པ་དག་དང་དབུགས་ཀྱི་དྲི་མི་ཞིམ། །གྲེ་ཆམ་དང་པོ་གྲེ་བ་རྐན་མཚུལ་ཚ། །བར་དུ་སྣ་ཆུ་འཛག་ཅིང་མཚུལ་པ་འགག །ཐ་མ་སྦྲིད་པ་མང་དུ་བསྟུད་ཅིང་འོང༌། །གློ་ཆམ་དང་པོ་གྲེ་བ་ཚ་ཞིང་འཛེར། །བར་དུ་གློ་མང་མགོ་དང་བྲང་རྒྱབ་ན། །ཐ་མ་རྣག་ཏུ་ལུ་ཞིང་གློ་གཅོང་འབྱུང༌། རིམས་ཆམ་མགོ་དང་ཚིགས་གཞི་བྱིན་ཉྭ་ན། །རོ་སྟོད་མི་བདེ་བརླ་རྐེད་བརྡུངས་སྙམ་བྱེད། །ཁ་ཁ་དང་ག་མི་བདེ་གྲང་ཤུམ་བྱེད། །སྲོད་ལ་ཤ་ཚ་རྨི་ལམ་ཟ་ཟི་མང༌། །དེ་ལ་དྲག་ཤུལ་བཅུད་ཤོར་རྒྱས་གྱུར་ན། །ཆམ་པ་སྐྱུར་ཤོར་ཞེས་བྱ་ཤི་བ་མང༌། །སྣ་ཆམ་སྣ་ཚ་གཡའ་ལ་སྣ་ཆུ་མང༌། བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་སྨན་ཟས་སྤྱོད་ལམ་རྣམ་པ་གསུམ། །དེ་ལ་ཁ་ཅིག་ཐང་སོགས་སྨིན་བྱེད་རིགས། །མི་བསྟེན་བྱུང་མ་ཐག་ཏུ་གཉེན་པོ་གཏོང༌། །ལུས་བཟང་ནད་ཁར་སྲ་བ་ཕན་པ་སྲིད། །ཕལ་ཆེར་བྱེར་ཞིང་ཞེན་ལ་རྙོགས་པ་དང༌། །འཁྲུགས་དང་གྲུམ་བུར་འགྱུར་ཞིང་ཐུ་ན་འཆི། །གློ་ནད་བརྒྱད་ཀྱང་འདི་ལས་འབྱུང་བ་མང༌། །དེ་ཕྱིར་ཆུང་ངུར་མི་འཛིན་བཅོས་དགོས་ཏེ། །ཐོག་མར་དུས་སྦྱར་ཆུ་སྐོལ་ཚད་ལྡན་དེ། །ལན་འགའ་བཏང་རྗེས་རྒྱུད་ཆེན་དགོངས་པ་ཡི། །སླེ་ཏྲེས་གཙོར་སྨོས་འབྲས་གསུམ་ཏིག་ཏ་དང༌། །མ་ནུ་ཧོང་ལེན་ཐང་བཏང་རྔུལ་དུ་དབྱུང༌། །ཚ་བ་སྨིན་གསོད་དུས་གཅིག་བྱེད་པ་ཡིན། །དཔའ་བོ་དཀར་པོ་(འཛིན་པ་)གླང་པོ་(གི་ཝཾ་)གསང་སྨན་(ཆིག་བརྒྱུད་གྲས་)གཉིས། །གཙོར་སྨོས་རི་དྭགས་དྲི་(གླ་རྩི་)དང་འདྲེ་འཇིགས་ཐང་། (གུལ་ནག) །ས་བཅུད་(ཅུ་གང་)སྤང་གི་མེ་ཏོག་(གུར་ཀུམ་)བོང་(བོང་དཀར་)དུག་པ། །རི་སྙིང་(བྲག་ཞུན་)བུ་མོའི་རྩ་(སྟག་ཤ་)དང་ལུག་(དོ་བོ་) མུར་བ། །སྤང་རྩི་(དོ་བོ་ངོ་བོ་)ཤིང་བཅུད་(ཙན་དན་དཀར་པོ་)སྦྱར་བ་ཁྱད་འཕགས་པའི། །ཆམ་འཇོམས་དཔའ་བོ་བཅུ་བཞི་ཞེས་པ་འདིས། །གཉན་ཚད་རིམས་ལས་གྱུར་པ་སྤྱི་ཁྱབ་དང༌། ཁྱད་པར་ཆམ་པའི་རིགས་ཀུན་དྲུང་ཕྱུངས་པའི། །གསང་བའི་སྨན་གཅིག་ཌཱ་ཀིའི་གདམས་པའོ། །འཁོར་རྣམས་མེད་ཀྱང་གཙོ་བོ་བཞི་བོ་རང༌། རྐྱང་པ་བཏང་