སྨན་རྩིས་དྲ་བ། - མདུན་ངོས།

ཚན་རིག་པས་ཀྱང་བཙོ་ཐལ་ལ་དུག་ཤས་མི་འདུག་ཟེར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.03.2016
མདུན་ངོས། >>


ཚན་རིག་པས་ཀྱང་བཙོ་ཐལ་ལ་དུག་ཤས་མི་འདུག་ཟེར། 

 

འདི་ཟླའི་ཚེས་༢༤ ཉིན་དྷ་ས་བོད་ཀྱི་སྨན་རྩིས་ཁང་དུ་བོད་ལུགས་གསོ་བ་རིག་པའི་བདེན་པ་གསལ་འདོན་བྱེད་པ་ཞེས་རྒྱལ་སྤྱིའི་བོད་ལུགས་སྨན་གྱི་བགྲོ་གླེང་ཚོགས་ཆེན་ཞིག་སྨན་རྩིས་ཁང་གི་བརྒྱ་སྟོན་སྲུང་གཙིའི་སླད་སྐོང་འཚོགས་ཞུས།


བགྲོ་གླེང་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་གཙོས་པའི་རྒྱལ་སྤྱི་རྒྱལ་ནང་ནས་གཏམ་བཤད་གནང་མཁན་མཁས་དབང་ལྔ་དང་། ཚོགས་བཅར་བ་དང་སྨན་རྩིས་སློབ་ཕྲུག་བཅས་ཁྱོན་མི་གྲངས་སུམ་བརྒྱ་ཉེ་བ་འདུ་འཛོམས་གནང་འདུག


འཕྲོད་བསྟེན་བཀའ་བློན་མཆོག་གིས་སྣང་གསལ་མར་མེ་ཞལ་དབྱེ་མཛད་པ་དང་། དེ་ནས་ཚོགས་བཅར་བ་ཡོངས་ནས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་སྐར་མ་གཅིག་རིང་གནང་རྗེས། སྐུ་མགྲོན་དང་ཚོགས་བཅར་བ་ཡོངས་ལ་གསོལ་ཇ་འབྲས་སིལ་འདེགས་འབུལ་དང་། གཡུ་ཐོག་གསོལ་འདེབས་རྟ་དབྱངས་དང་བཅས་ཏེ་འདོན་གནང་མཛད།


བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དང་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་སྨན་རམས་པ་རིག་འཛིན་བཟང་མོ་ལགས་ནས་བགྲོ་གླེང་ཚོགས་ཆེན་འདིའི་ངོ་སྤྲོད་དང་འབྲེལ་གསུང་དོན། 
ཕྱི་ལོ་ ༡༩༩༦ ལོར་ནད་བཅོས་ཉམས་ཞིབ་སྡེ་ཚན་ནས་དམིགས་བཀར་འབྲས་ནད་དང་ཟ་ཁུ་གཅིན་སྙི་གཉིས་ཀྱི་ནད་བཅོས་སྐོར་བགྲོ་གླེང་ཚོགས་ཆེན་ཞིག་གོ་སྒྲིག་ཞུས་ཏེ་ཉམས་ཞིབ་བྱ་རྒྱུའི་རྒྱུ་ཆ་མང་པོ་འཚོལ་སྒྲུབ་ཐུབ་པ་བྱུང་ཡོད། འདི་ལོ་སྨན་རྩིས་ཁང་གི་བརྒྱ་སྟོན་སྲུང་གཙི་དང་འབྲེལ་བོད་ལུགས་གསོ་བ་རིག་པའི་བདེན་པ་གསལ་འདོན་བྱེད་པ་ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཞིག་གོ་སྒྲིག་ཞུས་ཏེ། བོད་ལུགས་གསོ་བ་རིག་པར་ཚན་རིག་གི་ལམ་ནས་ཉམས་ཞིབ་བྱ་རྒྱུའི་བློ་སྤོབས་སྤེལ་རྒྱུ་དང་། ཉམས་ཞིབ་པ་རྣམས་ས་ཚིགས་གཅིག་ཏུ་འདུས་ཏེ་བསམ་ཚུལ་བརྗེ་ལེན། འབྱུང་འགྱུར་མཉམ་རུབ་གྱི་ལས་དོན་སྤེལ་ཐབས་བཅས་ལ་དམིགས་ནས་བགྲོ་གླེང་ཚོགས་ཆེན་སྐོང་འཚོགས་ཞུས་པའི་སྐོར་སོགས་གསུངས་སོང་།


བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཕུ་རི་བཀྲ་ཤིས་ཚེ་རིང་མཆོག་གིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲིའི་གསུང་བཤད་གནང་དོན། 
ཐེངས་འདིའི་བགྲོ་གླེང་ཚོགས་ཆེན་འདི་བོད་ལུགས་གསོ་བ་རིག་པའི་བདེན་པ་ར་སྤྲོད་བྱེད་པའི་བགྲོ་གླེང་ཞིག་ཡིན་སྟབས། སྨན་རྩིས་ཁང་གི་ནད་བཅོས་ཉམས་ཞིབ་སྡེ་ཚན་ནས་གོ་སྒྲིག་བྱ་དགོས་པའི་འབོད་སྐུལ་ཞུས་པ་ལྟར་གནང་ཡོད་པ་དང་། མ་འོངས་པར་ཉམས་ཞིབ་ཡིག་ཆར་དོ་སྣང་ཤུགས་ཆེ་གནང་སྟེ་རྒྱལ་སྤྱིའི་ཚོགས་ཆེན་འདི་འདྲ་ལོ་ལྟར་ཐེངས་རེ་གཉིས་གོ་སྒྲིག་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།

 ༸གོང་ས་མཆོག་གིས་གསུང་དོན་ཞིག་ལ། ཚང་མས་བོད་སྨན་ཡག་པོ་ཡོད་པ་དང་ཕན་ཐོགས་ཆེན་པོ་ཡོད་ཚུལ་ཤོད་ཀྱི་ཡོད། གལ་ཏེ་དེ་ལྟར་ཡིན་ན། བདེན་པ་ར་སྤྲོད་བྱེད་དགོས་ཞེས་གསུངས་པ་ལྟར་བོད་ལུགས་གསོ་བ་རིག་པའི་བདེན་པ་གསལ་འདོན་བྱེད་པ་ཞེས་བགྲོ་གླེང་ཚོགས་ཆེན་འདིའི་གཙོ་དོན་དུ་བཟུང་སྟེ། དཔྱད་རྩོམ་ཚད་ལྡན་མང་པོ་འདི་ག་སྨན་རྩིས་ཁང་ལ་འབྱོར་ཡོད་ཀྱང་ཚོགས་ཆེན་གྱི་སྙིང་དོན་དང་ཐད་ཀར་འབྲེལ་བའི་དཔྱད་རྩོམ་ལྔ་འདེམས་སྒྲུག་ཞུས་ཡོད།


དེང་སང་འཛམ་གླིང་ནང་སྨན་གྱི་བཟོ་གྲྭ་ཁག་དང་འཛམ་གླིང་འཕྲོད་བསྟེན་ལས་ཁུངས་ཀྱིས་གནོན་ཤུགས་འོག་དངུལ་ཆུ་དམ་བསྒྲགས་བྱེད་ཀྱི་ཡོད་པ་མ་ཟད། རྒྱལ་ཁབ་༡༣༠ ཡིས་དངུལ་ཆུ་བཀག་སྡོམ་གྲོས་འཆར་ལ་མོས་མཐུན་ཞུས་ཡོད་པ་མ་ཟད། ན་ནིང་ལོ་ནས་བཟུང་རྒྱ་གར་གཞུང་གིས་ཀྱང་ལོ་དྲུག་ནང་ཚུད་རྒྱ་གར་གྱི་ཡུལ་ལུང་ནང་དངུལ་ཆུ་སྨན་ནང་བེད་སྤྱོད་བྱེད་རྒྱུ་མིན་པའི་མོས་མཐུན་གནང་ཡོད། ད་ལྟའི་ཆར་གནད་དོན་དེ་ལམ་ལྷོང་ཇི་འདྲ་ཡོང་གི་ཡོད་མེད་བཤད་ཚོད་དཀའ་ཡང་། དངུལ་ཆུ་བེད་སྤྱོད་གཏོང་ཆོག་མིན་ཁྲིམས་ལུགས་སུ་ཐག་གཅོད་གང་གནང་བ་ལྟར་ང་ཚོས་དང་ལེན་ཞུ་དགོས་པ་ཆཊ་ཡོད། རྒྱ་གར་ནང་དར་ཁྱབ་ཆེ་བའི་སྲོལ་རྒྱུན་སྨན་ལུགས་ཚོས་དངུལ་ཆུ་བཀག་སྡོམ་གྱི་གྲོས་འཆར་དེར་རྒྱ་གར་གཞུང་གིས་མོས་མཐུན་གནང་བ་ལ་འདོད་མོས་མེད་པའི་རྣམ་འགྱུར་ཤུགས་ཆེར་སྟོན་གྱི་ཡོད།  


