སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་ཉི་ཤུ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>



ལེའུ་ཉི་ཤུ་པ། གཉན་ནད་རིགས་དགུ་བཅོས་པ།

ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །གཉན་ལ་རིགས་དགུ་ཡོད་དེ། མགོ་ལ་བྱུང་ན་ཀླད་གཟེར། ཨོག་མར་བྱུང་ན་གག་པ། གྲེ་བ་ལ་བྱུང་ན་ཐོར་པ། སྙིང་དང་མཆིན་པ་ལ་བྱུང་ན་སྟོད་གཟེར། གློ་བ་ལ་བྱུང་ན་གློ་ཚད། ཕོ་བ་ལ་བྱུང་ན་ཕོ་ལོག རྒྱུ་མ་ལ་བྱུང་ན་རྒྱུ་གཟེར། རྐང་པ་ལ་བྱུང་ན་ཉྭ་བྱིན་ལྷོག ཕྱི་རོལ་དུ་སྐྲངས་ན་ལྷོག་པའོ། །དེ་རྣམས་ཀུན་གྱི་སྤྱི་རྟགས་ལ། ཕྲུམ་སེར་ཁྱེར་ལ་འདར་ཞིང་གྲང་ཤུམ་བྱེད། སྒྱིད་པ་སྐྱུར། ཁ་ཁ། དབུགས་ཐུང་། གཟེར་དྲག་པོ་བྱུང་ནས་འགུལ་མི་ནུས་པ་སྙམ་བྱེད་པ་བྱུང་ན་ཡིན། བྱེ་བྲག་ཏུ་སྟོད་གཟེར་ལ་མིག་སེར། གློ་ཚ་བ་ལ་ལུད་པ་དམར་པོ་དང་། སེར་པོ་དང་། དུད་ཁ་འོང་། རྒྱུ་གཟེར་ལ་འཁྲུ་བ་མདོག་སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། ནག་པོ་དང་། འདྲེས་པའི་བར་དུ་འཁྲུའོ། །གག་པ་ནི་ཐོར་པ་མི་མཐོང་སར་གྲེ་བ་ཙི་ཙི་འབྱུང་། ཟུག་གཟེར་ཆུང་། ཐོར་པ་ནི་མིག་གིས་མཐོང་བ་ན། དཀར་པོ་དང་། སྨུག་པོ་དང་། ནག་པོ་རྣམས་འབྱུང་། ཁ་དོག་ལ་ནི་གཉན་མི་གཉན་མེད། རྡོག་པོ་ཆེ་ཞིང་གྲངས་ཉུང་ན་གཉན། ཆུང་ཞིང་མང་ན་མི་གཉན། ཕྱོགས་ཀུན་ནས་སྐྲངས་ན་གཉན། དེའི་འོག་ན་ཐོར་པ་ཆེན་པོ་ཡོད་པ་ཡིན། ཕོ་གཟེར་ལ་ཕོ་བ་སྦོས་པར་སྲ་ན་གཉན་ནོ། །ནད་འཁྱུག་ཅིང་ཡར་འགྲོ་མར་འགྲོ་བྱེད་ན་མི་གཉན། གཟེར་མི་འཕོ་བར་ཕུར་བ་བཙུགས་པ་འདྲ་ན་གཉན་ནོ། །ཉྭ་བྱིན་ལོག་ནི་ཉྭ་ངར་གདོང་པར་འཕུངས་སོ། །ཟུག་ལ་སྲན་ཐབས་མེད་པའོ། །ལྷོག་པ་ལ་འབྱུང་བཞིའི་བརྟག་ཐབས་ཡོད་ཟེར་ཏེ་མི་ཟབ། གང་ཡིན་ཡང་ཡན་ལག་གི་སྤུ་ལྡོག་སྙིང་མི་དགའ། དྲོད་ཆེ། སྐྲངས་མདོག་གང་ལྟར་འདུག་ཀྱང་མི་སྟོ་སྟེ། ཆེ་ཞིང་སྙི་ན་མི་གཉན། མེ་ལྕེ་རིས་སུ་ཡམ་ཡམ་འདུག་ན་མི་གཉན། ཆུང་ཞིང་སྲ་ན་གཉན། སྐྲངས་འཕྱང་ན་གཉན། དེ་རྣམས་གཉན་རིག་དགུའོ། །དེ་ལ་གནས་ངེས་པ་མེད་པར་གཟེར་འཕོ་བ་ཅིག་ཡོད་དེ། དེ་ཡང་སྨད་གཟེར་སྟོད་དུ་འཕོ་ན་གཉན། ཕྲུམ་སེར་ཁྱེར་བ་ལ་སོགས་པ་གཉན། ཐོག་བབས་སུ་འོང་བ་ཅིག་ཡོད་དེ། དེ་དག་གང་བྱུང་ཡང་གཉན་པ་ཅིག་ཡིན་ནོ། །དེ་ཡང་མགོ་དང་། རྐང་པ་དང་། སྙིང་ག་གསུམ་ལ་བབས་ན་ཤིན་ཏུ་གཉན། གཞན་རྣམས་བག་མི་གཉན། ཐམཅས་ཅད་ཀྱི་རྩ་ཆད་པ་གཞན་པས་འཇམ་པ་ཅིག་ཡོད། ཐམས་ཅད་ལ་སྨན་མ་གཏང་བར་གཟེར་ཆག་ན་ངན། དང་པོ་གཟེར་གཅིག་ཡོད་པ་ལུས་ཀུན་ལ་བྲམ། ཟུག་ཆུང་བ་སྙམས་བྱེད་ཅིང་འགུལ་མི་ཤེས་པར་འཁུན་ན་ངན། སྣ་ནས་ཆུ་སེར་བྱུང་ན་འཆི། སྣ་ཁྲག་བྱུང་ཡང་སོས་པ་ཡོད་དོ། །ཀུན་གྱི་ཟས་ཀྱི་བསྲུང་བྱ་ནི། དཀར་མཐའ་དག་དང་། མངར་སྐྱུར་མཐའ་དག་སྤང་། ཤ་ཆང་སྤང་། ལྟོ་སྐྱ་ན་དགའ་སྟེ། ལྡོག་ཉན་ཡོད་པས་བདེ་བར་བརྟས་བརྟས་སུ་ལྟོ་སྐྱ་བར་བྱའོ། །སྤྱིར་གཏར་ག་མི་བྱ། ཐོག་མར་ག་པུར་ལ་སོགས་པའི་བསིལ་སྨན་མི་གཏང་། གདོན་དང་ལྡན་པས་རིམ་གྲོ་དང་། གདོན་བཅོས་བྱ། ཐབ་དང་བསྡོངས་ན་ཐབ་གདོན། ཁ་ལ་ཡང་ཐོར་པ་ཕྲ་མོ་ཕལ་ཆེར་འོང་བ་ཡིན། ཕྲུམ་སེར་ཁྱེར་པ་ལ་སོགས་པ་རིམ་གྱིས་འོང་བ་རྣམས་ལ་ཞག་གཅིག་གམ། གཉིས་སམ། གསུམ་དུ་ནད་ལྕི་མི་ལྕི་སྨིན་དུ་བཅུག་ལ་སྨན་གཏང་། ཐོག་བབས་རྣམས་ལ་སྨིན་མ་སྨིན་མེད་པར་སྨན་གཏང་ངོ་། །སྨན་གྱི་རིམ་པ་ནི། ཐར་ནུ་བཏུལ་མ་འམ། མ་བཏུལ་ཡང་རུང་སྟེ། རྒྱལ་པོ་ཡིན་པས་སུམ་གཉིས། ཆུ་རྩ་རྐང་གཅིག་པ་བློན་པོ་ཡིན་པས་སུམ་ཆ། ཧོང་ལེན་བཙུན་མོ་ཡིན་པས་ཆེ་ཆུང་མི་སྟོའོ། །དེ་གསུམ་གྱི་གཉན་ནད་ཐམས་ཅད་སོས་སོ། །གལ་ཏེ་ནད་ཆེས་ནས་སྐྱོ་བ་མང་བར་གཏང་བར་འདོད་ན། རེ་ལྕགས་པ་དཀར་པོ། སྟག་ཤ་བ། གུ་གུལ་ནག་པོ། གླ་རྩི། ཤུ་དག གི་ཝང་སྟེ་དགུ་སྦྱོར་གྱིས་ནི་མི་སོས་པ་གང་ཡང་མེད་དོ། །བྱེ་བྲག་ཏུ་ཀླད་གཟེར་ལ་གུ་གུལ་ནག་པོ་ཆེ་བར་བྱའོ། །ཐོར་པ་ལ་རྒྱ་ཚ་གཏང་། གག་པ་ལ་བྱང་བ་ཆ་ཚང་གི་གཤོག་པ་དཀར་པོ་བཏོན་པ་དང་། རྒྱ་ཚ་མེད་ཐབས་མེད། སྟོད་གཟེར་ལ་ཁ་ཆེ་གུ་གུལ་མེད་ཐབས་མེད་དོ། །གློ་ཚད་ལ། ལི་ག་དུར་དང་ཅུ་གང་། ཕོ་གཟེར་ལ་རྒྱམ་ཚ། ཉྭ་བྱིན་ལོག་ལ་གླ་རྩི་ཆེ་བར་བྱའོ། །རྒྱུ་གཟེར་ལ་སྔར་གྱི་རྣམ་དང་བག་མི་འདྲ་སྟེ། གླ་རྩི། ཤུ་དག་དཀར་པོ། གུར་གུམ། གི་ཝང་། གུ་གུལ། རྒུན་འབྲུམ། ལི་ཤི། ཐོག་གིས་བསད་པའི་རུས་པ་མ་བསྲེགས་པ་དེ་རྣམས་ཞིབ་པར་བྱས་ལ་གཏང་། དེ་ནི་རྒྱུ་མ་བསྲུང་བར་བྱ་བ་ཡིན། དེ་ནས་ཞག་འགའ་འཁྲུ་རུ་བཅུག་པ་རང་གིས་ཆོག