སྨན་རྩིས་དྲ་བ། - ཆེད་རྩོམ།

གཅིན་སྙིའི་ནད་གཞི་ངོས་འཛིན་བྱེད་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 16.09.2013
ཆེད་རྩོམ། >>


གཅིན་སྙིའི་ནད་གཞི་ངོས་འཛིན་བྱེད་ཚུལ་འདྲ་མཚུངས་སུ་ཡོད་པའི་སྐོར་ལ་དཔྱད་པའི་སྙིང་དོན་བཞུགས་སོ།།

 

 སྨན་རམས་པ་རྡོ་རྗེ་རབ་བརྟན།


ཨོཾ་སྭསྟི།

ཉི་ཟླ་ཇི་བཞིན་ཁྱད་འཕགས་གསོ་རིག་གཞུང་།།

རང་ཅག་གངས་ཅན་ཞིང་གི་བགོ་སྐལ་དུ།།

གནང་བའི་བཀའ་དྲིན་སྙིང་དབུས་བཅང་བྱས་ཏེ།།

སྨན་བླ་སྲས་བཅས་ཞབས་རྡུལ་སྤྱི་བོར་མཆོད།།

 

རང་ལ་མངའ་བའི་ཡོན་ཏན་མི་ཆེ་ཡང་།།

གཞན་ལ་ཕན་པའི་སྒྲོ་གཤོག་ཅུང་ངོམ་ཞིང་།།

ཚེ་རིག་གཏེར་བདག་གླིང་དུ་ལྡིང་ཙམ་གྱིས།།

ཀུན་ཕན་དཔྱད་གཏམ་ཕྲ་མོ་འདི་ན་གླེང་།།

 

ཞེས་ཐོག་མར་ཡུལ་གོང་མ་རྣམས་ལ་ཤིས་པ་བརྗོད་ཅིང་། དངོས་པོ་ངེས་བསྟན་གྱི་སྒོ་ནས་གང་བཤད་པར་བྱ་བའི་དོན་དངོས་ལ་འཇུག་པ་ནི། རྒྱ་གར་འཕགས་ཡུལ་ལུགས་ཀྱི་སྨན་སྲོལ་ཨྰཡུརྦེད་(Ayurveda)དང་། ཕྱི་ལུགས་སམ་དེང་རབས་ཅན་གྱི་སྨན་སྲོལ་ཨེ་ལོ་པེ་ཐི་(Allopathy) རང་ཅག་བོད་ཀྱི་ཐུན་མོང་མ་ཡིན་པ་གསོ་བ་རིག་པའི་གཞུང་བཅས་གཞུང་ལུགས་ཆེན་པོ་གསུམ་ནས་གཅིན་སྙི་ནད་གཞིའི་ངོས་འཛིན་བྱེད་ཕྱོགས་འདྲ་བའི་སྐོར་མདོར་ཙམ་དཔྱད་པའི་སྙིང་དོན་ནི།

 སྤྱིར་བཏང་ཨྰཡུརྦེད་དང་བོད་ཀྱི་གསོ་རིག་གཞུང་གཉིས་དབར་འོག་ཏུ་འཆད་པ་ལྟར་ཕལ་ཆེར་གཅིག་ནས་གཅིག་དཔེ་བཤུས་པ་བཞིན་གཞུང་གཉིས་ཀའི་འདོད་ཚུལ་གཅིག་མཚུངས་སུ་སྣང་། འོན་ཀྱང་གཞུང་འདི་གཉིས་དང་ཕྱི་ལུགས་གཉིས་དབར་གཅིན་སྙིའི་ངོས་འཛིན་བྱེད་ཕྱོགས་ཐད་ཡུད་ཙམ་བལྟས་ཚེ་ཕྱོགས་འདྲ་བ་ལས་ཀྱང་མི་འདྲ་བའི་གནས་ཚུལ་མང་པོ་ཞིག་བློ་ཡུལ་དུ་འཆར་ཡོང་ཡང་། བློ་རིག་གིས་ཞིབ་བསྡུར་བྱས་ཚེ་ཕན་ཚུན་འགལ་ཟླ་གང་ཡང་མེད་པའི་ཐོག་ཧ་ཅང་འབྲེལ་མཐུན་ཆེ་བའི་གནས་ཚུལ་ཡང་མི་ཉུང་བ་འདྲེན་རྒྱུ་འདུག འོན་ཀྱང་དང་པོ་གླེང་གཞིའི་དངོས་པོར་དངོས་སུ་མ་འཇུག་གོང་གླེང་གཞི་དང་འབྲེལ་ཆགས་ཆེ་བའི་དྲི་བ་འགའ་ང་ཚོའི་མདུན་དུ་ལྷག་ཡོད་པ་ནི།

