སྨན་རྩིས་དྲ་བ། - ཆེད་རྩོམ།

རྡོ་རྗེ་དབྱུག་པའི་མན་ངག་དོན་གསལ་སྒྲོན་མེ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 31.05.2015
ཆེད་རྩོམ། >>

 


༄༅། །རྡོ་རྗེ་དབྱུག་པའི་མན་ངག་དོན་གསལ་སྒྲོན་མེ་བཞུགས་སོ།།

- རྒྱལ་མཚན་དཔལ་བཟང་།

 

 


བླ་མེད་ཡོན་ཏན་རྒྱ་མཚོ་ཡི།།

བླ་མེད་བླ་མའི་མཆོག་གྱུར་པའི།།

བླ་ན་མེད་པའི་བླ་མ་ལ།།

བླ་ན་མེད་པའི་གུས་ཕྱག་འཚལ།།

བླ་མའི་ཞལ་ལས་རྙེད་པ་ཡི། །རྡོ་རྗེ་དབྱུག་པའི་མན་ངག་ལ། །སྡོམ་ནི་རྒྱུ་དང་མི་བརྡེག་གནས། །བརྡེག་པའི་གནས་དང་ལོག་གནོན་ནོ། །


དང་པོ་རྒྱུ་བསྟན་པ།

            དང་པོ་རྒྱུ་ནི་སྤ་ལྕག་གི། །སྨག་ཤད་སྦོམ་ཕྲ་རན་པ་སྟེ། །རིང་ཐུང་ཁྲུ་གང་སོར་བཞིའི་ཚད། །དྲི་ཞིམ་ཆུས་བྱུག་བསངས་སྦྱངས་བྱ། །རྡོ་རྗེ་ཕ་ལམ་སྐྱེད་པ་ལ། །འབྲུ་གསུམ་བཀོད་ལ་སངས་རྒྱས་ཀྱི། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་གཞུག །རྟེན་འབྲེལ་སྙིང་པོས་མེ་ཏོག་གཏོར། །དམ་ཚིག་མི་ལག་མི་འགྲིམ་ཞིང་། །འགོམ་དང་དམན་ལས་མི་བྱའོ།།


གཉིས་པ་མི་བརྡེག་པའི་གནས་བསྟན་པ།

            མི་བརྡེག་གནས་ནི་གསང་དང་ནི། །ནད་ནི་(ཀྱི་)སྒོ་ནས་སྤངས་པའོ། །དང་པོ་ཚངས་བུག་དབང་པོའི་སྒོ། །སྙིང་འཕར་ས་དང་ནུ་མའི་སྟེང་། །མཁུར་འཛུམ་གཉིས་དང་ལྟག་རྩ་ནག །མཆིན་པ་མཆེར་པ་མཁལ་མའི་སྟེང་། །ལྟེ་བ་ཕོ་མོའི་འབྲས་བུ་དང་། །སོག་པའི་མེ་ལོང་པུས་མོ་ཡིས། །གཉན་གོང་དང་ནི་ལྷ་ང་དང་། །རྨེན་པ་དང་ནི་ཉྭ་བཞི་དང་། །ཆུ་རྒྱུས་རྩ་གཉན་ཀུན་ལ་སྤངས། །

            གཉིས་པ་ཚད་ཡམས་མཁྲིས་ནད་དང་། །དུག་ནད་ཚ་སྐྲན་ནད་དམིགས་མེད། །ཤ་དྲོད་ཆེ་དང་འབྲུམ་བུ་དང་། །རྨ་དང་སྐྲངས་པ་ཀུན་ལ་སྤངས།།


