སྨན་རྩིས་དྲ་བ། - ཆེད་རྩོམ།

ཟ་ཁུ་གཅིན་སྙིར་ཉམས་ཞིབ་གྲུབ་འབྲས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.11.2013
ཆེད་རྩོམ། >>

 

བོད་གཞུང་སྨན་རྩིས་ཁང་ནས་ཟ་ཁུའི་གཅིན་སྙིར་ཉམས་ཞིབ་བགྱིས་པའི་གྲུབ་འབྲས་སྙིང་བསྡུས།

 

ནད་བཅོས་ཉམས་ཞིབ་སྡེ་ཚན།

བོད་གཞུང་སྨན་རྩིས་ཁང་།

 

 

                                         མཚན་དང་དཔེ་བྱད་བཟང་པོས་རབ་བརྒྱན་པའི།།

                                         སྨན་བླ་དྲང་སྲོང་བརྒྱུད་པར་བཅས་རྣམས་ལ།།

                                         གུས་པས་བཏུད་ནས་གཅིན་སྙིར་ཟས་སྨན་གྱིས།།

                                         ཉམས་ཞིབ་བགྱིས་པའི་གྲུབ་འབྲས་འབྲི་བར་སྤྲོ།།

 

ཞེས་མཆོད་པར་བརྗོད་ནས་ཐོག་མར་གཅིན་སྙིར་ཉམས་ཞིབ་བགྱིས་པའི་གྲུབ་འབྲས་སྙིང་བསྡུས་བསྟན་པ་ལ། བོད་སྨན་གྱིས་གཅིན་སྙིའི་ནད་གཞིར་ཕན་ནུས་ཀྱི་ཁྱད་པར་སྟོན་ཆེད་སྨན་ཁབ་ཨིན་སུ་ལིན་(Insulin)བསྟེན་མ་དགོས་པའི་ཟ་ཁུའི་གཅིན་སྙིའི་ནད་གཞི་གསར་པ་ནད་པ་གྲངས་༢༠༠ ལས་ནད་པ་གྲངས་༡༠༠ ཐམ་པར་ཟས་སྤྱོད་ཁོ་ནས་མངར་མོའི་ཚད་གཞི་གཅོག་ཐབས་ཞུས་པ་དང་།  ནད་པ་གྲངས་༡༠༠ ཐམ་པར་ཟས་སྤྱོད་སྟེང་བོད་སྨན་ཁག་བཞི་ནས་གང་རུང་གཉིས་ཀྱིས་སྨན་བཅོས་ཞུས་ཏེ་མངར་ཚད་གཅོག་ཐབས་ཞུས་པར་སྨན་བཅོས་ཀྱི་དུས་ཡུན་བདུན་ཕྲག་༢༤རྗེས་བརྟག་དཔྱད་སྐབས་ཟས་ཀྱི་སྡེ་ཚན་ནད་པ་རྣམས་ཀྱི་ལྟོ་སྟོང་མངར་ཚད་ཆ་སྙོམས་བརྒྱ་ཆ་དྲུག་དང་གྲངས་ཆུང་བཞི་དང་།  ཟུངས་འདྲེས་མངར་ཚད་ཆ་སྙོམས་བརྒྱ་ཆ་དྲུག་དང་གྲངས་ཆུང་བདུན་ལས་འཇགས་མེད་ཀྱང་ཟས་སྤྱོད་དང་སྨན་བཅོས་ཟུང་འབྲེལ་གྱི་ནད་པའི་ལྟོ་སྟོང་མངར་ཚད་ཆ་སྙོམས་བརྒྱ་ཆ་ཉི་ཤུ་རྩ་གསུམ་དང་གྲངས་ཆུང་བཞི་དང་ཟུངས་འདྲེས་མངར་ཚད་བརྒྱ་ཆ་ཉི་ཤུ་རྩ་གཅིག་དང་གྲངས་ཆུང་བརྒྱད་ཆག་ཡོད་པས་དེ་གཉིས་ཀྱི་གྲུབ་འབྲས་དབར་དབྱེ་ཁྱད་ཆེན་པོ་ཐོན་ཡོད་པ་རེད། །མདོ་དོན་ཟས་སྤྱོད་རྐྱང་པའི་སྡེ་ཚན་གྱི་ནད་པ་རྣམས་ལ་ཟས་སྤྱོད་ཁར་བོད་སྨན་ཟུང་འབྲེལ་ཐོག་སྨན་བཅོས་བྱས་པའི་ནད་པ་རྣམས་ཀྱི་གཅིན་སྙིའི་མངར་ཚད་མང་བ་ཆག་པའི་གྲུབ་འབྲས་དེས་བོད་སྨན་གྱིས་གཅིན་སྙིར་ཕན་གྱི་ཡོད་པའི་སྒྲུབ་བྱེད་གསལ་པོ་སྟོན་པ་སྡོམ་ཚིག་དཔྱད་ཁྲ་ནང་གསལ་ལྟར་ཡིན། ཟུངས་འདྲེས་(GHb)མངར་ཆའི་ཚད་གཞི་གང་ལེགས་འཇགས་(ཆག་)པ་འདི་ནི་བོད་སྨན་ཙམ་ལ་མ་གཏོགས་བཅོས་ཐབས་ལུགས་གཞན་ལ་མེད་པས་གཅིན་སྙི་ཟ་ཁུའི་ནད་པ་རྣམས་ལ་ཀླད་གྲིབ་དང་།  སྙིང་གཟེར། མཁལ་སྐྱོན། མིག་གི་རྩ་མདངས་ཉམས་ཞན་སོགས་གཞོག་སློང་ངམ་ཟུར་ཕོག་མི་ཡོང་བའི་སྔོན་འགོག་བྱེད་ཐུབ་པའི་བཅོས་ཐབས་རེ་བ་ཅན་ཞིག་ཡིན་པའི་ཁུངས་སྐྱེལ་དང་རེ་བ་གསར་པ་ཞིག་རྙེད་པ་རེད།

བོད་ཁ་བ་ཅན་གྱི་ཡུལ་འདིའི་རིག་གནས་ཆེན་པོ་ལྔའི་ཡ་གྱལ་དུ་གྱུར་པའི་གསོ་བ་རིག་པའི་གཞུང་ལུགས་འདི་ནི་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ལྡན་པ་ཞིག་དང་།  ཁྱེམ་མཚེས་རྒྱལ་ཁབ་མང་པོའི་གསོ་རིག་གཞུང་གི་བཅུད་བསྡུས་པའི་སྙིང་པོ་ཁྱད་ཆོས་ལྡན་པ། ལྷག་པར་གསོ་རིག་མཁས་དབང་མེས་པོ་རིམ་བྱོན་རྣམས་ཀྱིས་གནའ་རབས་ནས་བཟུང་ནད་རིགས་སྣ་ཚོགས་དང་འཐབ་རྩོད་བགྱིས་པའི་ལག་ལེན་ཉམས་མྱོང་ཕྱོགས་སྡོམ་མཛད་པའི་གཞུང་འདིར་མི་རིགས་རང་ཉིད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་ལ། ཆོས་རྒྱལ་རིམ་བྱོན་གྱིས་ཀྱང་ཐུགས་གཙིགས་ཆེན་པོས་འཛིན་སྐྱོང་སྤེལ་གསུམ་གྱི་བཀའ་དྲིན་བསྐྱངས་ཤིང་།  ྋརྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐབས་ནས་བཟུང་ལྕགས་པོ་རི་སྨན་པའི་གྲྭ་ཚང་གསར་འཛུགས་ཐོག་ཨུ་རུ་སུ་དང་།  སོག་པོ། རྒྱ་ནག་སོགས་སུའང་དར་སྤེལ་བྱུང་ཞིང་།  ལྷག་པར་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་ལྷ་ས་སྨན་རྩིས་ཁང་གསར་འཛུགས་གནང་བ་སོགས་གསོ་རིག་གི་འགྲོ་དོན་རྒྱ་ཆེ་སྤེལ་བཞིན་གནས་ཀྱང་།  བོད་མི་སྤྱིའི་བསོད་ནམས་ཀྱི་མཐུ་ཉམས་རྐྱེན་རྒྱ་དམར་པོས་རིག་གནས་གསར་བརྗེའི་སྐབས་རྙིང་བཞིར་སྒྲོ་བཏགས་ཀྱིས་བོད་ཀྱི་གསོ་རིག་དཔེ་གཞུང་མང་པོ་དང་བྲིས་ཐང་ཆ་བྱད་སོགས་མེར་བསྲེགས་རྩ་མེད་བཏང་བ་དང་།  བོད་ཀྱི་སྨན་པ་མཁས་དབང་རྣམས་ཀྱང་བཙོན་འཇུག་མནར་གཅོད་ཀྱིས་ཕལ་ཆེ་བ་རྐྱེན་འདས་སུ་གྱུར་བ་སོགས་ཉམས་གུད་ཧ་ཅང་ཆེན་པོ་བྱུང་ཡོད། འོན་ཀྱང་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་ནས་སྤྱི་ལོ་༡༩༦༡ ལོར་བྱེས་འབྱོར་བོད་མིའི་ཁྲོད་ནས་སྨན་པ་དང་རྩིས་པ་མཁས་དབང་འགའ་བསྡུ་རུབ་ཀྱིས་རྒྱ་གར་དྷ་རམ་ས་ལར་བོད་གཞུང་སྨན་རྩིས་ཁང་གསར་འཛུགས་བཀའ་དྲིན་བསྐྱངས་པའི་འོག་ཉམ་ཐག་ནད་པར་སྨན་སྦྱིན་དང་སྨན་གྱི་སློབ་གཉེར་བ་རིམ་པར་བསྡུ་སྐོང་གནང་བ་ལས་ད་ཆ་སྨན་པ་གྲངས་༢༠༠ ཙམ་སློབ་ཐོན་ཐུབ་པ་བྱུང་ཁར་ྋསྐུའི་བླ་སྨན་བགྲེས་གཞོན་སོགས་བོད་ནས་གསར་ཕེབས་ཀྱིས་སྨན་སྦྱོར་ཁང་དང་།  སྨན་རྫས་ཉམས་ཞིབ། རྩོམ་སྒྲིག་དང་དཔར་བསྐྲུན། སྔོ་སྦྱོར་ཉམས་ཞིབ། སྨན་གྱི་འགྲེམས་སྟོན་ཁང་སོགས་སྡེ་ཚན་མང་དག་ཅིག་གསར་འཛུགས་དང་རྒྱ་བསྐྱེད་གནང་ཞིང་།  རྒྱ་བལ་འབྲུག་གསུམ་གྱིས་གཙོས་ཕྱི་རྒྱལ་ཡུལ་གྲུ་༤༠ ཙམ་ལ་རིམ་པས་ཡན་ལག་སྨན་ཁང་ཁག་གསར་འཛུགས་ཐུབ་པར་བརྟེན་ནད་ཀྱིས་མནར་བའི་ཉམ་ཐག་ནད་པ་འབུམ་ཕྲག་མང་པོར་སྨན་བཅོས་གནང་བཞིན་པ་མ་ཟད། ལོ་ལྟར་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སྨན་གྱི་འགྲེམས་སྟོན་དང་གསུང་བཤད་བགྲོ་གླེང་གནང་བ་སོགས་ཀྱིས་དེང་འཛམ་གླིང་ནང་བོད་ཀྱི་གསོ་བ་རིག་པའི་སྙན་གྲགས་དར་ཁྱབ་ཇེ་ཆེར་འགྲོ་བཞིན་པ་དང་།  བོད་ཀྱི་གསོ་བ་རིག་པར་སློབ་སྦྱོང་དང་ཞིབ་འཇུག་ཀྱང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་རེད། དུས་དང་རྣམ་པ་ཀུན་ཏུ་ྋགོང་ས་མཆོག་ནས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་འདི་འཛིན་སྐྱོང་སྤེལ་གསུམ་དང་ལྷག་པར་དེང་དུས་ཚན་རིག་དང་མཐུན་པའི་ཉམས་ཞིབ་བྱ་རྒྱུར་ཐུགས་འཁུར་ཆེ་བཞེས་ཀྱིས་བཀའ་སློབ་སྔ་ཕྱི་རིམ་ཕེབས་ནང་"ང་ཚོ་བོད་པའི་གསོ་རིག་གི་རྨང་གཞི་འདི་ཧ་ཅང་ལེགས་པོ་ཞིག་ཡིན་ནའང་ང་ཚོའི་གསོ་རིག་འདི་ལོ་ངོ་སྟོང་ཕྲག་སོང་བའིི་རིག་གནས་རྙིང་པ་ཞིག་ཡིན་སྟབས་ནད་རིགས་ཁ་ཤས་ཀྱི་བཅོས་ཐབས་ཐད་དེང་དུས་ཡར་རྒྱས་སོང་བའི་བཅོས་ཐབས་དེ་ཚོ་ནས་ཚུར་བསླབ་བྱ་དང་ཉམས་མྱོང་ལེན་རྒྱུ་ཏན་ཏན་ཡོད་ཀྱི་རེད་སྙམ། རྩ་བ་ང་རང་ཚོ་བོད་སྨན་གྱི་རིག་གཞུང་འགྲོ་སྟངས་ཡིན་པ་གང་ཞིག་ལ། དེང་དུས་འཛམ་གླིང་གི་སྨན་བཅོས་རིག་གཞུང་དེ་ཚོ་དང་འབྲེལ་བ་གོ་བསྡུར་མང་ཙམ་བྱས་ཏེ་ཉམས་ཞིབ་བྱེད་ཐུབ་པ་བྱུང་ན་ཡག་པོ་ཡོང་གི་རེད། སྔར་བྱོན་མཁས་དབང་རྣམ་པས་ཀྱང་དེ་ལྟར་གནང་ནས་ཉམས་མྱོང་བསགས་ཡོད། གང་ལྟར་ཡང་སྙིང་། མི་ནད་ཀྱིས་མནར་ནས་སྡུག་བསྔལ་བར་ཡོད་པའི་ནད་དེ་སེལ་ཐབས་བྱེད་རྒྱུའི་ཐོག་ལ་ང་རང་ཚོའི་སྨན་བཅོས་རྙིང་པའི་འགྲོ་སྟངས་ཐོག་ནས་ཐབས་ཤེས་དང་ཕན་ཐོགས་ག་རེ་ཡོད་མེད་དཔྱད་ཞིབ་མང་པོ་བྱེད་རྒྱུ་ཡོད་པ་རེད། དེ་འདྲ་བྱས་པ་ཡིན་ན་ང་རང་ཚོའི་བོད་སྨན་ཉམས་ཆག་འགྲོ་གི་མ་རེད་ཡར་རྒྱས་འགྲོ་གི་རེད་ཅེས་དང་།  དབྱིན་ཇིའི་སྐད་ནང་རི་སཱར་ཅེ་ Research ཟེར་བ་རིག་གཞུང་ཁག་ལ་ཉམས་ཞིབ་བྱེད་རྒྱུ་དེ་རེད། ལས་དོན་འདི་གྲས་སྤྱིའི་སྒྲིག་འཛུགས་ཤིག་ནས་འཆར་གཞི་བཏིང་ནས་ལག་ལེན་བཀལ་ན་གང་བྱས་ཀྱང་རླབས་ཆེ་བ་ཞིག་ཡོང་གི་རེད།" ཅེས་བཀའ་སློབ་ཟབ་ནན་ཕེབས་པར་བརྟེན།

