སྨན་རྩིས་དྲ་བ། - ཆེད་རྩོམ།

དབྱུག་བཅོས་ནད་གདོན་ཀུན་སེལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.05.2015
ཆེད་རྩོམ། >>

 


དབྱུག་བཅོས་ནད་གདོན་ཀུན་སེལ།

- རཏྣ་མངྒ།

         

       ནམོ་མཧྰ་གུཎྰཡ།

སྨན་གྱི་ལྷ་དང་སྤྱན་རས་གཟིགས།།

ཡེ་ཤེས་ཌྰ་ཀི་ཨོ་རྒྱན་པ།།

འབྲལ་མེད་སྤྱི་བོར་རྟག་རོལ་ཅིག།

ནད་གདོན་དབྱུག་པའི་མན་ངག་བྲི།།


རུང་དང་མི་རུང་གདབ་ཐབས་ལོག་གནོན་བཞི།།


རུང་མི་རུང་བསྟན་པ།

            རུང་བ་བད་རླུང་གྲང་ནད་ཀུན་ལ་བསྔགས། །མི་རུང་ཁྲག་མཁྲིས་ཚ་བའི་ནད་རྣམས་དང་། །དབང་པའི་སྒོ་ལྔ་མཁུར་བ་རྩེའུ་ཆུང་། །ནུ་མ་ལྟེ་བ་འཕར་རྩ་ཉྭ་བཞི་རྨེན། །སོག་མཐིལ་སྦལ་ནག་བཞག་ཤ་གསང་གནས་དང་། །སྨུག་པོ་གསུམ་དང་མཆེར་སྟེང་སྤང་བར་བྱ། །


གདབ་ཐབས་བསྟན་པ།

གདབ་ཐབས་སྦ་ལྕག་ཁྲུ་གང་ཕྲ་ལྡེམ་པ། །རྩེ་མོ་བ་ལུའི་ཐོ་བ་བྱ་སྒོང་ཙམ། །འཇམ་ལ་ཟླུམ་པ་རྟག་ཏུ་བཅང་བར་བྱ། །གདབ་དུས་རང་ཉིད་བཻཌྰུརྱ་ཡི་སྐུ། །བཞེངས་པའི་ཚུལ་གྱིས་ཕྱག་གཡས་དབྱུག་ཏོ་བསྣམས། །གཡོན་པས་བདུད་རྩིས་བཀང་བའི་ལྷུང་བཟེད་བསྣམས། །མཚན་དཔེས་རབ་བརྒྱན་ནམ་མཁའི་མདོག་ལྟར་བསྒོམ། །ཐུགས་ཀའི་ཧྰུཾ་དང་དབྱུག་པའི་འོད་ཟེར་འཕྲོས། །སངས་རྒྱས་བྱང་སེམས་སྨན་གྱི་བཅུད་ཐམས་ཅད། །བསྡུས་ནས་བདག་དང་དབྱུག་པ་ཉིད་ལ་ཐིམ། །དབྱུག་པ་དེ་ཉིད་འོད་དུ་ཞུ་བ་ལས། །ཨ་རུ་རྣམ་རྒྱལ་སྡོང་པོ་བཅས་པར་གྱུར། །དེ་ལས་འོད་འཕྲོས་ནད་གདོན་མ་ལུས་ཀུན། །བཀུག་ནས་བརྡུང་བའི་དམིགས་སུ་ཆུད་པར་བསམ། །རྡུང་དུས་(ཨོཾ་གུརུ་བཻཌྰུརྱ་པྲབྷ་རྰཇ་སོགས་བགྲངས་ལ་བརྡུང་།)ཐལ་བ་རྡུལ་ཕྲན་བཞིན་དུ་བསམ། །