གསོ་རིག་གཞུང་ལུགས་ནས་གཅིན་སྙིའི་ལེའུ་འདི་བཞིན་ཕྱི་ལུགས་ནས་ཌཡི་སྦེ་ཀྲི་(Diabetes)ཞེས་པ་འདི་ལ་ངོས་འཛིན་བྱེད་ཆོག་གམ། ཆོག་ན། གཅིན་སྙི་ལེའུ་ལས། ཟ་ཁུ་ཉི་ཤུ་གཅིན་སྙིའི་ནད་རིགས་གསུང་། །ཞེས་པའི་ཟ་ཞུ་ཉི་ཤུ་ཚང་མ་ Diabetes ནད་རིགས་ཡིན་པ་འདོད་དགོས་པ་ཡིན་ཏེ། དེ་ལྟར་ཆོག་ན་ལུང་དང་རིག་པའི་སྒོ་ནས་འགལ་ཟླ་ཇི་འདྲ་ཡོད་དམ། གཉིས་པ་ Diabetes ལའང་དབྱེ་བ་མི་ཉུང་བ་ཡོད་དེ། ནད་ཀྱི་ངོ་བོའམ་འཇུག་ཡུལ་གྱི་སྒོ་ནས་ཌཡི་སྦེ་ཀྲི་མེ་ལི་ཀྲསི་ Diabetes Mellitus   དང་། ཌཡི་སྦེ་ཀྲི་ཨིན་སི་པི་ཌིསེ་ Diabetes Insipidous, ཌཡི་སྦེ་ཀྲི་ཀར་སྦང་ཀལ་ Diabetes Carbuncle, ཌཡི་སྦེ་ཀྲི་ནིའུ་རེ་ཀྲིསེ Diabetes Neuritis   སོགས་དང་། ཌཡི་སྦེ་ཀྲི་མེ་ལིཀྲསི་ Diabetes Mellitus ལའང་ན་ཚོད་ཀྱི་དབྱེ་བའི་ཐོག་ནས་འཇུ་ལྦེ་ན་ཡེལ་ཌཡི་སྦེ་ཀྲི་ Juvenile Diabetes དང་མེ་ཆུ་རི་ཀྲི་ཨོན་སེཊ་ཌཡི་སྦེ་ཀྲི་ Maturity Onset Diabetes ཞེས་གོང་མ་ན་ཚོད་གཞོན་པ་དང་། ཉེན་ཚབས་ཆེ་ཞིང་ཨིན་སུ་ལིན་ Insulin སྨན་ཁབ་བསྟེན་དགོས་པའི་རིགས་དང་། འོག་མ་ན་ཚོད་བཞི་བཅུ་ཡན་དང་ཉེན་ཚབས་ཆུང་ཞིང་ཨིན་སུ་ལིན་ Insulin དམིགས་བསལ་བསྟེན་མི་དགོས་པ་རྩིས་ཀྱི་ཡོད་པར་སྣང་།