གསུམ་པ་བརྡེག་པའི་གནས་བསྟན་པ།

            བརྡེག་པའི་གནས་ལ་གསང་དང་ནི། །དམིགས་པ་བསྒོམས་དང་བརྡེག་ཐབས་སོ། །གསང་ནི་ནད་དང་རང་བཞིན་གསང་། །ནད་གསང་གང་དུ་ན་བའི་སར། །བ་སྤུ་ལོག་དང་ཤ་མདོག་སྐྱ། །དྲོད་ཆུང་འབྲུམ་བུ་སིབ་སིབ་སྣང་། །མཐེབ་མོས་མནན་ཚེ་གཏིང་ནས་ན། །ཤ་གཉན་རྩ་གཉན་མེད་པ་ན། །ན་སར་བསྣུན་པ་ཤིས་པའོ། །

            རང་བཞིན་གསང་ལ་མགོ་གསང་དང་། །ལག་པ་མདུན་རྒྱབ་སྒལ་པའི་གསང་། །སྨད་ཀྱི་གསང་དང་རྣམ་པ་དྲུག །སྤྱི་གཙུག་ཕྱོགས་བཞིར་ཚོན་རེ་བཅལ། །སྤྱི་གཙུག་གསང་ཡིན་ལྟག་པ་ཡི། །གཡས་གཡོན་བསྣུན་པས་མགོ་ནད་སེལ། །དཔྲལ་བའི་དཀྱིལ་གྱི་སྐྲ་མཚམས་ནས། །གྱེན་དུ་སོར་བཞི་མཚོག་མའི་གསང་། །སྤྱི་རྩ་གཡས་གཡོན་སོར་བཞི་རེ། །བཅལ་སར་བསྣུན་ན་ཤིན་ཏུ་ཕན། །དེ་ནས་སོར་བཞི་ཐུར་དུ་བཅལ། །ཟུར་གསང་གཟེར་བཞིའི་གསང་ཡོད་དོ། །དེ་རྣམས་བསྣུན་པས་མགོ་ནད་སེལ། །དཔྲལ་བའི་དབྱིངས་དང་རུས་མཚོའི་འབུར། །བསྣུན་པས་སྣ་ཁྲག་འཛག་པ་དང་། །གདོང་པ་ཁྲག་གིས་ན་བ་སེལ། །ལྟག་པའི་ཏོག་ལ་བསྣུན་པ་ཡིས། །མགོ་འཁོར་འགྱེལ་བུབ་བྱེད་པ་སེལ། །དེ་ཡི་གཡས་གཡོན་ཚོན་རེ་ན། །མིག་རྩའི་གསང་ཡོད་གཟབ་པ་གཅེས། །ལྟག་ཁུང་ཀྱོང་མོར་མིག་ནད་སེལ། །མིག་གཉིས་ཕྱི་ཟུར་ཚོན་རེ་བསྣུན། །མིག་འགྲིབ་ན་བ་ངེས་པར་སེལ། །སྙིང་མི་དགའ་ལ་སྐྲ་མཚམས་དབུས། །རླུང་རེངས་ཁ་འཐིབ་མ་མཆུའི་གཤོང་། །མུར་འགྲམ་གཉིས་དང་ཨོལ་སྐོ་ཡིས། །འཕར་རྩ་བསྣུན་པས་སོ་ནད་སེལ། །ཡ་སོ་ན་བ་མུར་གོང་གསང་། །ཁ་འཐམས་པ་ལ་སྣ་བཤལ་ནས། །འཕྲེད་ལ་ཚོན་རེ་བཅལ་བའི་ས། །རྣ་བ་ན་བ་དེ་ཡི་ནི། །མདུན་གྱི་ཀྱོང་མོར་བསྣུན་པས་སེལ། །མཇིང་རེངས་མཇིང་མཚམས་བ་སྤུ་འཁྱིལ། །