            དང་པོ་དོན་སྣོད་གསང་ལ་བསྣུན་པ་ནི། །ཨན་སྟོང་ཚིགས་པ་དང་པོ་རླུང་གི་གསང་། །འཕྱོ་འདར་རླུང་ལོག་ཁ་མཆིལ་སྐམ་པ་དང་། །ཕྲག་གོང་ན་དང་སྐད་འགགས་ལག་པ་འཁུམས། །གློ་མང་གློ་གཅོང་ལུས་ཤེད་ཆུང་བ་དང་། །ལུས་ལྗིད་རླུང་གི་ནད་ལ་ཕན་པར་བྱེད། །གཉིས་པ་མཁྲིས་གསང་མ་ཞུ་མིག་སེར་དང་། །མཁྲིས་ནད་གྲང་བ་མ་ལུས་སེལ་བར་བྱེད། །གསུམ་པ་བད་ཀན་གསང་སྟེ་གྲང་རླུང་དང་། །སྐད་འཛེར་རྣ་བ་འོན་ནམ་སྐྱུག་པའི་ནད། །དང་ག་མི་བདེ་སེལ་བར་བྱེད་པ་ཡིན། །བཞི་པ་གློ་མ་ཁོག་སྟོད་རླུང་གི་གསང་། །བད་རླུང་སྟོད་འཚངས་ལུད་པ་ནག་ལ་ཕན། །ལྔ་པ་གློ་བུ་མཁྲིས་པ་གློ་ལ་ཞུགས། །ལུས་སེར་བྲང་རྒྱབ་ནད་དང་གློ་རྣག་ཕན། །དྲུག་པ་སྲོག་རྩའི་གསང་སྟེ་སྙིང་གི་ནད། །ཁ་ལ་འཚངས་སྙམ་བརྒྱལ་འདར་དབུགས་མི་བདེ། །རླུང་གིས་སྒུར་བོར་སོང་དང་སྟོད་ནད་སེལ། །བདུན་པ་སྙིང་གསང་འཕྱོ་འདར་སྨྱོ་འབོག་དང་། །སྟོད་ནད་སྔངས་པའི་ནད་ལ་ཕན་པ་ཡིན། །བརྒྱད་པ་མཆིན་དྲི་གློ་འགྲམས་མཆིན་མཁྲིས་ལ། །བད་རླུང་ཞུགས་ནས་མིག་འགྲིབ་རབ་རིབ་དང་། །ལུས་འགུལ་མི་ཤེས་མཆིན་པ་དགྱེ་དགུ་དཀའ། །དེ་སོགས་མཆིན་པའི་ནད་ལ་ཕན་པར་བྱེད། །དགུ་པ་མཆིན་གསང་མཆིན་རྒྱས་མཆིན་པ་འཁོར། །སྟོང་སྐྱུག་རྒྱང་མིག་མི་མཐོང་ཆུ་སྐྱུར་སྐྱུག །དམུ་ཆུ་སྐྱ་རྦབ་འོར་དང་ཤ་རྒྱས་སེལ། །བཅུ་པ་མཁྲིས་གསང་ཕོ་མཁྲིས་བབས་སྐྱུག་སེལ། །ཤ་སེར་དང་ག་འགགས་ལ་མཆོག་ཏུ་བཤད། །བཅུ་གཅིག་མཆེར་གསང་དྲི་ཆུ་འགགས་པ་དང་། །གདོང་ལ་ཁྱེ་མ་ཁོང་འཁྲོག་མཆེར་སྐྲན་ནད། །མཆུ་སྐྲངས་ཕོ་ནད་མ་ལུས་སེལ་བར་བྱེད། །བཅུ་གཉིས་ཕོ་གསང་ཕོ་ནད་སྐྱུག་དང་གཟེར། །མ་ཞུ་བད་རླུང་སྐྲན་ནད་སེལ་བར་བྱེད། །བཅུ་གསུམ་བསམ་སེའི་གྲང་རླུང་ཁུ་ཁྲག་འཛག །འཁྲུ་དང་དམུ་ཆུ་དོན་སྣོད་སྤྱི་ལ་ཕན། །བཅུ་བཞི་མཁལ་གསང་མཁལ་གནས་མཆིན་ཁྲག་བབས། །སྒུར་བོར་སོང་དང་ཚིགས་པ་ཕྱི་ལ་དོན། །རྐེད་པ་ན་དང་མཁལ་མའི་ནད་ལ་ཕན། །གཡས་གཡོན་ཚོན་རེ་དེ་བཞིན་ཕན་པར་ངེས། །བཅོ་ལྔ་སྤྱི་གསང་དོན་སྣོད་ཀུན་ལ་ཕན། །བཅུ་དྲུག་ལོང་གསང་འུར་འཁྲོག་སྲིན་ནད་དང་། །དྲོད་ཆུང་དང་ག་མི་བདེ་སྐྲན་ལ་ཕན། །བཅུ་བདུན་རྒྱུ་ལོང་འཁྲོག་འཁྲུགས་ཀུན་ལ་ཕན། །བཅོ་བརྒྱད་ལྒང་གསང་ཆུ་ཁ་སྲ་སྙི་དང་། །ཟུག་དང་ལྒང་བའི་ནད་ལ་ཕན་པ་ཡིན། །བཅུ་དགུ་ཁུ་བའི་གསང་སྟེ་ཁུ་ཁྲག་འཛག །འཁྲུ་དང་གྲང་བས་ཆུ་ཁ་སྲ་བ་སེལ། །ཉི་ཤུ་ཐུར་སེལ་རླུང་སྒོའི་གསང་ཡིན་པས། །ཕྱེན་མི་ཐུབ་དང་འགགས་པ་ཟླ་མཚན་མང་། །ས་བོན་བུ་རུ་མི་སྨིན་སེལ་བར་བྱེད། །ཉི་ཤུ་མན་ལ་གཅིག་དང་ཡན་ལ་བཞི། །ཉེར་གཅིག་སྟོད་འཚངས་ཐུར་སེལ་འགགས་ལ་ཕན། །ཡན་བཞི་མིད་འཆུས་སྐད་འགགས་རླུང་ལ་རྡེག །འོག་ཏུ་ཉེར་གཉིས་འབྲུམ་པའི་ནད་ལ་ཕན། །ཉེར་གསུམ་ཕོ་མོའི་མཚན་མ་ལུག་ལ་ཕན། །ཉེར་བཞི་ཕྱེན་དང་ས་བོན་ནད་ལ་ཕན། །སྒལ་ཚིགས་ཐོག་ནས་(དང་པོ་ཚོན་རེ་བུ་སྣོད་གཉན་པས་སྤང་།)གཡས་གཡོན་ཚོན་དོ་སར། །གོང་ལྟར་ཕན་ཡོན་ཆེ་བའི་གསང་རེ་ཡོད། །