སྤྱིར་བཏང་གཅིན་སྙི་དང་ Diabetes གཉིས་དབར་ངོས་འཛིན་བྱེད་ཕྱོགས་ཐད་ཞིབ་མོར་དཔྱད་ཚེ། འདོད་ཚུལ་སོགས་ཕན་ཚུན་ཕལ་ཆེར་མཚུངས་པར་སྣང་ཡང་། དེ་དག་གི་རྒྱུ་རྐྱེན་དབྱེ་བ་སོགས་རྒྱུ་མཚན་རེ་རེ་བཞིན་འདོད་དེ་ཕན་ཚུན་ཆུ་ལ་ཆུ་བཞག་བཞིན་མཐུན་པ་སྦྱོར་དགོས་པའི་རྒྱུ་མཚན་དང་དགེ་མཚན་གང་ཡང་མ་མཆིས་སྙམ། འོན་ཀྱང་དགོས་གལ་ཆེ་བའི་དབང་གིས་དཔྱད་བསྡུར་གནང་དགོས་ངེས་གཅིག་ནི། དེང་རབས་སྤྱི་ཚོགས་དང་། ལྷག་པར་རྒྱ་གར་བའི་ནང་དུ་དར་ཁྱབ་ཆེ་ཤོས་ཀྱི་ནད་གྲས། མིང་དུ་ཌཡི་སྦེ་ཀྲི་མེ་ལི་ཀྲསི་ Diabetes Mellitus ཞེས་པ་ Diabetes ནད་རིགས་ཁོངས་ནས་གཙོ་ཁྱབ་ཆེ་ཤོས། གང་ལྟར་ངག་ནས་ Diabetes ཞེས་བརྗོད་དུས་དངོས་ཤུགས་བརྒྱུད་གསུམ་ནས་ཕལ་ཆེར་ནད་རིགས་འདི་རང་ལ་བསམ་ཤིང་གོ་དགོས་དུས། འདི་ལའང་གཅིན་སྙི་འབོད་དེ། སྤྱིར་བཏང་ལྟར་ངོས་འཛིན་བྱེད་ཅིང་། ཟ་ཁུ་ཉི་ཤུའི་དབྱེ་བ་རྣམས་ལ་བྱུས་གཏོགས་ཙམ་ཡང་མེད་པར་བཞག་ན་འགྲིག་གི་ཡོད་དམ། འགྲིག་གི་མེད་ན། དེ་ལ་ངོས་འཛིན་ཇི་ལྟར་བྱེད། རླུང་མཁྲིས་བད་ཀན་དང་ཟ་ཁུ་ཉི་ཤུ་གང་གི་ཁོངས་སུ་བསྡུས་པ་བཅས་གསལ་པོ་བཟོ་དགོས་པ་ཡིན།