དངུལ་ཆུ་དུག་ཡིན་པ་ཨེ་ཤི་ཡའི་སྲོལ་རྒྱུན་སྨན་ལུགས་ཚང་མས་ཤེས་ཀྱི་ཡོད། འོན་ཀྱང་དངུལ་ཆུ་བཙོ་བཀྲུ་སྦྱང་གསུམ་བྱས་ཏེ་སྨན་ནང་དུས་རབས་མང་པོ་བཀོལ་སྤྱོད་བྱས་ཏེ་མངོན་སུམ་ཕན་ཐོཊ་ཡོད་པ་མྱོང་གྲུབ་ཡིན། ༸གོང་ས་མཆོག་གིས་ཀྱང་རིན་ཆེན་རིལ་བུ་བེད་སྤྱོད་གནང་ནས་ད་ལྟ་དགུང་ལོ་བདུན་ཅུ་དོན་བརྒྱད་ལ་སོན་ཡོད་ཀྱང་གང་སྐུའི་འཕྲོད་བཞེས་ལ་བཙོ་ཐལ་གྱི་ཟུར་ཕོགས་ཡོད་པའི་རྟཊ་གང་ཡང་བྱུང་མ་སོང་ཞེས་སྐབས་ཤིག་ལ་གསུངས་གནང་ཡོད། གནད་དོན་དེར་རིག་གསར་སྨན་ལུགས་དང་འཛམ་གླིང་འཕྲོད་བསྟེན་ལས་ཁུངས་ནས་ངེས་པར་དུ་དགོངས་བཞེས་གནང་དགོས། ཕྲན་ནས་བཙོ་ཐལ་གྱི་ལག་ལེན་བརྒྱུད་རིམ་དང་ཟུར་ཕོགས་ཡོད་མེད་ཐད་རྒྱ་གར་ནང་རྟེན་གཞི་བྱས་པའི་འཛམ་གླིང་འཕྲོད་བསྟེན་ལས་ཁུངས་ཀྱི་ས་གནས་གཙོ་འཛིན་གཟིགས་ཞིབ་གནང་བར་ཕེབས་དགོས་པའི་རེ་བསྐུལ་ཐེངས་གཉིས་ཞུས་པ་ཡིན། སླར་ཡང་རེ་བསྐུལ་ཞུ་འཆར་ཡོད་ཅེས་གསུངས་སོང་།