བ་ཤིན་ཏུ་རྣོ་ན་འང༌། །བྱེར་འཐོར་(གེགས་ཅན་སོགས་ལ།)བྱུང་དོགས་འཁོར་དཔུང་ལྡན་པ་བསྔགས། །ཁ་བསྒྱུར་གློ་ཁོགས་དཀའ་ན་སྟར་(བུ་)རུ་(རྟ་)བསྣན། །གྲེ་བ་ཚ་ན་(ཕྱི་རྒྱུད་)ལི་ཤི་དྲུག་པ་བསྡེབས། །གློ་མང་སོར་ན་སྲོ་ལོ་(དཀར་པོ་)ཨ་ཀྲོང་(ནག་ཚང་གི་)བསྣན། །མགོ་བོ་ན་ན་ག་དུར་སྤྲུ་ནག་བསྣན། །ཡ་མར་བབས་ན་ཐང་ཕྲོམ་བྱི་ཏང་ག །རང་རང་ཁ་བསྒྱུར་བསྣན་པ་མཆོག་ཏུ་བསྔགས། །ཡང་ན་རི་བོང་རིལ་བདུན་ཆར་ཉི་ཡིས། །ཁྱེར་བའི་དྲེས་མ་མཐོ་གང་སྒོག་རྡོག་གཅིག །སླ་ངར་རྫ་ཕོར་བཀབ་ལ་ནུས་ལྡན་བསྲེགས། །ཞིབ་བཏགས་བསྐོལ་གྲངས་འཕུལ་བ་མཆོག་ཏུ་བསྔགས། །གཏུམ་པོ་ཨ་རུ་མ་ནུ་གུ་གུལ་དང༌། །སྤང་རྩི་ཧོང་ལེན་ག་དུར་སྲོ་ལོ་དཀར། །སྟག་ཤམ་གྱོན་པའི་བྱ་ཁྱུང་སྔོན་པོ་འམ། །ཁྱུང་སྔོན་དགུ་པ་ཞེས་སུ་གྲགས་པ་འདི། །རིམས་འཁྲུགས་གཉན་ཚད་སྤྱི་དང་ཁྱད་པར་དུ། །གློ་ཆམ་གྲེ་བར་བབས་པའི་བདུད་རྩི་ཡིན། །གཞན་ཡང་ཁྲག་མཁྲིས་ཅན་གྱི་ཆམ་པའི་རིགས། །འདི་དང་སྤང་རྩི་བཅུ་གཉིས་ཐེངས་གསོས་དགུ། །བསྔགས་པར་མཐོང་ཞིང་བད་རླུང་ཅན་གྱི་རིགས། །ཨ་གར་སོ་ལྔ་(སྦྲིད་དང་སྦྲགས་)གུར་ཁྱུང་(སྣ་ཆུ་འཛག)གང་རུང་དང༌། །མན་ངག་བསིལ་སྦྱོར་ལྟག་པ་སྤྲད་པ་གཅེས། །སྨན་སེར་ཆེ་དང་སྤྲུ་ནག་ཉེར་ལྔ་སོགས། །འདི་ལ་མཆོག་ཏུ་གྱུར་ཀྱང་ནད་ཆུང་ལ། །གཉེན་པོ་ཆེ་བ་མི་བསྟེན་བྱེ་བྲག་བཅོས། །ཉེས་གསུམ་འདུས་པ་བཅས་པ་མདེ་(རིམ་པས་)ཁ་བསྒྱུར། །གྲེ་ཆམ་ལི་ཤི་དྲུག་སྟེང་སྐྱེར་ཤུན་དང༌། །སྒོང་ཐོག་ཚར་བོང་ཨ་ཀྲོང་སྲོ་ལོ་དཀར། །གླ་གུལ་སྟར་བུ་སྤང་རྩི་བདུད་རྩི་ལོ། །ལྡེ་གུར་བསྒྲིལ་ལ་ཁ་མུར་བསྟེན་པ་འམ། །ཁོང་དུ་བཏང་བས་གྲེ་བའི་ཚད་པ་སེལ། །ཡང་ན་བོང་དཀར་སྤང་རྒྱན་ཤིང་མངར་དང༌། །ཅུ་གང་འུ་སུ་ཀར་སྦྱར་སོ་ཕག་གི །གདུས་ཁུའི་མཁུར་བཀང་གྲེ་བ་ཚ་སྐམ་དང༌། །སྐད་འགགས་ཁ་སྐམ་ནད་ལ་མཆོག་ཏུ་བསྔགས། །སྟོབས་ཆེན་གོང་བཤད་ཁྱུང་སྔོན་དགུ་པ་ཤིས། །ཚབས་ཆེ་ལྕེ་འོག་སྐྱོར་གོང་རྩ་ལ་གཏར། །གྲེ་ཆམ་མཚུལ་བར་ཞེན་ལ་ལབ་ཁུས་བདུག །སྣ་སྨན་ཕྱི་མའི་རྒྱུད་བཞིན་བསྟེན་པར་བྱ། །གློ་ཆམ་ཨ་རུ་ཅུ་གང་ཨུཏྤལ་གསུམ། །འཛིན་པ་སྲོ་ལོ་དཀར་པོ་སྦྱར་བ་བསྟེན། །རྗེས་སུ་གློ་ཚད་ཀུན་སེལ་ཤིས་པ་ཡིན། །ཡང་ན་འཁྲུགས་གློ་ཀུན་སེལ་ཆམ་མཇུག་བསྔགས། །ཡང་ན་སྤང་རྒྱན་ཨར་ནག་སྙིང་ཞོ་ཤ། །ཙན་དན་ཛཱ་ཏི་ཅུ་གང་སྲོ་ལོ་དཀར། །རུ་རྟ་འབྲས་གསུམ་སླེ་ཏྲེས་བ་ཤ་ཀ །ལི་ཤི་ཤིང་མངར་སྤང་རྒྱན་བཅོ་ལྔ་འདིས། །ཆམ་ཚད་གྲེ་བར་བབས་པ་དབུགས་མི་བདེ། །བད་རླུང་སྟོད་དུ་འཁྱིམས་དང་གཟེར་ཆེན་དང༌། ཁྱད་པར་བད་ཚད་སེལ་བར་འདི་རང་བསྔགས། །རིམས་ཆམ་རིམས་ནད་སྤྱི་ལྟར་བཅོས་པར་བྱ། །བསྲུང་ཐབས་རྒྱུད་ནང་ཨ་ལོ་དཀར་པོ་སོགས། །སྔགས་ཀྱི་རིམ་པ་གྲངས་མང་ཐུབ་པ་དཀའ། །ར་རྒྱ་བོ་ཡི་སྲེ་ལོང་སྤྲེའུའི་གདོང༌། །བྲིས་ལ་མིག་ཕུབ་རྒྱ་ཤོག་གསེར་བྲིས་སམ། །མ་འབྱོར་མཚལ་གྱིས་ཨོཾ་ཁྲི་མིང་ཧུར་ཧུར་སྭཱཧཱ། འཆང་བ་ལ་གྲེ་ཆམ་རིམས་ཆམ་གྲིབ་ཆམ་གློ་ཆམ་སྣ་ཆམ་ཐམས་ཅད་སྲུངས་ཤིག་རཀྵ། ཞེས་བྲིས་གླ་རྩི་གི་གུར་ཤུ་དག་འབྱུག །ཉིས་སྟོང་བརྒྱ་ཕྲག་གཅིག་བགྲངས་ཧས་བཏབ་ལ། །མས་དྲིལ་རང་སྔགས་རྟེན་སྙིང་རབ་གནས་བྱ། །དཀྲིས་ནག་བཏགས་པས་ཆམ་པ་ཟླ་གསུམ་ཐུབ། །སྣ་ཆམ་ཡོས་ཀྱི་རླངས་བདུག་མང་དུ་བྱ། །གུ་གུལ་དཀར་ནག་རས་སྔོན་ན་གི་དང༌། །ཤ་ཚིལ་ཨ་རུ་ཨར་ནག་ལང་ཐང་ཙེ། །ནས་སྣ་གཉིས་སྦྱར་སྣར་བདུག་སྣ་ཆུ་ཆད། །མཇུག་ཏུ་གུར་ཀུམ་བཅུ་གསུམ་བདེ་བྱེད་ཆེ། །ག་པུར་ཉེར་ལྔ་ལ་སོགས་རྗེས་གཅོད་དཔག །ཟླ་ཤེལ་མྱུ་གུའི་སྦྱོར་བ་དག་ཀྱང་ཤིས། །ཟས་སྤྱོད་ཚད་པ་སྤྱི་བཞིན་ཤེས་པར་བྱ། །དེ་ཡང་ནད་གཞན་སྟེང་དུ་འཁྱོགས་པ་ན། །བརྩོན་པས་རང་རང་གཞུང་བཞིན་བཅོས་པར་བྱ། །ཞེས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀཏྤཱུ་ར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ཞེས་པ་ལས་ཆམ་རིམས་བཅོས་པའི་ལེའུ་སྟེ་ཉེར་དགུ་པའོ། །དེ་ལྟར་རིམས་རྐྱང་བཅོས་པའི་ལེའུ་བཞི་རྫོགས་སོ།།

 

 

མཐའ་མའི་འདོན་ཐེངས་།: 10.11.2020 ཉིན། 4:37 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།