ཨྰཡུརྦེད་གཞུང་ལས་པར་མེཧ་ཞེས་པ་འདི་ Diabetes ཡིན་པ་ངོས་འཛིན་བྱེད་ཀྱི་འདུག འདི་ལ་ཨྰཡུརྦེད་ཡི་སྨན་གཞུང་ཆེན་མོ་ཅརཀ་(Caraka)དང་། སུཤྲུཏ་སཾཧིཏྰ(Sushruta Samhita), ཨཥྚྰཾག་ཧྲདཡཾ(Astanga Hrdayam)  གསུམ་ཕན་ཚུན་དགོངས་འགྲེལ་གཅིག་མཐུན་བཞིན་བད་མཁྲིས་རླུང་གསུམ་གྱི་དབྱེ་རིམ་དང་། ནད་རྟགས། ཟ་ཁུ་ཉི་ཤུ་གྲངས་ཚད་སོགས་རང་ལུགས་གཅིན་སྙིའི་ལེའུ་དང་བསྟར་བསྒྲིགས་བཞིན་གཅིག་མཚུངས་སུ་མཐོང་། དེ་ཡང་རླུང་གི་ཟ་ཁུ་བཞི་ཁོངས་ནས་མདྷུ་མེཧ་ཞེས་པ་དེ་གཅིན་པ་སྦྲང་རྩི་ལྟར་རོ་མངར་བ་ཡིན་པ། མཐའ་མ་ལུས་ཐམས་ཅད་ལ་མངར་བའི་རོས་ཁྱབ་སྟེ། ཤིན་ཏུ་ནས་གསོ་དཀའ་བའམ་ཕལ་ཆེར་གསོ་བར་མི་བཏུབ་པའི་གྲས་སུ་ངོས་འཛིན་བྱས་འདུག ཨྰཡུརྦེད་སྨན་པ་ཚོས་ནད་འདི་བཞིན་ཕྱི་ལུགས་ཀྱི་ཌཡི་སྦེ་ཀྲི་མེ་ལིཀྲསི་ Diabetes Mellitus ཞེས་པ་དེ་རེད་ཅེས་ངོས་འཛིན་གསལ་པོ་བྱེད་ཀྱི་འདུག འདི་ནི་མདྷུ་ཞེས་པ་སྦྲང་རྩི་དང་། མེཧ་ཞེས་པ་ཟ་ཁུར་འདོད་པས་ན་རང་རེའི་རླུང་གི་ཟ་ཁུ་སྦྲང་འདྲ་བ་ཞེས་པ་དང་གཅིག་མཚུངས་རེད་འདུག དེས་ན་རང་རེ་གསོ་རིག་བསྟན་འཛིན་རྣམས་ཀྱི་ཐོག་ཏུ་འབབ་པའི་ལས་འགན་ནི་རྒྱུད་ཀྱི་དགོངས་དོན་རྣམས་མ་ནོར་བ་གསལ་པོ་བཟོ་རྒྱུ་དང་། གསལ་བ་ཤིན་ཏུ་གཅེས་པའི་བརྒྱུད་རིམ་བཞིན་སྤེལ་ཐབས་གནང་རྒྱུ་དེ་ཡིན་ཕྱིར། རྩ་བའི་སྨན་པ་སོ་སོའི་བློ་རིག་གི་རྣམ་དཔྱོད་མི་འདྲ་བའི་དབང་གིས་འདོད་ཚུལ་སོགས་མི་འདྲ་བ་ཡོང་སྲིད་ཀྱང་སྨན་གྱི་གཞུང་ལུགས་གཅིག་ཡིན་པའི་ཐོག་ནས་གཞུང་འབྲེལ་ལམ་ཐུན་མོང་གི་འདོད་ཚུལ་གཅིག་ཀྱང་དགོས་རྒྱུ་གལ་ཆེ་བར་མཐོང་།

ད་ནི་གླེང་གཞིའི་དོན་དངོས་ལ་འཇུག་པར་བྱ་བ་ནི། ཨྰཡུརྦེད་(Ayurveda)དང་། ཕྱི་ལུགས་སྨན་སྲོལ།(Allopathy) བོད་ཀྱི་གསོ་རིག་གཞུང་སོ་སོ་ནས་གཅིན་སྙི་ངོས་འཛིན་བྱེད་ཕྱོགས་འདྲ་བའི་སྐོར་བསྟན་པ་ནི་གཤམ་གསལ་ལྟར་ལགས།

 