 
སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་གསུང་དོན། གསོ་བ་རིག་པ་དང་བོད་ཀྱི་སྨན་རྩིས་ཁང་གིས་བོད་མིའི་སྤྱི་ཚོགས་འཕྲོད་བསྟེན་ལ་ཞབས་འདེགས་རླབས་ཆེན་ཞུ་བཞིན་ཡོད། བོད་མིའི་གཞིས་སྒར་ཁག་ལ་འཕྲོད་བསྟེན་སྨན་ཁང་དང་ཡན་ལག་སྨན་རྩིས་ཁང་གཉིས་ཀ་ཡོད། སྨན་ཁང་དེ་གཉིས་ཐད་ཀར་ཟུང་སྦྲེལ་གྱི་རྣམ་པའི་ཐོག་ལ་མེད་ན་ཡང་ནད་པ་ལ་ཕྱི་ལུགས་དང་བོད་ལུགས་གཉིས་ཀའི་སྨན་རང་འདོད་བཞིན་བསྟེན་གཏུགས་བྱ་རྒྱུ་ཡོད། བོད་ལུགས་གསོ་བ་རིག་པའི་ལམ་ནས་ནད་རིགས་སྔོན་འགོག་དང་ནད་བཅོས་བྱས་ཏེ་བོད་མིའི་སྤྱི་ཚོགས་འཕྲོད་བསྟེན་ཐད་ལེགས་སྐྱེས་གང་ལེགས་ཞུས་ཡོད་པས་བོད་མིའི་སྒྲིག་འཛུགས་དང་ཁྱད་པར་དུ་འཕྲོད་བསྟེན་ལས་ཁུངས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པའི་སྐོར་གསུངས་སོང་། ཡང་ཁོང་གིས་གསུང་དོན། བོད་མིའི་འཕྲོད་བསྟེན་ལས་ཁུངས་ནས་བོད་ལུགས་སྨན་པ་རྣམས་ལ་དེང་རབས་སྨན་ལུགས་སྒོ་ནས་ནད་གཞི་བརྟག་བཅོས་སྐོར་ཟབ་སྦྱོང་ཞིག་གོ་སྒྲིག་ཞུ་འཆར་ཡོད། བོད་ལུགས་སྨན་པས་དེང་རབས་སྨན་ལུགས་ཀྱི་འགྲོ་སྟངས་ཤེས་ན་རྫ་དྲག་གི་ནད་གཞི་དང་འགོས་ནད་རིགས་ལ་སྨན་བཅོས་འཐུས་ཤོར་མི་འགྲོ་བའི་དགེ་མཚན་ཡོད་སྐོར་གསུངས་སོང་།


ཨི་ཛཱ་རལ་རང་བྱུང་སྨན་གྱི་ཉམས་ཞིབ་ལྟེ་གནས་ཁང་གི་ཉམས་ཞིབ་པ་སཱ་ར་སལ་ལོན་མཆོག་(Dr Sara Sallon) གིས་གསུང་དོན། བཙོ་ཐལ་ལ་དུག་ཤས་ཡོད་མེད་སྐོར་བོད་ཀྱི་སྨན་རྩིས་ཁང་དང་མཉམ་སྦྲེལ་ཐོག་ཉམས་ཞིབ་བགྱིས་པའི་གྲུབ་དོན་ལ། བོད་ལུགས་བཙོ་ཐལ་ལ་དུག་ཤས་མེད་པ་ཚན་རིག་གི་ལམ་ནས་བདེན་པ་ར་སྤྲོད་བྱེད་ཐུབ་པ་བྱུང་ཡོད་པ་དང་། བཙོ་ཐལ་ལ་དུག་ཤས་མེད་པའི་རྒྱུ་མཚན་ཡང་དངུལ་ཆུ་མུ་ཟི་སོགས་དང་མཉམ་སྦྱོར་བྱས་པའི་རྐྱེན་ཡིན་སྲིད་པ། དེ་བཞིན་བཙོ་ཐལ་གྱིས་དབང་རྩའི་བྱེད་ལས་ཉམས་པའི་ནད་གཞི་དཔེར་ན་ཨལ་ཇི་མཱར་ནད་སོགས་ལ་ཕན་སྐྱེད་ཆེན་པོ་ཡོང་སྲིད་པའི་རེ་བ་ཡང་ཡོད་པའི་སྐོར་གསུངས་སོང་།