            དེ་ནས་བྱང་ཁོག་མདུན་གྱི་གསང་རྣམས་ནི། །ཨོལ་མའི་སྟེང་ན་སྲོག་རྩའི་མདུན་གསང་སྟེ། །སྙིང་འཆུས་དབུགས་འཚངས་གློ་དང་སྐྱུག་པའི་ནད། །དངངས་འདར་དབུགས་མི་བདེ་བ་སེལ་བར་བྱེད། །སྒྲོག་རུས་ཕུག་ཅེས་བྱ་བ་མཇིང་མཚམས་ན། །སྟོད་འཚངས་ནད་ལ་དལ་བུས་བསྣུན་པས་ཕན། །ནུ་མའི་ཕྱོགས་བཞི་ཚོན་རེ་ཤིན་ཏུ་གཉན། །དེ་ནས་ཚོན་རེ་གཞལ་བ་སྙིང་གི་གསང་། །སྙིང་རླུང་སྙིང་ནད་ཀུན་ལ་ཕན་པའོ། །ནུ་མ་གཉིས་པར་དེ་བཞིན་སྙིང་ལ་ཕན། །དེ་འོག་ཚོན་རེ་གློ་སྙིང་འདོམ་གསང་སྟེ། །རླུང་དང་བད་ཀན་ཞུགས་པ་སེལ་བར་བྱེད། །སྒྲོག་རུས་དཀྱིལ་ནས་ཐུར་དུ་སོར་བཞི་འཇལ། །རྩིབ་མ་གཉིས་པར་གོ་ཆེན་གོ་ཆུང་སྟེ། །སྟོད་ནད་ཕལ་ཆེར་སེལ་བར་བྱེད་པ་ཡིན། །ནུ་མ་གཡོན་ནས་ཐུར་དུ་ཚོན་དོ་གཞལ། །མཆེར་གསང་རིང་མོ་ཞེས་བྱ་མཆེར་ནད་སེལ། །གཡས་ནས་ཚོན་རེ་འཇལ་བ་མཆིན་ནད་འཇོམས། །ཕོ་གསང་ལྷེན་སྣ་ཚོན་གང་ཁ་གསུམ་འཇལ། །ལྷེན་དང་སྐྱུགས་པ་མ་ཞུ་བ་ལ་ཕན། །དེ་འོག་ཁ་གསུམ་སྐྲན་གསང་འདྲིལ་ལ་ཕན། །དེ་འོག་ཁ་གསུམ་མེ་ཉམས་གསང་ཡིན་པས། །མ་ཞུ་ལ་སོགས་ཕོ་ནད་ཐམས་ཅད་འཇོམས། །ལྟེ་བའི་གཡས་གཡོན་ཚོན་རེ་དེ་མཐའ་གཉིས། །ལོང་གསང་ཡིན་པས་སྲིན་དུག་ལོང་ནད་སེལ། །ལྟེ་འོག་ཚོན་གང་ཁ་གསུམ་རྒྱུ་སྟོད་གསང་། །དེ་འོག་ཚོན་གང་ཁ་གསུམ་རྒྱུ་སྨད་གསང་། །རྒྱུ་འཁྲོག་རྒྱུ་སྲིན་ནད་ལ་གདབ་པར་བྱ། །དེ་འོག་ཁ་གསུམ་ལྒང་གསང་ཞེས་བྱ་བ། །གྲང་བ་ཆུ་ཁ་སྲ་སྙི་སེལ་བར་བྱེད། །དཔྱི་འབུར་གཉིས་ནས་ནང་དུ་སོར་བཞི་(རྒྱུ་ཞབས་ལ་)འཇལ། །སྨད་གསང་ཡིན་ཏེ་སྒྲོ་བ་སྐྲངས་པ་དང་། །དྲི་ཆུ་བསྡམས་པ་སྨད་རླུང་སོགས་ལ་ཕན། །