ལུས་ལ་མངར་ཆ་འཕེལ་བའི་གནས་ཚུལ། 

བོད་ཀྱི་གསོ་རིག་གཞུང་དང་ཨྰཡུརྦེད་གཉིས་ནས་གཅིན་སྙིའི་རྒྱུ་རྐྱེན་གཙོ་བོ། ཕྱི་ནས་ལན་ཚྭ་དང་། མངར་བསིལ་ལྕི་བའི་ཟས་རིགས་བསྟེན་དྲགས་པ་སོགས་ཀྱིས་ནང་དུ་བད་ཀན་ཚིལ་འཕེལ་བའི་ནད་བྱུང་། བད་ཀན་ནི་འབྱུང་བ་ས་ཆུའི་རང་བཞིན་ཤས་ཆེ་བ་དང་། འབྱུང་བ་ས་ཆུ་གཉིས་ཤས་ཆེ་བ་ལ་བརྟེན་ནས་རོ་མངར་བ་སྐྱེ་འཕེལ་བྱུང་། དེ་ལས་གཅིན་སྙིའི་ནད་འབྱུང་བར་འདོད་པ་དང་། ཕྱི་ལུགས་ནས་ཀྱང་ཁ་ཟས་གཙོ་བོ་མངར་བ་དང་ལྕི་བ་སོགས་བསྟེན་དྲགས་པ། དེ་བཞིན་ཕྱི་སྤྱོད་ལམ་དལ་དྲགས་པ་སོགས་ཀྱིས་ལུས་ནང་མངར་ཆའི་ལྡང་ཚད་འཕེལ་ཞིང་རྒྱས་པ་ལ་བརྟེན་ནས་Diabetesནད་གཞི་བྱུང་ཚུལ་བཤད་ཀྱི་ཡོད་པ་རེད། དོན་སྙིང་ལུས་ནང་རོ་མངར་བའི་ལྡང་ཚད་འཕེལ་བ་ལ་བརྟེན་ནས། ཨྰཡུརྦེད་ནས་པར་མེཧ་དང་། གསོ་རིག་གཞུང་ལས་གཅིན་སྙི། ཕྱི་ལུགས་ནས་Diabetesབྱུང་བ་ནི་ཕན་ཚུན་ངོས་འཛིན་བྱེད་ཕྱོགས་འདྲ་བ་དང་། ཕྱི་ནང་ཐུན་མོང་གི་འདོད་ཚུལ་དུ་སྣང་། ནད་གཞི་འདིའི་ངོས་འཛིན་བྱེད་ཕྱོགས་ཐད་གནད་འགག་ཆེ་ཤོས་ཀྱང་འདི་ལ་ཐུག་ཡོད་སྙམ། གཞན་ཡང་མན་རྒྱུད་གཅིན་སྙིའི་ལེའུ་ལས། གཅིན་གྱི་ཤུལ་དུ་སྦྲང་མའི་ཚོགས་ཀུན་འདུ། །ཞེས་པ་དང་། ཨྰཡུརྦེད་གཞུང་ནས་པི་པིག་ཀ་པ་རི་སར་ས་ནམ་ཞེས་པ་གོ་དོན་གཅིག་ཡིན་འདུག་ན། ངེས་དོན་དུ་ཕྱི་གཅིན་པའི་ཤུལ་ལ་སྦྲང་མའི་ཚོགས་ཀུན་འདུ་ཞིང་རོལ་བར་བྱེད་པ་ནི་ནང་ལུས་པོར་མངར་ཆའི་ལྡང་ཚད་འཕེལ་ཞིང་རྒྱས་པའི་མངོན་རྟགས་གསལ་པོ་ཡིན་པ་ཤེས་ཐུབ།

 

ནད་རྟགས། 

རྒྱུན་ལྡན་ནད་རྟགས་མངོན་གསལ་ཅན། ཁ་ལྕེ་སྐམ་པ་དང་། རྔུལ་མང་བ། མཐིལ་བཞིའམ་རྐང་ལག་ཏུ་ཚ་ཤར་རྒྱག་པ། ལུས་སྙོམ་པ། གཅིན་ཁ་སྙི་བ་སོགས་སྨན་བཅོས་ལག་ལེན་དངོས་དང་མཐུན་པ་ཚང་མས་གཅིག་མཚུངས་སུ་འདོད།

 

གསོ་དཀའ་བའི་གནས་ཚུལ། 

ཕྱི་ལུགས་སྨན་སྲོལ་ནས། Diabetesའདི་བཞིན་ཧ་ཅང་གསོ་དཀའ་བའི་གཅོང་ནད་རིགས་སུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཨྰཡུརྦེད་ནས་ཀྱང་བད་མཁྲིས་རླུང་གསུམ་གྱི་ཟ་ཁུ་རྣམས་རིམ་བཞིན་གསོ་དཀའ་བ་མ་ཟད་རླུང་གི་ཟ་ཁུ་དག་ནི། ཕལ་ཆེར་གསོ་མི་བཏུབ་པར་ངོས་འཛིན་བྱེད་ཀྱི་འདུག བོད་ཀྱི་གསོ་རིག་གཞུང་ལས། ཟུངས་དང་འདྲེས་ཕྱིར་ཤིན་ཏུ་གསོ་དཀའ་ཡིན། །ཞེས་གསུངས་ཡོད་པ། གང་ལྟར་ནད་གཞི་འདི་ཤིན་ཏུ་ནས་གསོ་དཀའ་བ་ཞིག་ཡིན་པ་སྨན་ལུགས་སོ་སོ་ནས་ངོས་འཛིན་གསལ་པོ་བྱེད་ཀྱི་ཡོད་པ་རེད།