སྤྱི་ལོ་༡༩༨༠ ལོར་སྨན་རྩིས་ཁང་དུ་ཉམས་ཞིབ་སྡེ་ཚན་ཆེད་འཛུགས་གནང་བའི་འོག་རིམ་པས་སྨན་རྫས་ཉམས་ཞིབ་དང་ནད་བཅོས་ཉམས་ཞིབ་སྡེ་ཚན་གཉིས་སུ་དབྱེ་ཞིང་།  ཡན་ལག་སྨན་ཁང་ཁག་ནས་བོད་སྨན་གྱིས་ཕན་བསྐྱེད་ཆེ་བའི་ནད་གཞི་ཁག་གི་འགེངས་ཤོག་བསྡུ་རུབ་གནང་རྒྱུ་སོགས་ལས་དོན་མང་དག་ཅིག་འགོ་འཛུགས་ཞུས། ལྷག་པར་དུ་ཡན་ལག་སྨན་ཁང་ཁག་ནས་གཅིན་སྙིའི་ནད་གཞིར་ཕན་སྐྱེད་ཆེན་པོ་བྱུང་སྐོར་འགེངས་ཤོག་མང་དག་འབྱོར་བཞིན་ཡོད་ཀྱང་རྒྱལ་སྤྱིའི་ཁྲིམས་སྲོལ་དང་མཐུན་པའི་ཁུངས་སྐྱེལ་ར་འཕྲོད་མེད་ན་ཆ་འཛིན་མི་བྱེད་པས་དེ་ལྟར་བཟོ་བསྐྲུན་ཆེད་ཉམས་ཞིབ་བགྱིས་པའི་དཔྱད་ཡིག་སོགས་དགོས་པར་བརྟེན། སྤྱི་ལོ་༡༩༩༦ ལོར་དབུས་དང་ཕྱོགས་མཐའི་སྨན་པའི་ཚོགས་ཆེན་བསྐྱངས་ཏེ་གཅིན་སྙིའི་ནད་གཞིར་ཉམས་ཞིབ་བྱ་ཕྱོགས་བཀའ་བསྡུར་ཐག་གཅོད་གནང་བ་དང་ཆེས་མཐོའི་སྨན་རྩིས་ཚོགས་ཆུང་ལའང་སྙན་སེང་བཀའ་འཁྲོལ་ཐོབ་ནས་མཐར་ཨིན་སུ་ལིན་ལ་བརྟེན་མ་དགོས་པའི་གཅིན་སྙིའི་ནད་གཞི་གསར་པ་མི་གྲངས་༢༠༠ ལ་ཉམས་ཞིབ་གནང་རྒྱུའི་ཐུགས་གཏན་འཁེལ་བ་རེད། དེ་ཡང་ཐོག་མའི་འཆར་གཞིར་ཕྱི་ལུགས་འགྲོ་སྟངས་རྐྱང་པའི་ཐོག་ནད་པ་དང་སྨན་པ་གཉིས་ཐད་ནས་ནད་པ་བྱེ་བྲག་སོ་སོར་སྨན་ག་རེ་སྤྲད་ཀྱི་ཡོད་མེད་མ་ཤེས་པའི་ཐོག་སྨན་ལ་ཞིབ་འཇུག་བྱ་རྒྱུ་བྱས་ཀྱང་།  དེ་ལྟར་བྱས་ན་བོད་སྨན་གྱི་འགྲོ་སྟངས་ཐོག་ནས་ཉམས་ཞིབ་དངོས་གཞིའི་སྐབས་དཀའ་ངལ་ཕྲད་གཞི་ལ་བརྟེན་ནད་པ་གྲངས་༡༠༠ ཐམ་པར་ཟས་སྤྱོད་རྐྱང་པའི་སྒོ་ནས་བཅོས་ཐབས་བྱ་རྒྱུ་དང་ནད་པ་གྲངས་༡༠༠ ཐམ་པར་ཟས་སྤྱོད་དང་སྨན་བཅོས་ཟུང་འབྲེལ་བཅོས་ཐབས་ཀྱིས་ཐ་མའི་གྲུབ་འབྲས་ཇི་བཟང་དང་ཁྱད་པར་ཇི་ཡོད་ཚོད་བལྟ་བྱ་རྒྱུའི་འཆར་གཞི་བཀོད་དེ་ལས་འགུལ་དེ་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཁག་བཞི་ལ་འཆར་བཀོད་གནང་ཡང་སྐབས་འཕྲལ་དཀའ་ངལ་འཕྲད་རྐྱེནཐ་མ་ལྡི་ལི་དང་སྦེང་ལོར་སྨན་ཁང་གཉིས་ནང་ཉམས་ཞིབ་དབུ་འཛུགས་ཀྱིས་སྤྱི་ལོ་༡༩༩༩ ཟླ་༡༢ ནང་མཇུག་བསྒྲིལ་ཐུབ་པ་བྱུང་།  གཅིན་སྙིའི་ཉམས་ཞིབ་འདིའི་འཆར་བཀོད་སློབ་སྟོན་གནང་མཁན་ཐད་ཐོག་མའི་འཆར་གཞི་འགྱུར་བ་སོང་སྟབས་མཐའ་མའི་མཇུག་སྐྱོང་རོགས་རམ་གནང་མཁན་གཅིན་སྙིའི་ཆེད་གཉེར་བ་ཌོག་ཊར་ཨཇཡ་སུད་(Dr. Ajay sood)དང་། དཔྱད་ཁྲའི་དབྱེ་ཞིབ་སློབ་སྟོན་པ་ཌོག་ཊར་པྰཎཌེཡ་(Dr.Pandey)བཅས་གཉིས་ཀྱིས་གནང་བ་རེད།

 