སུད་སི་པདྨ་སྨན་གྱི་བཟོ་གྲྭའི་ཉམས་ཞིབ་པ་
(Dr Celele Vennos) མཆོག་གིས་གསུང་དོན། བོད་ཀྱི་གསོ་བ་རིག་པ་ཡུ་རོབ་རྒྱལ་ཁབ་ནང་ཁྲིམས་མཐུན་ངོས་ལེན་མེད་པ་མ་ཟད། དབང་ཚད་ལྡན་པའི་ལས་ཁུངས་རྣམས་ཀྱིས་བོད་སྨན་ལ་ལྟ་སྟངས་ཞན་དུ་འགྲོ་བཞིན་ཡོད་ནའང་མི་མང་གིས་དགའ་ཞེན་ཆེ་རུ་འགྲོ་བཞིན་ཡོད། ཡུ་རོབ་ཁྲོམ་རའི་ནང་དངོས་རྫས་གང་འདྲ་ཡིན་རུང་ཁྲིམས་མཐུན་འཚོང་འགྲེམས་བྱ་དགོས་པ་ལྟར། བོད་ལུགས་གསོ་བ་རིག་པའི་ལམ་ནས་སྨན་སྦྱོར་བགྱིས་པའི་སྨན་རྣམས་རྒྱལ་ཁབ་སོ་སོའི་ཁྲིམས་སྒྲིག་ལ་གཞིགས་ཏེ། སྨན་སྦྱོར་གཅིག་ཡིན་རུང་རྒྱལ་ཁབ་ཁ་ཤས་ནང་ཟས་ཀྱི་ཁ་སྣོན་གྱི་ངོ་བ་དང་ཁ་ཤས་ནང་སྨན་གྱི་ངོ་བའི་ཐོག་དེབ་སྐྱེལ་དང་འཚོང་འགྲེམས་བྱེད་ཀྱི་ཡོད་པའི་སྐོར་གསུངས་སོང་།


ལི་ཐུའི་ནིཡ་གཙུག་ལ
་སློབ་གྲྭའི་ཉམས་ཞིབ་པ་ (Mr. Zeugmas Meskelevicius) མཆོག་གིས་གསུང་དོན། བོད་ཀྱི་སྨན་རྩིས་ཁང་སྨན་སྦྱོར་སྡེ་ཚན་ནས་སྦྱོར་བཟོ་བྱས་པའི་སྨན་གཉིས་ཀྱིས་འབྲས་ནད་ལ་ཕན་སྐྱེད་ཡོད་མེད་ཚན་རིག་ལམ་ནས་བརྟག་དཔྱད་བྱས་པར། བོད་སྨན་གྱིས་འབྲས་ནད་ལ་ཕན་ནུས་ཡོད་པ་ར་སྤྲོད་བྱུང་། སྤྱིར་བཏང་ཉམས་ཞིབ་འདི་དུད་འགྲོའི་སྟེང་བྱས་པ་ཡིན་པས་མིའི་གཟུགས་པོའི་གནས་སྟངས་དང་ཅུང་མི་འདྲ་བ་ཡོད། གལ་ཏེ་བོད་སྨན་གྱིས་འབྲས་ནད་ཀྱི་ཕྲ་རྡུལ་ཐད་ཀར་འཇོམས་ཀྱི་མེད་ན། བོད་སྨན་གྱིས་རང་རེའི་ལུས་པོའི་ལྷན་སྐྱེས་སུ་ཡོད་པའི་ནད་འགོག་ནུས་པ་ཤུགས་ཆེ་རུ་བཏང་སྟེ། དེས་འབྲས་ནད་ཀྱི་ཕྲ་རྡུལ་འཛོམས་སྲིད་ཅེས་གསུངས་སོང་།