            ལག་པའི་གསང་ནི་རོ་སྟོད་རྒྱངས། །སྙིང་མི་དགའ་ལ་གོང་སོ་དང་། །ཕྲག་གོང་གཉིས་ལ་བསྣུན་པས་སེལ། །ངུ་འདོད་སྙིང་མི་དགའ་བ་ལ། །ལག་མགོའི་མཁྲིག་མཚམས་སོར་བཞིའི་སར། །སྤུང་(དཔུང་)པ་ལག་པའི་སྒང་ན་ན། །འབྲེལ་མཚམས་ཕྱི་ནང་གང་ནར་བསྣུན། །ལག་པ་མི་ཐེག་ཕྲག་པའི་སྟེང་། །དཔུང་པའི་འབྲེལ་མཚམས་བསྣུན་པས་སེལ། །གྲུ་མོ་ན་ན་འབྲེལ་མཚམས་ལ། །ལྕི་ན་མཁྲིག་མཚམས་ཀྱོང་མོ་རུ། །སོར་མོ་ན་བ་འབྲེལ་མཚམས་ལ། །སྨྱོ་འབོག་ཉ་ཆུ་གཡས་གཡོན་དང་། །དཔུང་པར་བསྣུན་པས་དྷུ་ཏི་ཡི། །

            མདུན་གསང་སྐྱེའི་གདོང་དུ་བསྣུན་པས། །སྙིང་འཆུ་གྱེན་དུ་སློང་བ་དང་། །གློ་དང་སྐྱུག་པ་དག་ལའོ། །གྲེ་བ་ན་དང་སྐད་འགགས་དང་། །མིད་པ་འཁྲིལ་ལ་ཨོལ་གོང་འོག །དང་ཀ་དབུགས་འདྲེན་མི་བདེ་བ། །སྒྲོག་རུས་ཕུག་ཀྱི་མཇིང་མཚམས་སུ། །དབྱུག་པའི་རྩེ་མོས་དལ་བུས་བྱ། །ནུ་མའི་ཕྱོགས་བཞིར་ཚོན་རེ་བཅལ། །སྙིང་ནད་མ་ལུས་སེལ་བར་བྱེད། །ནུ་སྤྲག་(དབྲག་)སྙིང་གསང་དཀར་ནག་མཚམས། །དེ་ནས་གཡས་གཡོན་ཚོན་རེ་ནི། །གློ་སྙིང་ནད་ལ་ཤིན་ཏུ་ཕན། །བྲང་རྩིབ་ཐུར་དུ་གསུམ་འདས་ནས། །ཐུར་དུ་སོར་བཞི་གོ་ཆེན་དང་། །གོ་ཆུང་གསང་ཡིན་སྟོད་དུ་ནི། །སྐྲན་དང་ཆུ་སེར་ཞུགས་པ་སེལ། །མཆན་ཁུང་འཛུམ་ནས་སོར་བཞི་དང་། །རྩིབ་མའི་སྒོ་བར་གསུམ་གྱི་བར། །འཛོམ་སར་གློ་བའི་ནད་ལ་ཕན། །ནུ་མའི་གཡས་གཡོན་ཚོན་དོ་ན། །མཆེར་པའི་མདུན་གསང་དེ་ནད་སེལ། །དེ་ནས་གཡས་ཕྱོགས་ཚོན་གསུམ་ན། །མཆེར་པའི་ནད་ལ་ཕན་པ་ཡིན། །ནུ་མ་གཡས་ནས་མར་ཚོན་གང་། །མཆིན་པའི་མདུན་གསང་དེ་ནད་སེལ། །དེ་ནས་གཡོན་ཕྱོགས་ཚོན་གསུམ་ན། །མཆིན་པའི་ནད་ལ་ཤིན་ཏུ་ཕན། །ཕོ་བ་དཔངས་སུ་སོར་བརྒྱད་ལ། །ཞེང་དུ་སོར་ནི་བཅུ་གཉིས་ཡོད། །ལྷེན་སྣའི་འོག་ནས་གཡས་གཡོན་དུ། །ཚོན་རེ་བཅལ་བ་ལྷེན་གསང་གསུམ། །དེ་འོག་ཚོན་རེ་ཐུར་དུ་བཅལ། །དེ་ཡི་ཆ་གསུམ་སྐྲན་གྱི་གསང་། །དེ་ནས་ཚོན་རེ་མེ་མཉམ་གསང་། །ཕོ་གསང་དགུ་ནི་གང་ནར་བསྣུན། །ལྟེ་བའི་གཡས་གཡོན་ཚོན་རེ་ནི། །ལོང་ནི་ཕུག་གི་གསང་ཡིན་ནོ། །དེ་རུ་བསྣུན་པས་མ་ཞུ་སེལ། །དེ་འོག་ཐུར་དུ་ཚོན་གང་བཅལ། །དེ་ཡི་གཡས་གཡོན་ཚོན་རེའི་ས། །རྒྱུ་སྟོད་གསང་སྟེ་དེ་ཡི་འོག །ཐུར་དུ་ཚོན་གང་གཡས་གཡོན་གསུམ། །རྒྱུ་སྨད་གསང་སྟེ་ཕོ་ལོག་དང་། །སྲིན་ལོག་རྒྱུ་ནད་ཀུན་ལ་ཕན། །དེ་ནས་ཚོན་གང་སྤྲུ་ནག་མཚམས། །དེ་ཡི་གཡས་གཡོན་ཚོན་རེ་ས། །ལྒང་པའི་གསང་སྟེ་གྲང་བ་དང་། །ཆུ་ཁ་སྲ་སྙི་དག་ལ་ཕན། །དཔྱི་ཁ་ཟུར་རེའི་ཟུར་གཉིས་ནས། །རྒྱུ་མའི་ཞབས་ཀྱི་ཐད་གཉིས་སུ། །ཚོན་གང་གཞལ་པ་ཁོག་སྨད་ཀྱི། །དབྱིབས་གསང་གཉིས་ཏེ་གྲང་བ་ཡིས། །ཆུ་ཁ་སྲི་སྙི་ཐིག་ལེ་འཛག། །རླིག་པ་སྐྲངས་པ་དག་ལ་ཕན། །