དགོས་པའམ་དམིགས་ཡུལ། 

སྤྱིར་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་འདིར་སྔོན་བྱོན་སྨན་པ་མཁས་དབང་རིམ་བྱོན་རྣམས་ནས་ནད་གཞི་གང་ལ་སྨན་གང་གིས་ཕན་ཐོགས་ཆེ་ཆུང་སོགས་གཏན་འབེབས་གནང་ཡོད་པར་བོད་ཀྱི་སྨན་པ་ཚང་མས་ཡིད་གཉིས་ཐེ་ཚོམ་མེད་པར་བློ་སྤོབས་གདེང་ཚོད་ལྡན་པའི་ངང་ནས་ལག་ལེན་བེད་སྤྱོད་གནང་བཞིན་པར་བརྟེན་སླར་སྤོ་བོར་བྱིས་པའི་རྣམ་ཐར་ཞེས་པའི་དཔེ་ལྟར་ནད་དང་སྨན་ལ་ཞིབ་འཇུག་བྱ་དགོས་མ་མཆིས་ཀྱང་།  འདིར་དམིགས་ཡུལ་གཙོ་བོ་དམིགས་བསལ་གྱི་ཕན་ནུས་ལྡན་པའི་བོད་སྨན་ཁག་འཛམ་བུ་གླིང་གི་ཁྲིམས་མཐུན་ཡིག་ཆའི་ངོ་བོར་འདོན་སྤེལ་ཆེད་དང་།  གཞན་ཡང་དགོས་པ་སྤྱི་དང་བྱེ་བྲག་ཁག་གཤམ་གསལ་ལྟར།

v  བོད་སྨན་ནད་བཅོས་ཉམས་ཞིབ་དངོས་སུ་ལག་བསྟར་གྱིས་ཁྲིམས་མཐུན་གྱི་ཕན་གནོད་དང་ལེགས་ཉེས་དཔྱད་ཁྲའི་ཐོག་བོད་སྨན་གྱི་ནུས་པ་འདོན་ཐབས་དང་བྱེ་བྲག་གཅིན་སྙིའི་སྨན་ཁག་གི་ཕན་ནུས་འཚོལ་ཞིབ།

v  དངོས་གཞིའི་སྨན་བཅོས་སྐབས་གཅིན་སྙིའི་སྨན་ཁག་བཞི་ཡི་ཕན་ནུས་མྱུལ་ཞིབ་བྱས་པའི་ཡིག་ཆ་གསལ་བཀོད།

v  མ་འོངས་ཉམས་ཞིབ་བྱ་རྒྱུའི་འཆར་གཞིར་བསྒྱུར་བཅོས་ཇི་དགོས་གསལ་རྟོགས་ཐུབ་རྒྱུ།

v  གཅིན་སྙིར་ཕན་ནུས་ཆེན་པོ་བྱུང་བའི་སྨན་ཁག་གི་རོ་ནུས་འཚོལ་ཞིབ་གཏན་འབེབས་ཡོང་རྒྱུ།

v  གཅིན་སྙིར་ཕན་ནུས་ཆེ་བའི་སྨན་གསར་བཟོ་བསྐྲུན།

v  འགྲོ་བ་ནད་པ་གང་མང་གཅིན་སྙིའི་ནད་ལས་མཐར་ཐབས།

v  ྋགོང་ས་སྐྱབས་མགོན་ཆེན་པོའི་ཐུགས་དགོངས་སྒྲུབ་པ།

v བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་འདིར་འཛམ་གླིང་ཚན་རིག་དང་མཐུན་པའི་འཕྲོད་བསྟེན་ཁང་ནས་ཡིད་ཆེས་རུང་བའི་ཁུངས་སྐྱེལ་ར་འཕྲོད་ཀྱི་ཁྲིམས་མཐུན་ཡིག་ཆ་བཟོ་བསྐྲུན་ཐུབ་པའི་དགོས་པ་བཅས་སོ།།

 

 

ཟ་ཁུ་གཅིན་སྙིའི་ངོ་སྤྲོད།

ནད་འདིའི་རྒྱུ་རྐྱེན་ཡང་རྒྱུད་དུ། རྒྱུ་རྐྱེན་ལན་ཚྭ་མངར་བསིལ་ལྕི་བའི་ཟས། །རླན་ཅན་མལ་འདུག་བད་ཀན་ཚིལ་འཕེལ་བ། །ལྒང་པར་ཟགས་པས་ཟ་ཁུ་སྐྱེད་པར་བྱེད། །ཅེས་པའི་བད་ཀན་ནི་མན་རྒྱུད་དུ། རྒྱུ་ནི་མ་རིག་གཏི་མུག་ལས་བྱུང་བའི། །བད་ཀན་ཐ་མལ་མཚན་ཉིད་བདུན་ལྡན་དེ། །སློང་རྐྱེན་ཁ་མངར་ལྕི་བསིལ་སྣུམ་བསྟེན་དྲགས། །འགྲངས་རྗེས་དལ་བར་བསྡད་དང་ཉིན་གཉིད་ལོག །རླན་སྟེང་ཉལ་དང་ཆུར་ཞུགས་གོས་སྲབ་འཁྱགས། །གྲོ་སྲན་གསར་ཐོག་སེར་ཅན་སུངས་པ་དང་།  །ར་སྐོམ་ཤ་རིད་ཚིལ་བུ་འབྲུ་མར་དང་།  །རྩི་མར་རུལ་པ་ལོ་ཤུར་ལ་ཕུག་རས། །རི་སྒོག་ལ་སོགས་རྗེན་ཟས་མཐའ་དག་དང་།  །མ་ཚོས་པ་དང་ཚིག་པོ་ཁེངས་པོའི་ཟས། །བ་རའི་འོ་མ་ཞོ་དར་ཆུ་གྲང་ཇ། །བཟའ་བཏུང་ཆེས་ཏེ་ཚད་ལས་འདས་པ་འམ། །སྔ་མ་མ་ཞུ་ཕྱི་མ་ཟོས་པ་ཡི། །རྐྱེན་དེ་རྣམས་ཀྱིས་བད་ཀན་གྲང་ནད་སློང་།  །ཞེས་རྒྱུ་རྐྱེན་དེ་དག་གིས་བད་ཀན་དང་ཚིལ་འཕེལ་བ་ལུས་ཟུངས་སུ་གྱུར་མ་ཐུབ་པར་གཅིན་དེ་ལྒང་པར་རིམ་པས་ཟགས་པས་གཅིན་འཕེལ་ཏེ་ཟ་ཁུའི་ནད་སྐྱེད་པར་བྱེད་པའི་རྒྱུ་མཚན་དུ་བཞག་ཡོད།

 

 

ཐོག་མར་ཕྱི་ལུགས་ནས་ཌཡི་སྦེ་ཀྲི་སི་ཞེས་པ་བོད་ལུགས་གསོ་རིག་གཞུང་ནས་གཅིན་སྙིའི་ཟ་ཁུ་ཞེས་པར་བཏགས་ན་འགྲིག་མིན་སྐོར་དཔྱད་པར།

གཅིན་ཁ་སྙི་བའི་ནད་རིགས་ཐམས་ཅད་གཅིན་སྙི་ཟ་ཁུའི་ནད་ཡིན་པའི་ཁྱབ་པ་མེད་དེ་མཁལ་མ་དང་ལྒང་པར་གྲང་བའི་ནད་ཞུགས་པ་དང་།  ལྒང་པའི་གདང་བཙུམ་མམ་རླུང་ཐུར་སེལ་དང་འབྲེལ་བའི་ཤ་གྲིམ་གྱི་ནུས་ཤུགས་ཉམས་པས་ཀྱང་གཅིན་ཁ་སྙི་བའི་ནད་རྟགས་འབྱུང་སྲིད་དེ། དེར་ནི་གཅིན་གྱི་ཤུལ་དུ་སྦྲང་མའི་ཚོགས་ཀུན་འདུ་བ་ལ་སོགས་པའི་ནད་རྟགས་མངོན་ཚུལ་རྣམས་མི་ལྡན་ལ་ཕྱི་ལུགས་ནས་ཁྲག་དང་གཅིན་པར་མངར་ཚད་ཀྱི་བརྟག་དཔྱད་སྐབས་མངར་ཚད་ཀྱང་རྒྱུན་ལྡན་ལས་མི་འོང་བས་ན་གཅིན་སྙིའི་ཟ་ཁུའི་ནད་དམ་ཌཡི་སྦི་ཀྲི་སི་མེ་ལི་ཀྲསེ་ཡིན་པའི་ཁྱབ་པ་མེད། ཟ་ཁུའི་གཅིན་སྙི་སྟེ། རྒྱུད་དུའང་།  བད་ཚིལ་འཕེལ་བ་ཟུངས་སུ་མ་གྱུར་བའམ་མ་སྨིན་པར་གཅིན་མཉམ་ལྒང་པར་ཟགས་པས་ཟ་ཁུ་དང་དྲི་ཆུ་བོང་(བུངས་)ཆུང་ཡང་ནས་ཡང་དུ་འབྱུང་ལ་ཆུ་ཁ་སྙི་བས་ན་གཅིན་སྙི་ཞེས་ནད་རྟགས་དེ་ཁོ་ནར་བརྟེན་ནས་བཏགས་པ་ཞེས་དང་།  དབང་འདུས་ཀྱིས་བརྩམས་པའི་སྨན་གྱི་ཚིག་མཛོད་ནང་། ཟ་ཁུ་ཞེས་པ་ནི་གཅིན་སྙིའི་ནད་ལས་བྱུང་བའི་ཟུངས་དང་འདྲེས་པའི་དྲི་ཆུའི་མིང་ཞེས་དང་།  དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ཟ་ཁུ་ནི་རླན་ཅན་གྱི་མལ་དུ་རྒྱུན་རིང་གནས་པ་སོགས་ཀྱིས་མཁལ་མའི་ནུས་པ་ཉམས་ནས་ཆུ་ཁམས་ཀྱི་སྙིགས་མ་དང་ལུས་ཟུངས་གཉིས་དབྱེ་བ་ཕྱེ་མ་ནུས་པ་ལུས་ཟུངས་འདྲེས་པའི་དྲི་ཆུ་ལྒང་པའི་གནས་སུ་དུས་མིན་དུ་ཟགས་ནས་ཕྱིར་བབས་པའི་གཅིན་མདོག་རྙོག་ཅན་གྱི་མིང་ངོ་། །དེར་ཟ་ཁུ་ཞེས་བརྗོད་དོན་ནི་དེ་ཟུངས་དང་འདྲེས་པའི་ཕྱིར་ལུས་ཀྱི་སྟོབས་མདངས་རྣམས་ཟ་བ་ལྟར་ཉམས་པར་གྱུར་བའི་ཕྱིར་མིང་དེ་ལྟར་དུ་གྲགས་སོ་ཞེས་གསལ།

ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་ནས་གཅིན་སྙིའི་ཚོགས་ཆེན་སྐབས་གསུངས་པ། "གཉིས་པ་ལུས་ཀྱི་མེ་དྲོད་རང་གནས་འདུག །ཆ་ཤས་ལུས་ཟུངས་ཀུན་ལ་གནས་པ་དེ། །འབྲི་དང་འབར་བས་འཕེལ་དང་ཟད་པར་འགྱུར། །"ཞུ་མ་ཞུའི་བར་ན་འདུག་པ་མཁྲིས་པ་འཇུ་བྱེད་ཀྱི་ནུས་པ་དེ་ཉམས་ནས་བད་ཀན་གྱི་རང་བཞིན་དེ་ཤིན་ཏུ་ཤུགས་ཆེན་པོ་འཕེལ་ནས་དྭངས་མ་དེ་མ་སྨིན་པ་བྱས། དེའི་ཆ་ཤས་ཁྲག་རང་ལ་གནས་པའི་མེ་དྲོད་དང་ལུས་ཟུངས་བདུན་ལ་ཡོད་པའི་མེ་དྲོད་རྣམས་ཀྱིས་མ་སྨིན་པས་རྒྱུན་རིང་སོང་ན་བད་ཚིལ་འཕེལ་ཏེ་རྒྱགས་པ་རྫུན་མ་དེ་ཆགས་ཀྱི་ཡོད་རེད། ཕོ་བའི་མེ་དྲོད་ཞན་དྲགས་ནས་རྒྱགས་པ་ཆགས་ཡོང་གི་ཡོད་པ་རེད། བད་ཀན་གྱི་ཟ་ཁུ་དེ་འཕེལ་ཡོང་གི་ཡོད་པ་རེད། ཐོག་མར་རྒྱགས་པ་ཆགས་མངར་ཆ་མི་འདུག་ཟེར། ཁྲག་ཉུང་ཉུང་བྱེད་ཀྱི་འདུག ཞུ་མ་ཞུའི་བར་ན་འདུག་པ་དེ་དང་དེའི་ཆ་ཤས་ཁྲག་རང་ལ་གནས་པའི་མེ་དྲོད་དང་བཅས་པའི་སྟོབས་འདི་བཞིན་ཉམས་པར་གྱུར་བ་ན་ཐོག་མར་ཕོ་བའི་ནང་ཟས་མ་ཞུ་བའི་ཉེས་པ་འཕེལ་ནས་ཁྲག་རང་ལ་ཡོད་པའི་མེ་དྲོད་ཀྱིས་ལེགས་པར་མ་སྨིན་པའི་རྐྱེན་གྱིས་ལུས་ཟུངས་ཕྱི་མ་རྒྱས་ཡོང་ནས་རྒྱགས་པ་ཆེན་པོ་ཆགས་ནས་ཌཡི་སྦེ་ཀྲི་སི་འཆར་གཞི་འགྲུབ་ཡོང་གི་འདུག ཌཡི་སྦེ་ཀྲི་སི་འཆར་གཞི་དེ་གྲུབ་ཡོང་དུས་བད་ཀན་ཟ་ཁུ་བཅུ་དེ་ཡོང་གི་ཡོད་པ་རེད།" ཅེས་འགྲེལ་བརྗོད་དེ་ལྟར་དུ་གསལ་བའི་ནད་ཟ་ཁུའི་གཅིན་སྙི་ཞེས་པའི་ནད་རྟགས་མངོན་ཚུལ་རྣམས་ལྷག་མ་མ་ལུས་པ་ཕྱི་ལུགས་དེབ་ནང་གསལ་ཌཡི་སྦེ་ཀྲི་སི་ཞེས་པའི་ནད་རྟགས་མངོན་ཚུལ་རྣམས་དང་རྣམ་པ་ཀུན་ཏུ་མཚུངས་པས་ན་ཌཡི་སྦེ་ཀྲི་སི་ནི་ཟ་ཁུའི་གཅིན་སྙིའི་ནད་ཡིན་པར་གཞི་གྲུབ་བོ།།

 

ཁྲག་མངར་དུ་གྱུར་ཚུལ། 

དེ་ཡང་བཤད་རྒྱུད་དུ་ལུས་ཀྱི་མཚན་ཉིད་བསྟན་པའི་སྐབས། དང་པོ་རོ་དྲུག་ཟས་སྐོམ་གང་ཟོས་པ། །རོ་མངར་ལྦུ་བ་ཅན་གྱུར་བད་ཀན་སྐྱེད། །བར་དུ་མཁྲིས་པ་འཇུ་བྱེད་ཀྱིས་འཇུ་བས། །རྣམ་པར་ཚ་བས་རོ་སྐྱུར་མཁྲིས་པ་སྐྱེད། །ཐ་མ་མེ་མཉམ་རླུང་གིས་དྭངས་སྙིགས་ཕྱེ། །ཁ་བར་གྱུར་ཏེ་དེ་ཡིས་རླུང་སྐྱེད་འགྱུར། །ཞེས་རོ་དྲུག་ཏུ་གཏོགས་པའི་ཟས་སྐོམ་གང་ཟོས་ཀྱང་དེ་དག་ཐམས་ཅད་ཕོ་བའི་གནས་སུ་སླེབས་པའི་ཚེ་ན་ཐོག་མར་བད་ཀན་མྱག་བྱེད་ཀྱིས་མྱག་པར་བྱས་པ་དེ་ཉིད་ས་ཆུའི་རང་བཞིན་ཡིན་པའི་དོན་གྱིས་རོ་ཡང་མངར་བ་ཤས་ཆེ་ཞིང་ལྦུ་བ་ཅན་བད་ཀན་གྱི་མཚན་ཉིད་དང་མཐུན་པར་འགྱུར་ཞེས་དང་།  བར་དུ་མཁྲིས་པ་འཇུ་བྱེད་ཀྱི་མེ་དྲོད་དེས་ཉེ་བར་བཞུས་པས་ན་དེའི་རང་བཞིན་རྣམ་པར་ཚ་བ་དེ་དང་།  གོང་གི་ས་ཆུའི་ནུས་པ་ལྷག་མའི་བྱེད་པ་གཉིས་འཐབ་པས་རོ་ཡང་སྐྱུར་ཤས་ཅན་དུ་གྱུར་ཏེ་མཁྲིས་པ་འཇུ་བྱེད་རང་ཉིད་ཀྱི་སྟོབས་ཀྱང་ཅུང་ཟད་སྐྱེད་པར་བྱེད་ཅེས་པས་འདིར་མཁྲིས་པ་འཇུ་བྱེད་ཀྱི་མཐུའམ་འཇུ་རྩི་ཉམས་པས་འཇུ་མ་ཐུབ་པར་བརྟེན་རོ་མངར་ལྦུ་བ་ཅན་གྱི་ཁུ་བ་དེ་རོ་སྐྱུར་བར་གྱུར་མ་ཐུབ་པར་མངར་བ་རང་གནས་ཐོག་ཐ་མ་མེ་མཉམ་རླུང་གིས་དྭངས་སྙིགས་ཕྱེ་སྟེ་མཆིན་པའི་གནས་སུ་གསོག་པ་མཁྲིས་པ་མདངས་བསྒྱུར་གྱིས་རིམ་པས་ཁྲག་ཏུ་གྱུར་གྱི་ཡོད་པར་བརྟེན་རོ་མངར་ལྦུ་བ་ཅན་གྱི་ཁུ་བ་རང་སར་ལུས་པ་དེས་ཁྲག་ནང་མངར་ཆ་འཕེལ་བའི་རྒྱུ་གྲུབ་ཅིང་ལུས་ཟུངས་ལྷག་མ་ཤ་ཚིལ་རྐང་ཁུ་བ་རྣམས་ཀྱང་མངར་ཤས་ཆེ་བ་ཡོད་པར་གཞི་གྲུབ།

གོང་དུ། བར་དུ་མཁྲིས་པ་འཇུ་བྱེད་ཀྱིས་ཞུ་བས། །ཞེས་པའི་མཁྲིས་པ་འཇུ་བྱེད་དེའི་གནས་ས་ནི་བཤད་རྒྱུད་དུ། འཇུ་བྱེད་ཞུ་དང་མ་ཞུའི་བར་ན་གནས། །ཞེས་པའི་ཞུ་བའི་གནས་ཏེ་རྒྱུ་ལོང་དང་མ་ཞུ་བའི་གནས་ཕོ་བ་གཉིས་ཀྱི་བར་ན་འཇུ་བྱེད་གཤེར་རྨེན་ཞེས་པ་འཇུ་བྱེད་དཔེ་རིས་ནང་གསལ་བཞིན་ལས་གཞན་མ་མཆིས་པས་ན་ཕྱི་ལུགས་ནས་པན་ཀི་རི་ཡ་(Pancreas)ཞེས་པ་མངོན་མཐོང་དཔེ་རིས་ནང་གསལ་དེ་རང་དུ་ངོས་འཛིན་ན་གནས་དང་བྱེད་ལས་གྱུར་ཚུལ་སོགས་དང་ཀུན་ནས་མཚུངས་པར་མ་ཟད། སྤྱི་ལོ་༡༩༩༧ ལོའི་གཅིན་སྙིའི་ཚོགས་ཆེན་སྐབས་ཀྱི་བགྲོ་གླེང་གསུང་བཤད་དང་དཔྱད་རྩོམ་ཁག་ནང་སྨན་པ་མཁས་དབང་འགས་དེ་རང་དུ་ངོས་འཛིན་གནང་བའང་འདུག་པས་ན་གཅིན་སྙིའི་ཉམས་ཞིབ་འདིའི་སྐབས་སུའང་དེ་ལྟར་དུ་ངོས་འཛིན་བགྱིས་པའོ།།

 

 

 གཅིན་གྱི་ཟ་ཁུའམ་གཅིན་མངར་དུ་གྱུར་ཚུལ་ནི།

གོང་གསལ་ལྟར་བད་ཀན་ས་ཆུའི་རང་བཞིན་རོ་མངར་ལྦུ་བ་ཅན་དེ་མཁྲིས་པ་འཇུ་བྱེད་ཀྱིས་ལེགས་པར་ཞུ་མ་ཐུབ་པའི་ཁར་རླུང་མེ་མཉམ་གྱིས་དྭངས་སྙིགས་ཚུལ་བཞིན་ཕྱེ་མ་ཐུབ་པ་ལས་སྙིགས་མ་རྣམས་རྒྱུ་མའི་སྨད་ལོང་གི་ནང་དུ་སོང་བ་སླར་ཡང་སྐ་སླ་གཉིས་སུ་ཕྱེ་སྟེ་སླ་བ་ནི་རྒྱུ་གྲོག་གི་རྩ་ཞེས་རྒྱུ་མའི་ལྡེབས་ངོས་ཀྱི་ཚིལ་བུའི་གསེབ་ན་དྲ་བ་ལྟར་འབྲེལ་བའི་རྩ་སྦུག་ཕྲ་མོ་རྣམས་ནས་རིམ་པར་རྒྱུ་ཞིང་འཁོར་ཏེ་མཐར་མཁལ་མ་བརྒྱུད་ལྒང་པའི་ནང་གསོག་པར་བྱེད་པའམ་ཟགས་པས་ན་གཅིན་མངར་དུ་གྱུར་པ་མ་ཟད། གཅིན་སྙིའི་རྒྱུ་རྐྱེན་དུ་ལན་ཚྭ་མངར་བསིལ་ཞེས་པས་མངར་དང་ལན་ཚྭའི་ཞུ་རྗེས་མངར་བར་ཞུ་བས་ན་ཁ་ཟས་དེ་དག་གིས་གནོད་ཚབས་ལྷག་པར་ཆེ་བ་ཡོད་པ་ནི་གོར་མ་ཆག དེ་བཞིན་དུ་ཁྲག་དང་གཅིན་ནང་ཚིལ་གྱི་གྱུར་ཚུལ་ཡང་ཕྱོགས་མཚུངས་སོ། །གཞན་ཡང་ནད་ཀྱི་དབྱེ་བ་ཟ་ཁུ་ཉི་ཤུ་དང་།  མངོན་ཚུལ། ནད་རྟགས། བཅོས་ཐབས། བླ་གཉན་ཐོར་པ་སོགས་ཀྱི་སྐོར་རྒྱས་པ་རྒྱུད་ནང་བསྟན་པ་ལྟར་ལས་འདིར་རྒྱས་སྤྲོས་མ་བྱས།