            མགོ་ལ་གནས་པའི་གསང་སའི་རྣམ་དབྱེ་ནི། །སྤྱི་གཙུག་སྙིང་གསང་སྟ་ཟུར་གཡས་པ་གློ། །གཡོན་པ་མཆེར་གསང་དཔྲལ་ཟུར་གཡས་པ་མཆིན། །རྣ་བའི་རྒྱབ་ཐད་མཁལ་མའི་གསང་དུ་འདོད། །སྐྲ་མཚམས་གྱེན་ལོག་གསུམ་འཇལ་མཆེར་བའི་གསང་། །ཀླད་རྒྱ་རླུང་ཞུགས་བརྒྱལ་འབོག་ལྟག་པ་དགྱེ། །གཞུངས་པར་རླུང་དང་ཆུ་སེར་ཞུགས་ལ་ཕན། །དོན་སྙིང་ཀུན་ལ་རླུང་ཞུགས་སྤྱི་བོར་བསྣུན། །སྤྱི་བོའི་གཙུག་ནས་གཡས་གཡོན་སོར་བཞི་འཇལ། །ལག་པའི་གསང་སྟེ་མགོ་དང་ལག་ལ་ཕན། །དེ་ནས་ཕན་ཚུན་གཉིས་ལ་སོར་བཞི་འཇལ། །ཟུར་གསང་ཞེས་བྱ་མགོ་ནད་སེལ་བར་བྱེད། །དཔྲལ་མདོ་སྣ་ཁྲག་འཛག་ལ་བསྣུན་པར་བྱ། །རྣ་བའི་ཕྱོགས་བཞི་སོར་རེ་འཇལ་བའི་སར། །རྣ་གསང་ཞེས་ཏེ་བད་རླུང་འོན་པ་འདོན། །ལྟག་ཟུར་རུས་འབུར་འགྱེལ་བུབ་མགོ་འཁོར་སེལ། །དེ་ཡི་གཡས་གཡོན་ཚོན་རེ་འཇལ་བ་ལ། །མིག་གསང་ཞེས་བྱ་མིག་ནད་མ་ལུས་སེལ། །ལྟག་ཟུར་སྤུ་འཁྱིལ་གཉིས་ནས་འཇལ་བྱས་ཏེ། །མཇིང་བ་ཧྲིངས་དང་མི་བདེའི་ནད་ལ་གདབ། །འགྲམ་པའི་འཕར་རྩ་གཉིས་ནི་སོ་ནད་སེལ། །དཔྲལ་བའི་སྐྲ་མཚམས་སྙིང་མི་དགའ་ལ་གདབ། །མཁུར་བའི་སྒང་ནས་སོར་བཞི་རྣ་དྲུང་གཉིས། །མཆུ་ཞབས་ཨོལ་མགོ་དག་ནས་གཡས་གཡོན་དུ། །ཚོན་རེ་འཇལ་སར་འཕར་བའི་རྩ་ཡོད་དེ། །དལ་བུས་བསྣུན་པས་གློ་བུར་སྐྱུག་པ་སེལ། །རྟག་ཏུ་མཆུ་ནད་མ་མཆུའི་འོལ་ཏུ་བསྣུན། །བཙས་རྗེས་སྐྱ་རྦབ་ཨོལ་མའི་གདོང་ལ་བསྣུན། །