            རྒྱབ་ཀྱི་གསང་ནི་སོག་འདབ་གཉིས། །བྱང་ཁོག་སྟོད་ཀྱི་གསང་ཆེན་གཉིས། །དེ་ཡི་ཐད་ཀྱི་རྩིབ་ཟུར་གཉིས། །ཟུར་གསང་གཉིས་ཏེ་རོ་སྟོད་ནི། །ན་དང་ཁང་(ཁེངས་)པ་ཀུན་ལ་ཕན། །གྲུ་མོས་སླེབས་པའི་རྩིབ་ཟུར་གྱི། །ཕྱི་ནས་གྱེན་དུ་ཚོན་གང་ནི། །ཟུར་གསང་འོག་མ་ཡིན་པས་ཏེ། །རོ་སྟོད་ན་དང་ཕོ་མཆིན་ན། །རྩིབ་མ་གཟེར་བ་དག་ལ་ཕན། །

            སྒལ་ཚིགས་པ་ཡི་གསང་རྣམས་ནི། །ཚིགས་པ་དང་པོ་རླུང་གི་གསང་། །ཁ་དང་མཆུ་དང་དབུགས་མི་བདེ། །གློ་ལྕོང་(གཅོང་)ནད་དང་ལུས་པོ་ལྕི། །ཤེད་ཆུང་པ་དང་རླུང་ལ་ཕན། །ཟི་དང་སྐྱུགས་དང་འདར་ལ་ཕན། །གཉིས་པ་མིག་སེར་རེད་ལ་ཕན། །གསུམ་པ་ཟས་ནི་མི་ལེན་དང་། །སྐྱུགས་པ་དག་ལ་ངེས་པར་ཕན། །བཞི་པ་གློ་བ་དག་ལ་ནི། །བད་ཀན་ཞུགས་ལ་ཕན་པའོ། །ལྔ་པ་གློ་(མའི་གསང་)སྟེ་ལུད་པ་ནི། །རྣག་དུ་འོང་དང་གློ་ནད་སེལ། །དྲུག་པ་དངངས་དང་དབུགས་མི་བདེ། །རོ་སྟོད་ན་ལ་ཕན་པ་ཡིན། །བདུན་པ་སྙིང་ནད་སྙིང་རླུང་དང་། །བརྒྱལ་རེངས་ནད་ལ་ཕན་པ་ཡིན། །བརྒྱད་པ་(མཆིན་དྲིའི་གསང་)རྩིབ་ལོགས་གཟེར་བ་དང་། །ལྷེན་སྣ་ན་དང་རྩིབ་ལོགས་གཟེར། །གློ་བ་འགྲམས་དང་སྒྱུར་མི་ཤེས། །མཆིན་པའི་ནད་ལ་ཕན་པའོ། །དགུ་པ་མཆིན་པ་རྒུད་པ་དང་། །བད་རླུང་མ་ཞུ་སྐྲན་ལ་ཕན། །བཅུ་པ་མཁྲིས་གསང་བརྡེག་མི་རུང་། །བཅུ་གཅིག་གཡོན་དུ་གཟེར་ནས་ན། །ཕོ་བ་ན་དང་བད་ཆུ་སེལ། །བཅུ་གཉིས་ཕོ་བར་མ་ཞུ་དང་། །སྐྱུགས་ནད་སྐྲན་ནད་བད་རླུང་སེལ། །བཅུ་གསུམ་ནད་རྣམས་ཀུན་ལ་ཕན། །ཁྱད་པར་ཁུ་ཁྲག་འཛག་པ་སེལ། །བཅུ་བཞི་སྐྱེད་པ་རེངས་པ་དང་། །མཁལ་ནད་ས་བོན་འཛག་པ་སེལ། །དེ་ཡི་གཡས་གཡོན་ཚོན་རེ་ན། །མཁལ་རྩ་ནག་པོ་བྱ་བ་ཡོད། །དེ་ཡི་འོག་གི་ཚོན་གང་ན། །མཁལ་འབྲས་ཡོད་པས་མི་བརྡེག་གོ། །བཅོ་ལྔ་གཉན་པས་མི་བརྡེག་གོ། །བཅུ་དྲུག་པ་ནི་ཁོང་ནད་སེལ། །བཅུ་བདུན་རྒྱུ་མ་ཁྲག་འཁྲུ་སེལ། །བཅོ་བརྒྱད་དྲི་ཆུ་སྲི་བ་སེལ། །བཅུ་དགུ་ཚད་པས་འཁྲུ་བ་གཅོད། །ཉི་ཤུ་འོག་རླུང་བསྡམས་པ་སེལ། །ཉེར་གཅིག་འཁྲུ་དང་འཁྲོག་པ་དང་། །འཇུག་སྲིན་ཟ་བའི་ནད་ལ་ཕན། །