 

ཟས་སྤྱོད་ལམ་སྟོན།  

ཉམས་ཞིབ་ཚོད་བལྟའི་ནད་པ་ངེས་མེད་འོས་འདེམས་ཀྱིས་ཟས་ཀྱི་སྡེ་ཚན་ནང་དུ་འཛུལ་ཞུགས་བྱ་འདོད་ཡོད་པ་རྣམས་ནས་ཟས་སྤྱོད་ཇི་ལྟར་སློབ་སྟོན་བྱས་པར་བརྩི་འཇོག་གིས་བདུན་བཞི་རེའི་མཚམས་ཁྲག་མངར་ཚད་གཞི་ཆག་ཡོད་མེད་བརྟག་དཔྱད་བྱ་དགོས། ཟས་སྤྱོད་ནི་རྒྱུད་དུ། འབྲུ་རྙིང་སྐམ་སའི་ཤ་ལ་སོགས་པ་ཡི། །ཡང་ཞིང་རྩུབ་པའི་ཟས་སྐོམ་སྤྱོད་ལམ་བསྟེན། །བ་གཅིན་ལྕི་བ་ལས་འབྱུང་ཁ་ཟས་ཟ། །ངལ་དུབ་མང་དུ་སྤྱད་ཅིང་གཉིད་མི་ལོག །ཡང་ཞིང་རྩུབ་པའི་སྨན་གྱིས་དྲིལ་ཕྱིས་བྱ། །ཞེས་གསུངས་པ་བཞིན་ཁ་ཟས་སུ་གཙོ་བོ་ཆུ་ཐག་ཆོད་པའི་འབྲུ་རྙིང་པའི་རིགས་དང་།  ར་ལུག་དང་གཡག་སོགས་ས་སྐམ་སར་གནས་པའི་སེམས་ཅན་གྱི་ཤ་རྣམས་བསྟེན་ཞིང་།  ནད་སློང་བར་བྱེད་པའི་ཁ་ཟས་རོ་མངར་བ་དང་ལན་ཚྭ་བའི་རིགས་དང་ཞོ་ཁོག་དང་གོང་ལ་ཕུག་ལ་སོགས་པ་ནུས་པ་ལྕི་བསིལ་གྱི་རིགས་སྤང་དགོས། སྤྱོད་ལམ་དྲོ་བའི་གནས་སུ་ལུས་རྩོལ་བས་བཅག་ཅིང་།  ཆུ་གྲང་དང་། ས་རླན་སྟེང་འདུག་པ། ཉིན་གཉིད་ལོག་པ་སོགས་དལ་འདུག་སྤང་དགོས།

 

སྨན་རིགས་བཟོ་བསྐྲུན། 

སྨན་བཅོས་ཐད་སྤྱིར་གཅིན་སྙིར་ཕན་པའི་སྨན་མང་དག་ཅིག་གསུངས་ཡོད་ཀྱང་སྐབས་སུ་བབས་པའི་ཉམས་ཞིབ་ཚོད་བལྟའི་ཆེད་བེད་སྤྱོད་བྱས་པའི་སྨན་ཁག་བཞི་ནི་གཅིན་སྙི་སྐྱུ་རུ་༦། གཅིན་སྙི་ཨ་རུ་༡༨། ཡུང་བ་༤། སུག་སྨེལ་༡༩། བཅས་ལ་གཏན་འབེབས་ཀྱིས། གཅིན་སྙིའི་ཉམས་ཞིབ་ནང་ཚུད་ནད་པ་རེར་གོང་གསལ་སྨན་ཁག་གཉིས་རེ་ཉམས་ཞིབ་སྨན་པ་སོ་སོས་འདེམས་རྒྱུ་དང་དེའི་ཁར་ནད་པར་རང་ཉིད་ཀྱི་རྩ་ཆུ་ནད་རྟགས་རང་བཞིན་སོགས་ལ་སྟབས་བསྟུན་པའམ་ཡང་ན་ཕོ་བའི་ཁ་འཛིན་སོགས་ཀྱི་ཆེད་སྨན་གང་རུང་ཞིག་བཏང་འཐུས། སྨན་བཅོས་ཀྱི་སྡེ་ཚན་ནད་པ་དེར་གོང་གསལ་སྨན་གང་རུང་གཉིས་དང་རོགས་ཟླ་སྨན་གང་རུང་ཞིག་བཏང་རྗེས་བདུན་ཕྲག་བཞི་རྗེས་བརྟག་དཔྱད་ཀྱིས་ཁྲག་མངར་ཚད་གཞི་འཇགས་(ཆག་)མེད་ཚེ་བརྟག་དཔྱད་སྨན་པས་སྨན་བརྗེ་པོ་རྒྱག་དགོས་པའམ་ཡང་ན་སྨན་ཐུན་ཆེ་རུ་གཏོང་དགོས། ནད་པས་ཟས་སྤྱོད་འཛེམ་བྱ་ཚུལ་བཞིན་བྱེད་ཀྱི་ཡོད་མེད་དྲི་བརྩད་ཀྱིས་ཟས་སྤྱོད་ལ་བརྩི་འཇོག་བྱེད་དགོས་ནན་ཏན་བསླབ་དགོས། དེ་ནས་སླར་བདུན་ཕྲག་བརྒྱད་ཀྱི་རྗེས་བརྟག་དཔྱད་ཀྱིས་ཁྲག་མངར་ཚད་གཞི་རང་འཇགས་སམ་མཐོ་རུ་ཕྱིན་ཡོད་ཚེ་སྨན་ཐུན་ཆེ་རུ་གཏོང་བའམ་ཡང་ན་སྨན་བརྗེ་པོ་རྒྱག་དགོས། མཐར་བདུན་ཕྲག་༡༢ སོང་རྗེས་བརྟག་དཔྱད་ཀྱིས་ཁྲག་མངར་ཚད་གཞི་རང་འཇགས་སམ་ཡང་ན་ཇེ་མཐོར་སོང་ཡོད་ཚེ་ནད་པ་དེ་ཉམས་ཞིབ་ཚོད་བལྟའི་ཁོངས་ནས་ཕྱིར་འཐེན་བྱས་ཏེ་ཕྱི་ལུགས་སྨན་དགོས་ངེས་བྱུང་ན་དུས་ཚིགས་ནང་སྤྲད་འཐུས། གོང་གསལ་སྨན་ཁག་བཞི་འདི་ནས་སྨན་ཁང་ཁག་ཏུ་བཏང་བ་དང་།  སྨན་རྣམས་མ་རྫོགས་གོང་ཟླ་གཅིག་ཙམ་ནས་སྨན་ཞུ་ཕུལ་བ་བཅས་ཀྱིས་ནད་པར་དགོས་སྨན་ཁག་ཆད་ལྷག་མེད་པར་དུས་ཐོག་སྨན་སྦྱིན་གནང་ཡོད།

 

གཞི་རྩའི་ཉམས་ཞིབ་ལམ་སྲོལ། 

རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་ནས་བཅོས་བསྒྲིགས་གནང་བའི་ཨིན་སུ་ལིན་ལ་བརྟེན་མ་དགོས་པའི་ཚད་གཞི་ཅན་གྱི་ནད་པ་གསར་པ་མི་གྲངས་༢༠༠ ལ་ཕོ་མོ་དང་ལོ་གྲངས་རང་བཞིན་རྩ་ཆུའི་ཁྱད་པར་བཅས་ཀྱི་དབྱེ་བ་མེད་པར་སྨན་ཁང་ཁག་གཉིས་ལ་ཆ་བགོས་ཀྱིས་ཟས་ཀྱི་སྡེ་ཚན་དང་སྨན་བཅོས་སྡེ་ཚན་དུ་ནད་པ་གྲངས་༡༠༠ རེ་ངེས་མེད་འོས་འདེམས་ཀྱིས་ནད་པ་རང་ཉིད་ཀྱི་འདོད་མོས་ལྟར་སྡེ་ཚན་གང་རུང་དུ་བདུན་ཕྲག་༢༤ རིང་ཟས་བཅོས་སམ་སྨན་བཅོས་ཚོད་བལྟའི་ནང་འཛུལ་ཞུགས་བྱ་རུ་བཅུག་པ་རེད། དེ་ཡང་ནད་པ་འདེམས་སྟངས་དང་ཕྱིར་འཐེན་བྱ་རྒྱུ་སོགས་ཀྱི་ཚད་འཛིན་གཤམ་གསལ་ལྟར།

 

༡། གཅིན་སྙིའི་ཉམས་ཞིབ་ཆེད་འོས་འདེམས་ཆོག་པའི་ཚད་སྒྲིག

v  འཛམ་གླིང་འཕྲོད་བསྟེན་ལྷན་ཁང་ནས་མངར་ཆའི་ཚད་གཞི་བཅོས་སྒྲིག་གཞིར་བཞག་ཨིན་སུ་ལིན་ལ་བརྟེན་མ་དགོས་པའི་ནད་པ་གསར་པའམ་སྔར་སྨན་བཅོས་བྱེད་མྱོང་མེད་པ་ཤ་སྟག་དགོས།

v  དེ་ཡང་ནད་པ་དེའི་ལྟོ་སྟོང་གི་མངར་ཚད་མི་ལི་སྒ་རམ་༡༤༠ ནས་༢༥༠ བར་དང་ལྟོ་སྟོང་གི་བརྟག་དཔྱད་ཀྱི་ཚོུད་གཉིས་རྗེས་རྒུན་འབྲུམ་བྱེ་ཞིབ་(Glucose)འཐུང་རྗེས་ཀྱི་མངར་ཚད་མི་ལི་སྒ་རམ་༢༠༠ ལོན་པའམ་དེ་ལས་བརྒལ་བ་དགོས།

v  ནད་པའི་ལོ་གྲངས་རང་ལོ་༣༠ ནས་༦༥ བར་སླེབ་པ་ཡིན་དགོས།

v  རང་ཉིད་ནས་བདུན་ཕྲག་༢༤ རིང་སྨན་བཅོས་མུ་མཐུད་བྱ་འདོད་ཡོད་པ།

v  ནད་པ་རང་ཉིད་ནས་བདུན་ཕྲག་༤ རེའིམཚམས་ཁྲག་གི་བརྟག་དཔྱད་བྱ་འདོད་ཡོད་པ།

v  སྡེ་ཚན་གཉིས་པའི་ནད་པས་བདུན་ཕྲག་༢ རེའི་རྗེས་ཁྲག་གི་བརྟག་དཔྱད་བྱ་འདོད་ཡོད་པ།

v  ནད་པ་ཚང་མས་ཟས་དང་སྤྱོད་ལམ་སློབ་སྟོན་ཞུས་པ་རྣམས་ལ་བརྩི་འཇོག་བྱ་འདོད་ཡོད་པ།

 