མི་གཉན་ན་བདེ་རུ་འགྲོ། གཉན་ནད་སྔར་གྱི་སྨན་དགུ་པོ་དེའི་སྟེང་དུ་ཐོག་རུས་བཅུ་སྦྱར་ལ་གཏང་། ནད་བྱང་ནས་འཁྲུ་བ་རང་ཆད་དུ་འགྲོ། སྤྱིར་ཐོག་རུས་སྐེར་བཏགས་པས་བསྲུང་བར་བྱའོ། །ལྷོག་པ་ལ་ཕྱི་རུ་བྱུང་བས་ནང་དུ་ཁོང་སྨན་དགུ་སྦྱོར་གཏང་བ་གལ་ཆེའོ། །ཁོང་སྨན་མ་གཏང་བར་བྱུག་པ་བྱས་པས་ནད་ཚབས་ཆུང་ནས་བདེ་ན་ཡང་རྣག་ཏུ་སོང་ནས་རྨ་ཆེན་པོ་འོང་། ཁོང་སྨན་བཏང་ནས་ཕྱི་རུ་བྱུག་པ་མ་བྱས་ཀྱང་རང་ཞི་རུ་འགྲོ། ཕྱི་རོལ་ཏུ་བསྐུ་སྙིང་འདོད་ན་སྔར་གྱི་སྨན་དགུ་པོ་ལས་མྱག་དང་། དུར་བྱིད་གཉིས་བྱིས་པའི་དྲི་ཆུས་སྦྱར་ལ་བྱུག འཁྲུ་སྐྱུགས་སམ། རི་བོང་གི་སྦྲུན་མནན། མི་གཉན་པའི་ས་རུ་མངར་གྱི་ཐིག་ལེ་བྱ། སྨན་ཟུག་ན་བཤལ་དུ་འོང་། དེས་བདེ་ནས་འགྲོ་གསུང་། མི་ཟུག་ན་མི་བཤལ་བས་སྨན་བསྐྱལ་ལ་ལ་གཏང་ངོ་། །སྨན་གྱིས་གཉན་ནད་ཐམས་ཅད་བསྲུང་བའི་རྫས་ལ། གསེར་བུད་མེད་ཀྱིས་མ་རེག་པ། ཤུ་དག གླ་རྩི། གུ་གུལ། སྒོག་སྐྱ། དེ་རྣམས་ཕུར་མ་བྱས་ལ། སྔགས་བཏབ་ལ་མགུལ་དུ་གདགས་སོ། །བསྒོམ་བཟླས་ཀྱིས་བསྲུང་བ་ནི། སྐྱབས་འགྲོ་བྱ། བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམ། ཤུ་ནྱ་ཏཱས་སྟོང་པར་བསྒོམ། སྟོང་པའི་ངང་ལས་ཨ་ལས་ཕག་པ་དཀར་པོའི་ཁྲི་ཅིག་བསྒོམ། དེའི་སྟེང་དུ་པ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ། ཨཱཿལས་འཇམ་དཔལ་སྐུ་མདོག་དཀར་པོ་རལ་གྲི་དང་། པུ་སྟི་འཛིན་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཐུགས་ཀར་ཨ་ལས་ཟླ་བ་ཨས་མཚན་པ། དེ་ལས་འོད་འཕྲོས་པས་ཕག་པ་དཔག་ཏུ་མེད་པར་གྱུར། དེ་དག་གིས་ནད་དང་གདོན་ཐམས་ཅད་ཟོས་ནས་མཚུལ་པ་ཕྱིར་བསྟན་པའི་ར་བ་ཆེན་པོ་གཅིག་བསྒོམ། དེ་དག་ལ་དམིགས་ལ་སྔགས་བཟླས་སོ། །ཨོཾནནྟཱི་ཀརྨབྷིས། དུར་ཕག་ཚ་ནན། ཕུ་བ་སརྦ་ཀརྨ་རྒུ་ཀརྨྰ་ཟླ་ཟུར་མ་མ་ཡུ་བ་ཡུ་བེ་གེ་ཕཊ། ཞེས་ཞག་རེ་ལ་བརྒྱ་རྩ་ལ་སོགས་ཅི་རིགས་པར་བཟླས་སོ། །གཉན་ནད་རིགས་དགུའི་བཅོས་ཀ་ཟབ་བོ། །སཱ་མྰ་པྟམི་ཐི།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 11:28 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།