            སྨད་ཀྱི་གསང་ནི་བཅུ་དྲུག་མདོར། །བསྣུན་པས་རླུང་རེངས་འཚངས་པ་སེལ། །དཔྱི་མིག་གི་ནི་ཚོན་རེ་ནི། །མཁལ་ནད་སྨད་ཀྱི་གྲང་ནད་སེལ། །བརླ་ཟུར་ཆུ་སེར་འབབ་པ་དང་། །རྐང་པ་བཤལ་དང་ན་བ་སེལ། །དཔུས་མོའི་ལྷ་ངའི་མཐའ་སྐོར་དང་། །བྱ་རོག་མིག་ལ་བསྣུན་པ་ཡིས། །རྐང་པའི་ཆུ་སེར་ན་བ་སེལ། །སྒྱིད་ཁུང་བསྣུན་པས་འཁུམས་པ་སེལ། །ངར་གདོང་ཚིག་གི་འབྲེལ་མཚམས་ལ། །ཆུ་སེར་ཞུགས་དང་ཆུ་རྒྱུས་ན། །རྩ་ཡི་ནད་ཀུན་སེལ་བར་བྱེད། །ལོང་བུའི་དུས་བུ་ཉིད་ལ་ནི། །གྲང་བས་ཆུ་སེར་ཞུགས་པ་སེལ། །བོལ་གོང་གི་ནི་ཀྱོང་གཉིས་དང་། །སོར་མོའི་འབྲེལ་མཚམས་ཀྱོང་མོར་བསྣུན། །རྐང་མགོ་ན་བ་ངེས་པར་སེལ། །དྲེག་གི་ནད་ལ་མཐེབ་ཆེན་དང་། །ཕྱི་ཟུར་ཚིག་ཀྱི་འབོར་ལ་བརྡེག །དྲེག་གི་མཚམས་ནས་ཆུ་སེར་འདོན། །རྐང་མཐིལ་རྒྱུ་མ་ཁུག་གཉིས་ནི། །རླུང་ལོག་སྟོད་དུ་འཚངས་པ་དང་། །མིག་གི་ནད་ལ་ངེས་པར་ཕན། །

            དམིགས་པ་བསྒོམས་པ་འདི་བཞིན་བྱ། །དབྱུག་པ་བསྣུན་སར་སྡོང་པ་ལ། །བུ་ག་ཚག་སེའི་མིག་འདྲ་ནས། །ནད་ཀུན་རླངས་པ་བུན་ནུ་ནུ། །ཕྱི་ལ་ཐོན་ནས་འགྲོ་བར་བསམ། །གདོན་དང་ནད་པ་གཉིས་ཀ་ལ། །ཚད་བཟུང་མེད་པའི་སྙིང་རྗེ་སྒོམས། །སྟོང་པ་སྙིང་རྗེའི་ངང་ནས་བསྣུན། །

            བརྡེག་ཐབས་བསྣུན་པའི་གསང་དེ་ནི། །སྦང་མ་གར་པོའི་ཆང་ངམ་ནི། །དྲི་ཆུས་བཀྲུས་ལ་ལེགས་པར་འཕྱི། །དེ་ནས་ལག་པ་ཁོང་གློད་ལ། །དང་པོ་དབྱུག་པའི་རང་ལྗིད་བསྣུན། །སྐྲང་ནས་བཅས་ཀྱིས་དྲག་ཏུ་བསྣུན། །ན་ཟུག་ཆེ་ན་འཇམ་པར་བསྣུན། །སྐྲང་ནས་བཅས་ཀྱིས་དྲག་ཏུ་བསྣུན། །གསང་དེ་དྲོད་ནི་མེ་རུ་འབར། །དབྱུག་ཤུལ་དྲོད་སྐྱེས་ངེས་པར་སྤངས། །མར་ནག་བྱུགས་བཞིན་ཁ་དོག་ནི། །སྣུམ་ལ་མཁྲེགས་ན་བསྣུན་འཕྲོ་གཤོལ། །དེ་མ་བྱུང་ན་བསྣུན་པས་ཆོག །དབྱུག་པ་གཡས་གཡོན་མ་འཁྱོག་པར། །ས་གཅིག་ཁོ་ནར་བསྣུན་པར་བྱ། །དེ་ལྟར་བསྣུན་པས་སྐྲངས་པའི་མདོག །སྐྱ་བོ་བྱུང་ན་རླུང་ཡིན་ལ། །སྔོ་སྐྱ་གྲང་གཞི་སེར་པོ་ནི། །མཁྲིས་པ་ཡིན་ལ་དམར་པོ་ཁྲག །སྨུག་པོ་བད་ཀན་ནད་ལོག་འཁྲུག །སྐྲངས་པ་ལག་པས་བཟུང་བ་ན། །ཤ་ལས་འཕྲལ་ནས་བཙིར་བྱས་ལ། །ཁབ་བཙག་(གྱེན་དུ)བྱས་ལ་ཁྲག་ངན་ཕྱུང་། །ཤ་མདོག་མ་འགྱུར་ཁབ་མི་བརྡེག །