 

བླ་གཉན་ཐོར་པ། 

གཅིན་སྙི་ལེའུ་ལས། ཀུན་ཀྱང་ཡལ་བར་བོར་ན་ཐོར་པ་བཅུ། །ཞེས་ནད་གསར་དུས་གསོ་བ་ལ་མ་སྒྲིམ་ན་རྙིང་ཞིང་ཡལ་བའི་དུས་སུ། ཁ་ཕོར་དང་རུས་སྦལ་རྒྱབ་སོགས་བླ་གཉན་ཐོར་པ་མི་འདྲ་བ་བཅུ་ཡོང་གི་ཡོད་པ་གསུངས་ཡོད། ཨྰཡུརྦེད་ནས་ཀྱང་པར་མེཧ་པིཊཀ་ཞེས་བླ་གཉན་གྱི་ཐོར་པ་རིགས་མི་འདྲ་བ་བཅུ་གསལ་པོར་འཁོད་འདུག  ཕྱི་ལུགས་ནས་ཀྱང་ཐོར་པའི་རིགས་དང་གྲངས་ཚད་སོགས་ངེས་ཅན་གང་ཡང་མེད་པར་གནས་ཀྱང་ནད་རྙིང་ཞེན་པའི་སྐབས་སུ། པགས་ནད་མེ་དབལ་ལྟར་གྱི་ཐོར་པའམ་རྨ་ཤུ་མང་པོ་ཡོང་གི་ཡོད་པ་གསལ་པོ་རེད།

 

ཟས་སྤྱོད་བསྟེན་ཚུལ། 

རྒྱུད་ལས། ཁ་ཟས་འབྲུ་རྙིང་སྐམ་སའི་ཤ་སོགས་བསྟེན། །མངར་བསིལ་ལན་ཚྭ་ལྕི་བའི་ཟས་རྣམས་སྤང་། །སྤྱོད་ལམ་དྲོ་བའི་གནས་སུ་རྩོལ་བས་བཅག །ཅེས་དང་། ཨྰཡུརྦེད་གཞུང་ནས་ཀྱང་དེ་དང་ཕྱོགས་མཚུངས་པར་གསུངས་ཡོད། ཕྱི་ལུགས་སུ། ཁ་ཟས་མངར་བ་དང་། ཚིལ་བཅུད་ཆེ་བ། ལྕི་བའི་ཟས་རྣམས་སྤང་དགོས་པ་དང་། རྒྱུན་དུ་རྩོལ་བས་བཅག་པའམ་ལུས་རྩལ་སོགས་རྩེད་རྒྱུ་ནི་ Diabetes ནད་གཞིར་ཧ་ཅང་གལ་གནད་ཆེན་པོ་བརྩི་བ་སོགས་ཟས་སྤྱོད་སྤང་བླང་གི་ཐོག་ནས་ཀྱང་ངོས་འཛིན་བྱེད་ཕྱོགས་ཧ་ཅང་མཐུན་པར་སྣང་།

 