༢། གཅིན་སྙིའི་ཉམས་ཞིབ་ཁོངས་འོས་འདེམས་མི་ཆོག་པའི་ཚད་སྒྲིག

གཤམ་གསལ་གནས་ཚུལ་རྣམས་ལྡན་ན་ཉམས་ཞིབ་ཀྱི་ཚོད་བལྟ་བྱ་རྒྱུའི་ནད་པའི་གྲངས་སུ་འོས་འདེམས་མི་ཆོག

v  ནད་པ་དེར་ཚབས་ཆེའི་ནད་རིགས། དཔེར་ན། མཁལ་མའི་སྐྱོན་དང་མིག་གྲིབ། སྙིང་ནད། ཀླད་སྐྱོན། རྩ་གྲིབ། སྒལ་ཚིགས་བརྡབ་སྐྱོན། སྙིང་རྩ་སྡོད་ཅན། ཁྲག་ཤེད་བཅས་ཀྱི་ནད་གཞི་ཚབས་ཆེན་ཡོད་པའི་ནད་པ་དེ་གཅིན་སྙིའི་ཚོད་བལྟའི་འོས་སུ་ཞུགས་མི་ཆོག

v  ནད་པ་དེར་སྨན་ཁབ་ཨིན་སུ་ལིན་མ་བརྒྱབ་ཀ་མེད་ཡིན་པའི་གྲས་འོས་འདེམས་མི་ཆོག

v  ནད་པ་དེ་ལྟོ་སྟོང་སྐབས་བརྟག་དཔྱད་ཞུས་པའི་ཁྲག་མངར་ཚད་གཞི་མི་ལི་སྒ་རམ་༢༥༠ ལས་བརྒལ་བ།

v  ནད་པ་དེའི་གཟུགས་པོའི་ལྗིད་ཚད་ཀི་ལོ་༡༩ ལས་ཉུང་བ།

v  བུད་མེད་སྦྲུམ་མ།

v  བུད་མེད་ཕྲུ་གུ་མ་འབྱར་འོ་མ་སྟེར་བཞིན་པ་ཟླ་དྲུག་གོང་བཅས་པ་རྣམས་ཉམས་ཞིབ་ཀྱི་ཚོད་བལྟའི་ནད་པའི་གྲངས་སུ་འཛུལ་ཞུགས་མི་ཆོག

 

༣། གཅིན་སྙིའི་ཉམས་ཞིབ་ནང་ཚུད་ནད་པ་རྣམས་ལ་གཤམ་གསལ་གནས་ཚུལ་རིགས་ལྷག་ཚེ་ཉམས་ཞིབ་ཚོད་བལྟའི་ཁོངས་ནས་སྐབས་འཕྲལ་ཕྱིར་འཐེན་བྱ་དགོས།

v  ཉམས་ཞིབ་བྱེད་བཞིན་པའི་གནས་སྐབས་ལ་གློ་བུར་དུ་གཉན་ཚད་རྒྱས་པ་དང་ཁྲག་ཤེད་ཚད་ལས་བརྒལ་བ། གློ་བུར་བརྡབས་འགྲམས་ཤུགས་ཆེའི་རིགས། སྨན་ཁང་སོགས་ནང་སྨན་བཅོས་གསར་པ་འགོ་འཛུགས་བྱ་དགོས་རིགས་བཅས།

v  ཉམས་ཞིབ་ཚོད་བལྟའི་སྐབས་ལྟོ་སྟོང་ཁྲག་མངར་མི་ལི་སྒ་རམ་༢༣༠ ལས་བརྒལ་བ་བདུན་རྗེས་མའི་བར་རང་གནས་བྱུང་བ།

v  ཉམས་ཞིབ་ཚོད་བལྟའི་དུས་ཡུན་སྐབས་ཟུར་ཕོག་ཚབས་ཆེ་བྱུང་བའི་གྲས།

v  ཉམས་ཞིབ་ཚོད་བལྟའི་སྨན་རིལ་བུ་བཞི་རེ་དུས་བཞི་དུས་བདུན་ཕྲག་བཞིའི་རིང་བཏང་ཡང་ཕན་ནུས་མ་ཐོན་པར་མངར་ཚད་མ་ཆག་པའི་གྲས།

གོང་གསལ་གནས་ཚུལ་རྣམས་ཉམས་ཞིབ་ཚོད་བལྟའི་དུས་ཡུན་ནང་ལྷག་ཚེ་ཉམས་ཞིབ་གཙོ་འགན་བཞེས་མཁན་གྱིས་བདེན་པ་ར་འཕྲོད་འགེངས་ཤོག་༤ པ་གཞིར་བཞག་བརྒྱངས་ཏེ་ཕྱིར་འཐེན་བྱ་རྒྱུ་བཅས་རེད།

 

བརྟག་དཔྱད་བྱ་ཐབས། 

 བརྟག་དཔྱད་བྱ་ཐབས་རང་ལུགས་ལྟར་རྩ་ཆུ་དང་མཚན་ཉིད་ནད་རྟགས་མངོན་ཚུལ་སོགས་བརྟག་ཡོད་ཀྱང་ཉམས་ཞིབ་འདིའི་སྐབས་ཚད་འཛིན་གཙོ་བོ་ཕྱི་ལུགས་ཚན་རིག་ལམ་སྲོལ་ལྟར་བརྟག་དཔྱད་ཀྱི་ཡོ་ཆས་གུ་ལུ་ཀོ་མི་ཀྲར་ཐོག་ཁྲག་གི་མངར་ཚད་འཇལ་ཐོག་རྩ་འཛིན་ཞུས་ཡོད། དེ་ཡང་ནད་པ་དེར་ཐོག་མ་ལྟོ་སྟོང་སྐབས་སྲིན་མཛུབ་རྩེ་ནས་ཁབ་རྩེས་ཁྲག་ཐིགས་པ་གཅིག་བླངས་ཏེ་དེར་བརྟག་ཞིབ་ཐོག་ཁྲག་གི་མངར་ཚད་མི་ལི་སྒ་རམ་༡༤༠ འམ་དེ་ལས་མང་བ་དོན་པའི་ནད་པ་དེར་ཆུ་མི་ལི་ལི་ཀྲར་༣༠༠ ཙམ་ནང་བྱེ་ཞིབ་སྒ་རམ་༧༥ བསྲེས་ནས་འཐུང་རྗེས་སླར་ཚོུད་༢ རྗེས་མངར་མོའི་འཇུ་ཚད་བརྟག་དཔྱད་སྐབས་མངར་ཚད་མི་ལི་སྒ་རམ་༢༠༠ ལོན་པའམ་དེ་ལས་མང་བ་དོན་ན་གཅིན་སྙིའི་ནད་གཞི་གསར་པ་ཡིན་པར་ངོས་འཛིན་དང་ཉམས་ཞིབ་ནང་འཛུལ་ཞུགས་བྱ་ཆོག་པ་རེད།

༡།  བརྟག་དཔྱད་བྱ་སྐབས་དང་ཐོག་ནད་པ་སུ་རུང་ནས་ནད་པའི་ཐོ་གཞུང་འགེངས་ཤོག་བརྒྱང་དགོས།  དེའི་ནང་ནད་གྲངས་ཨང་དང་ཟླ་ཚེས། ནད་པའི་མིང་།  ལོ། ཕོ་མོ། གཅིན་སྙི་ཨང་གྲངས། ཕྱི་བཅོས་ཨང་གྲངས། ཉམས་ཞིབ་ནང་ཚུད་ཡོད་མེད། མེད་ཚེ་རྒྱུ་མཚན་བཅས་འཁོད་ཡོད།

༢།  དེ་ནས་ནད་པའི་འགེངས་ཤོག་དང་པོ་དེ་གཅིན་སྙིའི་ཉམས་ཞིབ་ཚོད་བལྟའི་ནད་པ་འདེམས་ཕྱོགས་ཀྱི་འགེང་ཤོག་བསྐང་དགོས། དེའི་ནང་གཅིན་སྙིའི་ཉམས་ཞིབ་ཚོད་བལྟའི་ནང་ཚུད་འོས་པའི་ཆ་རྐྱེན་དོན་གནད་བཞི་དང་། ཉམས་ཞིབ་ཚོད་བལྟའི་ནང་ཚུད་མ་འོས་པའི་ཆ་རྐྱེན་དོན་གནད་བཅུ་གཅིག་འཁོད་ཡོད་པས་དེ་དག་གང་རུང་ཚང་ན་ཚོད་བལྟའི་ནང་མི་ཚུད།

༣།  ཉམས་ཞིབ་ཚོད་བལྟའི་གྲས་སུ་ཚུད་ཚེ་གཤམ་གསལ་དྲི་བར་ལན་རྟགས་རྒྱོབ་དགཀ

ཀ༽      ཟ་ཁུ་གཅིན་སྙིའི་ནད་གཞིར་ངོས་འཛིན་ཐོག་མར་བྱུང་བའི་དུས་ཚེས།

ཁ༽      ཟ་ཁུ་གཅིན་སྙི་ནད་རྟགས་གྲངས་བཅུ་གསུམ་སྤྱིར་བཏང་ནད་རྟགས་གྲངས་ཉེར་དྲུག

ག༽      རྩའི་མཚན་ཉིད་དམ་ཁྱད་ཆོས་ཚ་གྲང་བཅུ་གཉིས།

ང༽      ཆུའི་རྟགས་སམ་ཁྱད་ཆོས་ལྔ།

ཅ༽      གཅིན་སྙིའི་ཟ་ཁུ་རིགས་ཉི་ཤུ།

ཆ༽      རང་བཞིན་བདུན།

ཇ༽      སྤྱོད་ལམ་ལྔ།

ཉ༽      གཟུགས་པོའི་བརྟག་དཔྱད་ཁག་ལྔ།

ཏ༽      ཚན་རིག་བརྟག་དཔྱད་ཁག་བཅུ།

ཐ༽      སྔོན་མའི་སྨན་བཅོས་ལོ་རྒྱུས་བཅས་འགེངས་ཤོག་ནང་གསལ་བཞིན་རྒྱོངས་དགོས།

 

༤། སྨན་བཅོས་མཇུག་སྐྱོང་བྱ་ཐབས། གཅིན་སྙིའི་ཉམས་ཞིབ་ཚོད་བལྟའི་ནང་ཚུད་ནད་པ་དེར་སྨན་བཅོས་འགོ་བཙུགས་ནས་མཇུག་མ་བསྒྲིལ་བར་སྨན་པས་འགེངས་ཤོག་གཉིས་པོ་དེ་མུ་མཐུད་རྒྱོངས་དགོས།