            རོ་སྟོད་རྒྱས་དང་སྙིང་མི་དགའ་བ་ལ། །ཕྲག་གོང་གཤོང་དང་སྒྲོག་རུས་འོག་ཏུ་བསྣུན། །ཤེས་པ་འཕྱོ་དང་ངུ་སྙིང་འདོད་པ་ལ། །མཁྲིག་མའི་སོར་བཞི་ཆུ་བར་རྒྱབ་ཏུ་བསྣུན། །རྒྱབ་ཀྱི་སོག་པའི་འདོགས་མཚམས་རྣམ་པ་གཉིས། །གྲུ་མོ་ཕྱིར་བརྐྱང་སླེབ་སར་གྱེན་སོར་དགུ། །ཟུར་གསང་གོང་མ་གློ་མཆིན་ཕོ་ནད་སེལ། །ལག་པ་ཕྱིར་འདོན་མ་ཤེས་དཔུང་ཚིགས་ནང་དུ་བསྣུན། །ལག་པ་མདུན་དུ་མ་ཐོན་རྒྱབ་ཀྱི་དཔུང་སོག་མཚམས་སུ་བསྣུན། །ལག་པ་རྒྱབ་བརྐྱང་མ་ཤེས་དཔུང་ཚིགས་ནང་དུ་བསྣུན། །སོར་མོ་ན་ན་སོག་བར་གཤོང་དུ་བསྣུན། །མཐོང་སྣང་མང་ན་མཁལ་མའི་གསང་ལ་བསྣུན། །ས་བོན་འཛག་དང་མཁལ་མ་ན་བ་ལ། །གྲུ་མོས་གར་སླེབ་རྒྱབ་ཀྱི་གསང་ལ་བསྣུན། །གཞུག་གུ་ཆུང་གི་སྣག་པོ་ཆེ་ཡི་སྟེང་། །མཛུབ་གུང་འཇལ་བའི་ཕྱོགས་བཞི་ཚོན་རེ་ལ། །དཔྱི་མིག་གསང་བཞི་མཁལ་ནད་གྲང་བ་སེལ། །བརླ་ཡི་ཕྱི་སུལ་(ལག་པ་མར་བརྐྱང་)གུང་མོས་གར་སླེབ་པར། །རྐང་བཤལ་གཞང་ལུག་ཆུ་སེར་ནད་ལ་ཕན། །པུས་མོ་འཕང་ལོའི་མཐའ་བསྐོར་བྱ་རོག་མིག །ཚིགས་ཆུ་པུས་མོ་ན་ལ་བསྣུན་པར་བྱ། །དྲེག་དང་རྐང་ནད་རང་རང་སྟེང་དུ་བསྣུན། །རྐང་མཐིལ་སྒྱིད་ཁུང་རྩིབ་ཐུང་རླུང་ནད་སེལ། །