བཞི་པ་ལོག་གནོན་བསྟན་པ།

            དབྱུག་པ་ལོག་པས་རླུང་སྐྱེ་ན། །དབྱུག་ཤུལ་མིན་པ་བསྐུ་བྱུག་བྱ། །ཚད་པ་སྐྱེས་ན་དབྱུག་པའི་ཤུལ། །དྲི་ཆུས་བཀྲུས་དང་ག་བུར་སོགས། །བསིལ་བའི་སྨན་ནི་བཀུ་བར་བྱ། །

            ཚུལ་ཁྲིམས་འཕེལ་གྱིས་བསྐུལ་བའི་ངོར། །ཤྰཀྱའི་དགེ་སློང་རྒྱལ་མཚན་དཔལ། །བཟང་པོས་དབེན་གནས་བྲག་དཀར་དུ། །རྡོ་རྗེ་དབྱུག་པའི་མན་ངག་ནི། །དོན་གསལ་སྒྲོན་མེའི་གཏེར་མཛོད་འདི། །གཞན་ལ་ཕན་ཕྱིར་ཡི་གེར་བཀོད། །འདི་བཀོད་དགེ་བས་འགྲོ་བ་ཀུན། །གོང་སྐྱོན་ཉེས་པའི་སྐྱོན་བྲལ་ནས། །མི་གནས་མྱ་ངན་འདས་པ་ཡི། །ཀུན་མཁྱེན་སངས་རྒྱས་ཐོབ་པར་ཤོག །སྨར་ཁྲིད་བླ་མའི་ཞལ་ལས་ཤེས། །ཨྰྀཐི།

ཨོཾ་ཙཀྵུདྷེབཧཾཀི་སྭྰཧྰ། ཨི་ཨག་ནི་ལི། ག་ལི་བཛྲ། ག་ཡ་ཨ་ན་ཧྰུཾ་ཕཊ། ཡང་། མི་ལྡོག་རྟེན་འབྲེལ་སྔགས་འདི་གདབ། ཨོཾ་ན་ཡེ་ནད། ལོ་ལོ་ཡེ་སྭྰཧྰ། ཞེས་པའི་སྔགས་བཏབ་རྗེས་ལ། །སྟོང་ཉིད་ཀྱི་རྩིས་བཟུང་། བསྔོ་བས་རྒྱས་གདབ།།

 

འབྲེལ་ཡོད་རྩོམ་རིག་གཞན་དག་ལྟ་ཀློག་གྱིས།

༄༅། །གསང་བ་འདུས་པའི་དབྱུག་བཅོས་ཡིད་བཞིན་ནོར་བུ་དང་། དབྱུག་བཅོས་གནམ་ལྕགས་རྡོ་རྗེ་བཞུགས་སོ།། 

༄༅། །རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་ཆ་ལག་དབྱུག་བཅོས་རིན་པོ་ཆེ་བཞུགས་སོ།།

༄༅། །རྡོ་རྗེ་དབྱུག་པའི་མན་ངག་ནད་གདོན་ཀུན་འཇོམས་གནམ་ལྕགས་ཐོག་མདའ་ཞེས་བྱ་བ་བཞུགས་སོ།།

༄༅། །དབྱུག་བཅོས་ནད་གདོན་ཀུན་སེལ།
༄༅། །རྡོ་རྗེ་དབྱུག་པའི་བྱ་བ་བཞུགས་སོ།།



མཐའ་མའི་འདོན་ཐེངས་།: 05.08.2017 ཉིན། 2:39 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།