༥།  ཟ་ཁུ་གཅིན་སྙིའི་ཉམས་ཞིབ་ཚོད་བལྟའི་ནད་པ་རྣམས་ནས་ཟས་སྤྱོད་དང་སྨན་བཅོས་འགོ་བཙུགས་པ་ནས་བདུན་ཕྲག་གཉིས་ནས་བཞི་རེའི་མཚམས་སུ་འགེང་ཤོག་༣རེ་བརྒྱང་དགོས། དེའི་ནང་སྔར་བཞིན་ནད་རྟགས་དང་སྤྱིའི་ནད་རྟགས། རྩའི་མཚན་ཉིད། ཆུའི་རྟགས། ཟ་ཁུའི་རིགས། ཟས་སྤྱོད་བསྲུང་བྱ། གཟུགས་པོའི་བརྟག་དཔྱད། ཚན་རིག་བརྟག་དཔྱད་ཁག་བཅས་ཚང་ཡོད།

༦། གལ་ཏེ་ནད་པ་དེར་དམིགས་བསལ་དཀའ་ངལ་ཞིག་འཕྲད་དེ་ཉམས་ཞིབ་ཚོད་བལྟའི་ཁོངས་ནས་ཕྱིར་འཐེན་བྱ་དགོས་བྱུང་ཚེ་འགེངས་ཤོག་༤ པ་བརྒྱངས་དགོས།

 

ཟ་ཁུ་གཅིན་སྙིའི་ཉམས་ཞིབ་ཀྱི་མཇུག་འཁྱོངས་དོན་འབྲས་སོན་རྟགས། 

༡།  ཟ་ཁུ་གཅིན་སྙིའི་ཉམས་ཞིབ་སྐབས་སུ་ཉམས་ཞིབ་དུས་ཡུན་བདུན་ཕྲག་༢༤ ནང་ནད་པ་དེ་དག་གི་ལྟོ་སྟོང་སྟོང་ཁྲག་ཚད་མི་ལི་སྒ་རམ་༡༤༠ ལས་ཉུང་བར་གྱུར་ཐུབ་པ་དང་དེ་ཡང་བརྟན་པོར་གནས་ཡོད་པ།

༢། ཟས་ཟོས་རྗེས་ཁྲག་གི་མངར་ཚད་མི་ལི་སྒ་རམ་༢༠༠ ལས་ཉུང་བར་གྱུར་ནས་བརྟན་པོར་གནས་ཡོད་པ་དེ་དོན་འབྲས་སོན་པའི་རྟགས་སམ་ཟ་ཁུ་གཅིན་སྙིར་བོད་སྨན་གྱིས་ཕན་འབྲས་བྱུང་བའི་གྲུབ་འབྲས་ངོ་མ་དེར་ངོས་འཛིན་བྱ་འོས་སོ།།

 

དཔྱད་གཞིའི་དབྱེ་ཞིབ།

གཅིན་སྙི་ཉམས་ཞིབ་བྱ་ཡུལ་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཁག་གཉིས་ནང་ཁྱོན་བསྡོམས་ནད་པ་གྲངས་སུམ་སྟོང་བརྒྱད་བརྒྱ་བདུན་ཅུ་དོན་ལྔ་ལ་ཁྲག་བརྟག་དཔྱད་ཞུས་པར་ཉམས་ཞིབ་ནང་ཚུད་འོས་པའི་ནད་གཞི་གསར་པ་ཅན་ཕོ་གྲངས་༡༣༦ དང་མོ་གྲངས་༦༤ བཅས་བསྡོམས་ནད་པ་གྲངས་༢༠༠ ཉམས་ཞིབ་བྱ་འོས་ཁོངས་སུ་ཚུད་པར་ནད་པ་ངེས་མེད་གྲངས་༡༠༠ ལ་ཟས་སྤྱོད་རྐྱང་པའི་ཐོག་གཅིན་སྙིའི་མངར་ཚད་གཅོག་ཐབས་ཞུས་པ་དང་།  དེ་འཕྲོས་ནད་པ་གྲངས་༡༠༠ ཐམ་པར་ཟས་སྤྱོད་ཁར་སྨན་ཁག་བཞི་ནས་གང་རུང་གཉིས་ཀྱིས་སྨན་བཅོས་ཞུས་ཏེ་མངར་ཚད་གཅོག་ཐབས་ཞུས་འབྲས་མཐར་དཔྱད་གཞི་དབྱེ་ཞིབ་བྱེད་སྐབས་ཟས་སྤྱོད་སྡེ་ཚན་ནས་ནད་པ་གྲངས་༤༡ དང་སྨན་བཅོས་སྡེ་ཚན་ནས་ནད་པ་གྲངས་༤༡ ནས་སྨན་བཅོས་མཇུག་སྐྱོང་མ་བྱས་པར་སྤྱི་ཚོགས་བདེ་དོན་གྱི་དཀའ་ངལ་སྣ་ཚོགས་ཐོག་ཕྱིར་འཐེན་བྱས་ཤིང་།  དེ་འཕྲོས་རྣམས་བཅོས་ཡུན་བདུན་ཕྲག་༢༤ རེའི་རྗེས་དཔྱད་གཞི་དབྱེ་ཞིབ་ཞུས། དཔྱད་གཞི་དབྱེ་ཞིབ་ཆེད་ནད་པའི་འགེངས་ཤོག་གི་ཚིག་འབྲུ་རྣམས་རེ་རེ་བཞིན་ནོར་འཛོལ་ཆད་ལྷག་མེད་པར་གློག་ཀླད་ནང་བཅུག་ནས་དབྱེ་གཞི་རྣམས་ཕན་ཚུན་བསྡུར་རྗེས་ཕྱོགས་བསྡོམས་ཞུས་ཤིང་།  དབྱེ་གཞི་ཕོན་ཆེ་ཆུང་རྣམས་གཅིག་ཕྱོགས་སུ་ཚད་ལྡན་བསྡུས་ནས་དབྱེ་ཞིབ་ཞུས་ཏེ་དགེ་མཚན་གྱི་ཁྱད་པར་བཏོན་ནས་སྡེ་ཚན་གཉིས་ཀྱི་ལེགས་ཉེས་དབྱེ་བ་ཕྱེ་ཡོད། གྲུབ་འབྲས་དཔྱད་གཞི་དབྱེ་ཞིབ་དང་ཐག་ཆོད་ཚད་ལྡན་ཡོང་ཆེད་པི་ཡར་སོན་ Pearson ཞེས་པ་ཁོང་ནས་ཚད་བསྒྲིགས་གནང་བའི་ཅི་སེ་ཁོ་ཝེར་ཊེསཊ་(Chi-square Test)ཞེས་པའི་ཚད་གཞི་དང་བརྟག་ཐབས་བེད་སྤྱོད་བཏང་ཞིང་།  པི་(P<0.05)ཞེས་པ་དབྱེ་ཞིབ་སྐབས་དགེ་མཚན་ཁྱད་པར་ལྔ་ལས་མང་བའི་སྤྱི་བསྡོམས་བྱུང་ན་གནད་འགག་ཆེན་པོ་རྩིས་ཀྱི་ཡོད་འདུག ཟས་སྤྱོད་ཀྱི་ནད་པ་དང་སྨན་བཅོས་ཀྱི་ནད་པ་གཉིས་ཀྱི་ལོ་དང་ཕོ་མོ། ལྗིད་ཚད། ཁྲག་མངར་ཚད་གཞི་ལ་སོགས་པ་ཕན་ཚུན་བསྡུར་སྐབས་ཟས་དང་སྨན་གྱི་ནད་པ་ངེས་མེད་དུ་འདེམས་ཀ་བྱས་ཀྱང་སྨན་བཅོས་ཁོངས་གཏོགས་ནད་པ་རྣམས་ཀྱི་མངར་ཚད་མཐོ་བ་དང་ནད་རྟགས་ཤུགས་ཆེ་བ་ཐོན་ཡོད་པ་རེའུ་མིག་ནང་གསལ་བཞིན་ནོ།།

 

གྲུབ་འབྲས་དཔྱད་ཁྲ། 

གཅིན་སྙིའི་ཉམས་ཞིབ་དབུ་འཛུགས་ཞུས་ཏེ་བདུན་ཕྲག་༡༢ རྗེས་སྨན་བཅོས་སྡེ་ཚན་གྱི་ནད་པའི་ལྟོ་སྟོང་མངར་ཚད་བརྒྱ་ཆ་བཅུ་གཉིས་དང་གྲངས་ཆུང་གཉིས། (༡༢་༢)

 

v  ཟས་ཟོས་རྗེས་མངར་ཚད་བརྒྱ་ཆ་བཅོ་བརྒྱད། (༡༨)

v  ཟུངས་ཁྲག་ནང་འདྲེས་མངར་ཚད་བརྒྱ་ཆ་བཅུ་བདུན་དང་གྲངས་ཆུང་ལྔ། (༡༧་༥)

v  ཟས་ཀྱི་སྡེ་ཚན་གྱི་ནད་པའི་ལྟོ་སྟོང་ཁྲག་མངར་བརྒྱ་ཆ་བདུན་དང་གྲངས་ཆུང་བཞི། (༧་༤)

v  ཟས་ཟོས་རྗེས་མངར་ཚད་བརྒྱ་ཆ་ལྔ་དང་གྲངས་ཆུང་ལྔ། (༥་༥)

v  དེ་བཞིན་ཟུངས་འདྲེས་མངར་ཚད་བརྒྱ་ཆ་གཅིག་དང་གྲངས་ཆུང་དགུ (༡་༩)

v  ལྟོ་སྟོང་དགེ་མཚན་ཁྱད་པར་གྲངས་ཆུང་སོ་ལྔ། (༠་༣༥)

v  ཟས་ཟོས་རྗེས་དགེ་མཚན་ཁྱད་པར་གྲངས་ཆུང་གཉིས། (༠་༠༢)

v  ཟུངས་འདྲེས་དགེ་མཚན་ཁྱད་པར་གྲངས་ཆུང་གཅིག་ཙམ། (༠་༠༡༡)

 

དེ་བཞིན་བདུན་ཕྲག་༢༤ རྗེས་སྨན་བཅོས་ཀྱི་སྡེ་ཚན་གྱི་ནད་པའི་ལྟོ་སྟོང་མངར་ཚད་སྤྱི་སྙོམས་བརྒྱ་ཆ་ཉི་ཤུ་རྩ་གསུམ་དང་གྲངས་ཆུང་བཞི། (༢༣་༤)

 

v  ཟས་ཟོས་རྗེས་མངར་ཚད་བརྒྱ་ཆ་ཉི་ཤུ་རྩ་གསུམ་དང་གྲངས་ཆུང་བཞི། (༢༣་༤)

v  ཟུངས་འདྲེས་མངར་ཚད་བརྒྱ་ཆ་ཉི་ཤུ་རྩ་གཅིག་དང་གྲངས་ཆུང་བརྒྱད། (༢༡་༨)

v  ཟས་ཀྱི་སྡེ་ཚན་ནད་པའི་ལྟོ་སྟོང་མངར་ཚད་སྤྱི་སྙོམས་བརྒྱ་ཆ་དྲུག་དང་གྲངས་ཆུང་བཞི། (༦་༤)

v  ཟས་ཟོས་རྗེས་མངར་ཚད་བརྒྱ་ཆ་བཅུ། (༡༠)

v  ཟུངས་འདྲེས་མངར་ཚད་བརྒྱ་ཆ་དྲུག་དང་གྲངས་ཆུང་བདུན། (༦་༧)

v  ལྟོ་སྟོང་དགེ་མཚན་ཁྱད་པར། (༠་༠༠༠༣)

v  ཟས་ཟོས་རྗེས་དགེ་མཚན་ཁྱད་པར་གྲངས་ཆུང་ལྔ། (༠་༠༥)

v  ཟུངས་འདྲེས་དགེ་མཚན་ཁྱད་པར་གྲངས་ཆུང་གཉིས། (༠་༠༢)