            དབྱུག་པ་བསྣུན་པའི་ལག་ལེན་དམར་ཁྲིད་ནི། །ཤ་དང་རུས་པའི་ནད་ལ་རབ་ཏུ་བརྡེག །ཤ་རྒོད་རྩ་དང་ཆུ་བར་དལ་བུས་བརྡེག །ཅེས་གསུངས་ལག་ལེན་འགྲོ་དང་མི་འགྲོ་ནི། །བདུན་དྲུག་བསྣུན་པས་ལག་པ་གྲང་མོས་གླན། །གྲང་ན་འགྲོ་ལ་ཚ་ན་སྤང་བར་བྱ། །གདབ་འཕྲོ་བཞག་ན་ཟུག་མེད་འགྲོ་བ་ཡིན། །ཟུག་གཟེར་ལྡང་ན་སྤང་བ་ཤེས་པར་བྱ། །སྐྲངས་པ་བྱུང་ན་ཁབ་རྩེ་ནས་ཙམ་འཛུགས། །དྲེག་གྲུམ་རྣམས་ལ་གཙགས་བུས་བཀྲལ་བ་ཡིན། །ཕོ་ལོག་སྐྱ་རྦབ་ནད་ལ་ཁབ་ཀྱང་སྤང་། །མེ་བཙའ་སྐབས་དང་བསྟུན་ན་འགྲོ་བ་ཡིན། །ཆུ་རྒྱུས་བཤུལ་ཤ་འཕར་རྩ་ཁབ་མི་འགྲོ། །

            རྗེས་ཀྱི་སྤྱོད་ལམ་བསྟན་པ་ནི། །ཉིན་གཉིད་དྲག་ཤུལ་སྤང་བར་བྱ། །ཤ་ཆང་བྱུག་པའི་ལས་ལ་འབད། །ལོག་ན་སྔགས་འདི་དྲག་ཏུ་བཏབ། །ཨོཾ་ནད་ཡོ་ནད་ཡོ་བེ་སྭྰཧྰ། ག་པུར་གླ་རྩི་བྱུག གཉན་གྱི་བཅོས་ལ་འབད་པར་བྱ། །དབྱུག་བཅོས་ནད་གདོན་ཀུན་སེལ་འདི། །སྤྱན་རས་གཟིགས་དང་ཨོ་རྒྱན་པ། །རྡོ་རྗེ་འཕགས་མོ་ཟླ་བའི་མཚན། །དེ་རྣམས་ཀུན་གྱི་གདམས་པ་ལས། །མ་ཚང་གབ་འཁྲུགས་བསྡེབས་ཏེ་བྲིས། །རབ་དཀར་དགེ་དེས་རཏྨ་མངྒ་བདག །འགྲོ་དྲུག་སེམས་ཅན་འདྲེན་པའི་དཔལ་གྱུར་ཅིག། །།

 

- འདི་ནི་ཟུར་མཁར་བ་མཉམ་ཉིད་རྡོ་རྗེ་མཆོག་གིས་མཛད་པའི་མན་ངག་བྱེ་བ་རིང་བསྲེལ་ནས་ཟུར་བཏོན་ཞུས།

 

འབྲེལ་ཡོད་རྩོམ་རིག་གཞན་དག་ལྟ་ཀློག་གྱིས།

༄༅། །གསང་བ་འདུས་པའི་དབྱུག་བཅོས་ཡིད་བཞིན་ནོར་བུ་དང་། དབྱུག་བཅོས་གནམ་ལྕགས་རྡོ་རྗེ་བཞུགས་སོ།། 

༄༅། །རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་ཆ་ལག་དབྱུག་བཅོས་རིན་པོ་ཆེ་བཞུགས་སོ།།

༄༅། །རྡོ་རྗེ་དབྱུག་པའི་མན་ངག་ནད་གདོན་ཀུན་འཇོམས་གནམ་ལྕགས་ཐོག་མདའ་ཞེས་བྱ་བ་བཞུགས་སོ།།

༄༅། །རྡོ་རྗེ་དབྱུག་པའི་མན་ངག་དོན་གསལ་སྒྲོན་མེ་བཞུགས་སོ།།
༄༅། །རྡོ་རྗེ་དབྱུག་པའི་བྱ་བ་བཞུགས་སོ།།



མཐའ་མའི་འདོན་ཐེངས་།: 05.08.2017 ཉིན། 2:40 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།