ཁྱུ་གསར་བོད་ལུགས་གསོ་རིག་སྨན་ཁང་གྱི་
སྨན་པ་རྣམ་རྒྱལ་ཁྱུ་གསར་མཆོག་གིས་གསུང་དོན། ནད་ཀྱི་གཉེན་པོ་ཟས་ཀྱིས་སྙིང་ཁམས་འཕར་རྩའི་ནད་པའི་ལུས་པོའི་ལྗིད་ཚད་ཇི་ཙམ་གཅོག་ཐུབ་མིན་བོད་ལུགས་དང་ནུབ་ལུགས་གསོ་རིག་གི་ཟས་སྐོམ་དཔྱད་བསྡུར་བགྱིས་པའི་གྲུབ་དོན་ལ།  བོད་ལུགས་གསོ་བ་རིག་པའི་ལམ་ནས་བསྟན་པའི་ཟས་ཀྱིས་ཕྱི་ལུགས་ཟས་ལས་ལུས་པོའི་ལྗིད་ཚད་ཤུགས་ཆེ་བ་གཅོག་ཐུབ་པ་མ་ཟད། མཁྲིས་ཞག་སྤྱི་དང་ཁྱད་པར་མཁྲིས་པའི་ཞག་ངན། ཁྲག་ཚིའི་རྗས། CRP བཅས་ཀྱི་ཚད་གཞི་མར་ཤུགས་ཆེ་བ་གཅོག་ཐུབ་པའི་སྐོར་གསུངས་སོང་།


ཧྥ་རན་སི་ནས་ཡིན་པའི་ཉམས་ཞིབ་པ་
 (Dr Marie T. Nicolas) མཆོག་གིས་གསུང་དོན། དེང་སྐབས་ནུབ་ཕྱོགས་རྒྱལ་ཁབ་ནང་ཚན་རིག་སློབ་འཁྲིད་བྱ་རྒྱུའི་ཐད་དཀའ་ངལ་ཞིག་ཡོད་དེ། སློབ་ཚན་མི་འདྲ་བ་དང་དེ་བཞིན་གོ་དོན་མི་འདྲ་བ་གཉིས་ཕན་ཚུན་ཇི་ལྟར་འབྲེལ་ཚུལ་སྐོར་སློབ་འཁྲིད་བྱ་དཀའ་བའི་གནད་དོན་ཞིག་ཆགས་ཡོད། དེ་འདྲའི་དཀའ་ངལ་བོད་ལུགས་གསོ་བ་རིག་པའི་སློབ་འཁྲིད་བྱ་གཞག་ནང་མཐོང་རྒྱུ་མི་འདུག བོད་ལུགས་གསོ་བ་རིག་པའི་ནང་དོན་ནི་རྒྱ་ཆེ་ལ་གཏིང་ཟབ་ཞིག་ཡིན། དེ་དག་སློབ་འཁྲིད་བྱ་ཐབས་སུ་སྡོང་འགྲེམས་བེད་སྤྱོད་བྱས་ཏེ་སློབ་ཕྲུག་གི་སེམས་ནང་རི་མོ་བྲིས་པ་ལྟ་བུ་ཡིད་ལ་འཇགས་བདེ་བ་སོགས་ཀྱི་དགེ་མཚན་ཡོད་པའི་སྐོར་གསུངས་སོང་།


 

མཐའ་མའི་འདོན་ཐེངས་།: 05.04.2016 ཉིན། 2:13 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

གཏེར་བདག་གླིང་པ།

ཉི་ཐང་སྨན་མཁྱེན་བློ་བཟང་རྒྱ་མཚོ།

རྒྱལ་བ་ལྔ་པ་ཆེན་པོ།

བྱང་ངོས་ནང་སོ་དར་རྒྱས།

འཚོ་བྱེད་བློ་གྲོས་བརྟན་པའམ་རིན་སྡིངས་བློ་བཟང་རྒྱ་མཚོ།

བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ།

བདེ་ཆོས་སྨན་པ་རཏྣའི་མིང་ཅན།

ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེ།

ལྷུན་སྡིངས་བདུད་རྩི་འགྱུར་མེད།

ལེགས་གྲུབ་དཔལ།

གཏེར་སྟོན་ལས་འཕྲོ་གླིང་པ།

གྲངས་ཀྱི་མངོན་བརྗོད་ཀྱི་བརྡ་ཆད་གསར་བུའི་མིག་འབྱེད།

མངའ་རིས་འཚོ་བྱེད་ཆོས་སྐྱོང་དཔལ་བཟང་།

དབོན་པོ་ནམ་མཁའ་བདེ་ལེགས།

ཚ་རོང་དཔལ་ལྡན་རྒྱལ་མཚན།