བཅས་གསལ་བས་དེ་གཉིས་བསྡུར་ཚད་ཟས་ལས་སྨན་གྱིས་ནད་པར་ཕན་ཐོགས་ཆེ་བ་བྱུང་ཡོད་པ་ཤེས་ཐུབ།

 

བདུན་ཕྲག་༡༢ དང་བདུན་ཕྲག་༢༤ སོ་སོར་གཅིན་སྙིའི་མངར་ཚད་ཀྱི་གྲུབ་འབྲས་དཔྱད་ཁྲ་༣། 

 

བདུན་ ༡༢ རྗེས།  After 12 weeks

བདུན་ཕྲག་ ༢༤ རྗེས།  After 24 weeks

དབྱེ་གཞི།

ཟས་སྡེ།

སྨན་སྡེ།

དགེ་ཁྱད།

ཟས་སྡེ།

སྨན་སྡེ།

དགེ་ཁྱད།

ལྟོ་སྟོང་།

7.4±30%

12.2±30.5%

0.35

6.4±27.7%

23.4±20.0%

0.0003

ཟས་ཟོས་རྗེས།

5.5±32.9%

18.0±31.2%

0.02

10.0±41.2

23.4±27.1%

0.05

ཟུངས་འདྲེས།

1.9±35.8%

17.5±31.3%

0.011

6.7±29.3%

21.8±30.1%

0.02

 

 

 

ཟས་དང་སྨན་གྱི་བཅོས་ཐབས་བསྟེན་པའི་ནད་པ་རྣམས་ཀྱི་གཞི་རྩའི་ཁྱད་ཆོས་རེའུ་མིག 

(Table 1: Baseline characteristics of patients in the treatment and control group)

 

Characteristic

ཁྱད་ཆོས།

Control Group

ཟས་སྤྱོད་སྡེ་ཚན།

(n=102)

Treatment group

སྨན་བཅོས་སྡེ་ཚན།

(n=98)

Age (years)  ལོ།

46.7±7.9

46.5± 9.6

Gender-(% Male) ཕོ་མོ།

69.4

66.7

BMI (kg/m²) གཟུགས་ཚད་དང་ལྗིད་ཚད།

25.89± 3.9

27.1± 15.7

Systolic blood pressure(mmHg) ཁྲག

128± 15

128± 19

Diastolic blood pressure(mmHg) ཤེད།

86± 9

86± 10

Fasting plasma glucose(mg/dl)

ལྟོ་སྟོང་མངར་ཚད།

166.4± 35.5

178.2± 34.1

Postprandial plasma glucose (mm/dl)

ཁ་ཟས་ཟོས་རྗེས་མངར་ཚད།

260.2± 71.1

284.4± 65.3

GHB(%) ཟུངས་ཁྲག་མངར་ཚད།

8.5± 2.3

9.4±  3.0

Serum cholesterol (mg/dl) ཁྲག་ཚིལ།

199.9± 49.9

215.3± 56

Serum triglycerides (mg/dl) བད་ཚིལ།

204.8± 92.1

214.1± 124.9

HDL (mg/dl) ཁྲག་ཚིལ་བཟང་བ།

41.0± 11.4

46.8± 30.6

Urine albumin-(%normal)

གཅིན་ནང་བཅུད།

89.8

87.3

 

 

 

 

མཇུག་བྱང་།

དེང་དུས་ཚན་རིག་དང་བསྟུན་པའི་ཟ་ཁུ་གཅིན་སྙིའི་ནད་གསར་ལ་ཉམས་ཞིབ་བགྱིས་པའི་བྱ་གཞག་གམ་གྲུབ་འབྲས་འདི་དག་ནི་བོད་གཞུང་དབུས་སྨན་རྩིས་ཁང་ཉམས་ཞིབ་སྡེ་ཚན་ནས་ལོ་མང་ནད་བཅོས་ཉམས་ཞིབ་བགྱིས་པའི་རྟེན་འབྱུང་འབྲེལ་ཟབ་ཐོག་ཐོན་པའི་གྲུབ་འབྲས་ཡིག་ཆ་གསལ་བསྒྲགས་བྱས་པ་ཐོག་མ་དེ་ཡིན་ཅིང་།  འདིར་གླེང་སློང་བཀོད་བསྒྲིགས་དང་རྒྱུ་སྦྱོར་སློབ་སྟོན་གནང་མཁན་དབུ་འཛིན་དང་།  ྋསྐུའི་བླ་སྨན་རྣམ་པ། གཞན་ཡང་ལས་འགུལ་དངོས་གཞིར་ཕྱར་གྲུ་མཉམ་འདེགས་ཀྱིས་སྨན་སྦྱོར་དང་སྨན་བཅོས་འགན་འཁུར་གནང་མཁན་ཚང་མ། ལྷག་པར་དུ་ལྡི་ལི་དང་སྦེང་ལོར་གཉིས་ཀྱི་འགན་འཛིན་སྨན་པ་རྣམ་གཉིས་དང་འབྲེལ་མཐུད་པ་བཅས་ནས་ལྷག་བསམ་གཡོ་མེད་ངང་ཐུགས་འཁུར་རྐང་བཞེས་ཀྱིས་གཅིན་སྙིའི་ཉམས་ཞིབ་འདི་བཞིན་མཇུག་སྐྱོང་མ་ཟིན་བར་ལས་དོན་ཚགས་ཚུད་གནང་བར་ཉམས་ཞིབ་སྡེ་ཚན་གྱིས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། གྲུབ་འབྲས་ཡིག་ཆ་འདོན་ཕྱོགས་དང་ལྷག་པར་དུ་གཅིན་སྙིའི་ཟ་ཁུའི་ངོས་འཛིན་དང་གྱུར་ཚུལ་སོགས་ཀྱི་སྐོར་གསལ་བཤད་ཕྲན་བུ་རེ་ཞུས་པ་དེ་དག་རང་ལུགས་གཞུང་དང་མ་འགལ་བའི་ངང་ཕྱི་ལུགས་དང་མཐུན་ཤས་ཆེ་ལུགས་སོགས་ཀྱི་གཏམ་ཕྲན་བུ་གླེང་བར་ནོར་འཛོལ་འགལ་འཁྲུལ་མཆིས་ཚེ་མཁས་དབང་ཀློག་པ་པོ་རྣམས་ལ་བཟོད་གསོལ་ཞུ་བ་དང་ཆབས་ཅིག་སྐྱོན་མཛུབ་ཡོ་བསྲང་ལེགས་བཅོས་དང་མ་འོངས་བྱ་ཕྱོགས་ཐད་དགོངས་འཆར་ལྷུག་སྩོལ་ཡོང་བ་ཞུ་རྒྱུ་བཅས་བོད་གཞུང་དབུས་སྨན་རྩིས་ཁང་ནད་བཅོས་ཉམས་ཞིབ་སྡེ་ཚན་ནས།། །།

 

དཔྱད་གཞིའི་ཡིག་ཆ།

༡། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད།               ༢། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཻ་སྔོན།            ༣། སོག་པོ་ལུང་རིག་བསྟན་དར་གྱིས་བརྩམས་པའི་རྒྱུད་བཞི་འགྲེལ་པ་རྣམ་རྒྱལ་ཨ་རུ་རའི་འཕྲེང་མཛེས།        ༤། བོད་ལྗོངས་སྨན་རྩིས་ཁང་ནས་བོད་ཀྱི་གསོ་རིག་ཀུན་འདུས་སྨད་ཆ།  ༥། ལྷ་ས་སྨན་རྩིས་ཁང་ནས་ཕྱོགས་བསྒྲིགས་གནང་བའི་རྒྱུན་སྤྱོད་བོད་སྨན་སྦྱོར་ཕན་རྣམ་གྲངས་ཀུན་གསལ་མེ་ལོང་ཞེས་བྱ་བ།               ༦། སྨན་སྦྱོར་ནུས་པ་ཕྱོགས་བསྡུས།   ༧། ཚིག་མཛོད་གཡུ་ཐོག་དགོངས་རྒྱན་དབང་འདུས་ཀྱིས་བརྩམས་པ།      ༨། སྤྱི་ལོ་༡༩༩༦ ལོར་དྷ་ས་དབུས་སྨན་རྩིས་ཁང་དུ་གཅིན་སྙིའི་ཚོགས་ཆེན་སྐབས་ཀྱི་བགྲོ་གླེང་གསུང་བཤད་རྩོམ་བྲིས་ཁག་གི་དེབ།      ༩། གཅིན་སྙིའི་ཉམས་ཞིབ་ཀྱི་སྔོན་འགྲོ་སྒྲོམ་གཞིའི་ཡིག་ཆ།   ༡༠། CR kothari Research methodology methods & Techniques       11. The Mark Manual (Twelth edition)  12. A report of Survey on Diabetes among Tibetan Refugees in India by Dr. Tashi Lhamo, Men-Tsee-Khang, Dharamsala      13. A report on "Efficacy of Tibetan Medicine in Treatment of type II diabetes" by Dr. Tenzin Namdrol, Dr. Ajay Sood and Dr. Pandey           ༡༣ སྐྱ་རེངས་གསར་པ།

 

འདི་ནི་སྤྱི་ལོ་༢༠༠༢ ལོར་བོད་གཞུང་སྨན་རྩིས་ཁང་གིས་དཔར་བསྐྲུན་ཞུས་པའི་སྨན་རྩིས་དུས་དེབ། འདོན་ཐེངས་དྲུག་པ།ནང་འགྲེམས་སྤེལ་ཞུས་ཡོད་པ་དེ་ནས་ཟུར་འདོན་ཞུས་པ་ཡིན།


འབྲེལ་ཡོད་གསུང་བཤད་དང་ཡིག་ཆ་གཞན་ལྟ་ཀློག་བྱེད།

༡། གཅིན་སྙི་ཟ་ཁུའི་ཐོག་སྨན་རམས་པ་མཁྱེན་རབ་རྒྱ་མཚའི་གསུང་བཤད།

༢། གཅིན་སྙིའི་ནད་གཞི་ངོས་འཛིན་བྱེད་ཚུལ།

༣། འཛམ་གླིང་གཅིན་སྙི་ཟ་ཁུའི་ཉིན་མོ་སྲུང་བརྩི་ཞུས་པ། ༡༤/༡༡/༢༠༡༤

མཐའ་མའི་འདོན་ཐེངས་།: 17.11.2014 ཉིན། 10:01 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།