མཇུག་བསྡོམས། 

དེ་ལྟར་སྨན་གྱི་ལུགས་སྲོལ་ཆེན་པོ་གསུམ་ནས་གཅིན་སྙིའི་ངོས་འཛིན་བྱེད་ཕྱོགས་འདྲ་བའི་སྐོར་གོང་གསལ་དོན་ཚན་ལྔས་གསལ་བར་བསྟན་ཡོད་ཀྱང་། དེ་ལས་ཀྱང་ལྷག་པའི་རྒྱུ་མཚན་འགྲེལ་བརྗོད་གནང་རྒྱུ་ཡོད་སྲིད་པས་རང་ཉིད་བློ་རིག་རྟུལ་བས་འདི་ཙམ་དུ་ཟད། སྨན་པ་མཁྱེན་ལྡན་ཉམས་མྱོང་གིས་ཕྱུག་པ་རྣམས་ཀྱིས་སོ་སོའི་ཉམས་མྱོང་གི་མན་ངག་རྒྱ་མཚོ་ལས་དགོངས་འཆར་ཆུ་ཐིགས་རེ་གནང་ཡང་གསོ་རིག་བསྟན་པ་འཛིན་མཁན་གྱི་ལྗང་གཞོན་ལོ་འདབ་རྒྱས་པའི་གསོས་སུ་སྨིན་རྒྱུར་བརྟེན་དེ་སྲིད་དགོངས་བཞེས་དང་། སྤྱིར་བཏང་གཅིན་སྙིའི་སྐོར་ཨྰཡུརྦེད་ཡི་གཞུང་ཆེན། སུཤྲུཏ་དང་ཙརཀ་སཾཧིཏྰ་སོགས་ལ་ཞིབ་རྒྱས་གང་ཡང་བལྟ་རྒྱུ་མ་བྱུང་ཡང་། གང་བལྟས་པ་དེའི་ཐོག་ཚད་ལྡན་ ཨྰཡུརྦེད་ཡི་སྨན་པ་འགའ་དང་གྲོས་བསྡུར་དང་སློབ་སྟོན་ཞུས་འབྲས། ཨྰཡུརྦེད་ཡི་གཞུང་ནས་པར་མེཧ་ཞེས་པ་ Diabetes ཡིན་པ་ངོས་འཛིན་དང་། རླུང་གི་ཟ་ཁུ་སྦྲང་འདྲ་བའམ། ཁོང་ཚོས་མདྷུ་མེཧ་ཞེས་པ་དེ་ Diabetes Mellitus ཡིན་པ་གསལ་པོ་བཤད་ཀྱི་འདུག འོ་ན་གོང་གི་དོན་ཚན་ལྔ་དེ་དག་ལ་བརྟེན་ནས་གཅིན་སྙི་ནད་གཞི་དེ་ Diabetes དངོས་ཡིན་པ་ངོས་འཛིན་བྱེད་ཆོག་གམ་ཞེས་འདྲི་ན། མཐའ་གཅིག་ཏུ་ཁ་མཚོན་གཅོད་རྒྱུ་དཀའ་ཡང་། གོང་གི་དོན་ཚན་དེ་དག་དང་། རྒྱུན་ལྡན་སྨན་བཅོས་ལག་ལེན་གྱི་ཉམས་མྱོང་རྣམས་ཞིབ་བསྡུར་བྱས་ཚེ་ཧ་ཅང་གི་འབྲེལ་མཚུངས་ཆེན་པོ་ཡིན་པ་གསལ་པོར་མཐོང་ཐུབ་པ་མ་ཟད། གཅིན་སྙི་དེ་ Diabetes དང་། Diabetes དེ་གཅིན་སྙིའི་ལེའུར་མ་གཏོགས་དེ་ལས་ལྡོག་སྟེ་འབྲེལ་བསྡུར་བྱེད་ཡུལ་གཞན་ཞིག་མེད་པ་ནི་དེ་བས་གསལ་བར་མཐོང་ངོ་།།

གཞན་ཡང་གོང་དུ་དྲི་བ་ལྷག་པ་ལྟར། Diabetes ནད་གཞི་ཡིན་ཚེ་ངོས་འཛིན་བྱེད་ཕྱོགས་གཙོ་བོ་ཁྲག་དང་གཅིན་པའི་ནང་དུ་མངར་ཆའི་ལྡང་ཚད་འཕེལ་རྒྱས་ཕྱིན་ཡོད་མེད་ལ་བལྟ་དགོས་པ་དང་། རང་ལུགས་གཅིན་སྙི་ནད་གཞི་ཡིན་ཚེ། གཙོ་བོ་གཅིན་སྙིའི་མངོན་ཚུལ་དང་། ཟ་ཁུ་ཉི་ཤུའི་མདོག་ལ་བརྟེན་ནས་ངོས་འཛིན་དགོས་པ་ལས། ཁྲག་གཅིན་ནང་མངར་ཆའི་ལྡང་ཚད་དང་། ཁྱད་པར་དུ་ཁྲག་ནང་གི་མངར་ཆའི་སྐོར། གཅིན་སྙི་ལེའུ་ནང་གསུང་གསལ་གང་ཡང་མེད་པར་སྣང་། ཕྱོགས་མཚུངས་གཅིན་སྙིའི་ནད་རིགས་ཟ་ཁུ་ཉི་ཤུ་ཚང་མར་རོ་མངར་བའི་ཆ་ཤས་དམིགས་བསལ་ལྡན་དགོས་པའི་ཁྱབ་པའང་གང་ཡང་མེད་དོ་སྙམ། སྙིང་དོན་དུ། གཅིན་སྙི་དང་ Diabetes གཉིས་དབར་དམིགས་བསལ་འགལ་ཟླ་གང་ཡང་མེད་ཐོག་ཕན་ཚུན་ཧ་ཅང་འབྲེལ་མཚུངས་ཆེ་གནས་གསལ་པོར་ཆགས་ཡོད་པས། འདི་ལ་བློ་དྭོགས་དགོས་རྒྱུ་གང་ཡང་མིན་འདུག་སྙམ། དེས་ན་འདི་ལ་རྣམ་དཔྱོད་ཀྱི་རྩལ་དང་ལྡན་ཞིང་ཞིབ་འཇུག་གི་བློ་རིག་རྣོན་པོས་ཕྱོགས་གཉིས་དབར་ཕན་ཚུན་དཔྱད་བསྡུར་དང་ཞིབ་འཇུག ལྷག་པར་གོང་གསལ་ཨྰཡུརྦེད་ཡི་གཞུང་ཆེན་རྣམས་ལ་གཟིགས་ཚེ། གོ་དོན་དང་ལེགས་ཆ་སོགས་མང་པོ་ལེན་རྒྱུ་འདུག་པས། གཙོ་བོ་འགྲོ་བ་ནད་པའི་སྡུག་བསྔལ། སྒོས་སུ་དེང་རབས་ཤིན་ཏུ་དར་ཁྱབ་ཆེ་ཞིང་གསོ་དཀའ་བའི་ Diabetes ནད་གཞི་འདིར་རང་ཅག་ཐུན་མོང་མ་ཡིན་པའི་གསོ་རིག་གཞུང་ངམ་བོད་སྨན་གྱི་ཐོག་ནས་སྔར་ལས་ལྷག་པའི་ཕན་བསྐྱེད་དང་འགྲོ་ཕན་གཟི་བརྗིད་དང་ལྡན་པ་ཡོང་རྒྱུ་གདོན་མི་ཟ་བས། ཚང་མས་འཕྱར་གྲུ་མཉམ་འདེགས་དང་དགོངས་འཆར་གནང་རོགས་ཞུ།། །།

 

འདི་ནི་ཕྱི་ལོ་༡༩༩༧ ལོར་བོད་གཞུང་སྨན་རྩིས་ཁང་གིས་པར་བསྐྲུན་ཞུས་པ་《སྨན་རྩིས་དུས་དེབ། འདོན་ཐེངས་གསུམ་པ།》ནང་ནས་ཟུར་བཏོན་ཞུས་པ་ཞིག་ཡིན།།


འབྲེལ་ཡོད་གསུང་བཤད་དང་ཡིག་ཆ་གཞན་ལྟ་ཀློག་བྱེད།

༡། གཅིན་སྙི་ཟ་ཁུའི་ཐོག་སྨན་རམས་པ་མཁྱེན་རབ་རྒྱ་མཚའི་གསུང་བཤད།

༢། ཟ་ཁུ་གཅིན་སྙིར་ཉམས་ཞིབ་གྲུབ་འབྲས།

༣། འཛམ་གླིང་གཅིན་སྙི་ཟ་ཁུའི་ཉིན་མོ་སྲུང་བརྩི་ཞུས་པ། ༡༤/༡༡/༢༠༡༤

མཐའ་མའི་འདོན་ཐེངས་།: 17.11.2014 ཉིན། 10:08 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།