སྨན་རྩིས་དྲ་བ། - ཆེད་རྩོམ།

ཏོག་དབྱིབས་རིམས་ནད་ཀྱི་མིང་འདོགས་ཚུལ་ལ་དཔྱད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.09.2020
ཆེད་རྩོམ། >>



༄༅། །ཏོག་དབྱིབས་རིམས་ནད་ཀྱི་མིང་འདོགས་ཚུལ་ལ་དཔྱད་པ།

-སྨན་པ་ཨོ་རྒྱན་མདོ་སྔགས།

 

སྲིད་གསུམ་སྡུག་བསྔལ་ཕྲ་མོ་ཙམ་ལ་ཡང་།།  བརྩེ་བ་ཆེན་པོས་མི་བཟོད་ཁུར་བཞེས་ནས།།

དམན་དང་ཕོངས་པ་ཀུན་གྱི་མགོན་གཅིག་པུ།།  བླ་མ་སྤྱན་རས་གཟིགས་དབང་གཙུག་ན་རྒྱལ།།

ཆོས་ཀུན་མཉམ་པ་ཉིད་ཀྱི་གཞི་དབྱིངས་སུ།།  རང་སྣང་ལྷུན་གྲུབ་རོལ་པ་འབྱམས་ཀླས་ཀྱང་།།

མཐའ་ཡས་འགྲོ་ལ་བརྩེ་བའི་ཕྱག་ཟུང་གིས།།  མཆི་མེད་བདུད་རྩིའི་དགའ་སྟོན་འགྱེད་ལ་འདུད།།

བཞི་བརྒྱ་རྩ་བཞིའི་ནད་ཀྱི་འཇིགས་པ་ཀུན།།  མ་ལུས་དྲུངས་ནས་འབྱིན་པའི་མན་ངག་གི།།

ལག་ལེན་ཚོམ་བུར་སྤུངས་པའི་རྒྱུད་བཞི་ཞེས།།  སྙན་པའི་གྲགས་པ་རྒྱས་དེར་བདག་ཡིད་གུས།།

 

   ཞེས་མཆོད་བརྗོད་རྟེན་འབྲེལ་གྱི་འཇུག་སྒོ་ཡངས་པར་ཕྱེ་ནས། གསོ་རིག་རྒྱུད་བཞི་ལ་བསླབས་པ། སློབ་དཔོན་ཉམས་མྱོང་ཅན་གྱི་མན་ངག་ཞལ་ཁྲིད་མང་དུ་ཐོས་པ། ནད་སྨན་སྤྲོད་པའི་ཉམས་ཡིག་ཁག་བཀླགས་པ། གཟུར་གནས་བློ་ལྡན་དག་གིས་བརྩམས་པའི་རྩོམ་ཡིག་བཅས་ཀྱི་བདག་ཡིད་བསྐུལ་ནས་ཏོག་དབྱིབས་རིམས་ནད་ཀྱི་མིང་འདོགས་ཚུལ་སྐོར་ཅུང་ཙམ་གླེང་བར་བྱ་སྟེ། དེ་ཡང་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༣༡ ལ་རྒྱ་ནག་གྲོང་ཁྱེར་ (Wuhan) ནས་མཆེད་པར་གྲགས་པའི་རིམས་ནད། དབྱིན་སྐད་དུ། (Coronavirus) ཞེས་དང་། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ (World Health Organization) ཀྱིས་བཏགས་མིང་དུ་ Covid 19 ཞེས་དབྱིན་སྐད་དུ་ WHO announced “COVID-19” as the name of this new disease on 11 February 2020 ལ་བཏགས་ཏེ་གསལ་བསྒྲགས་བྱས།

   དེང་དུས་འཛམ་གླིང་གི་ཆེད་མཁས་སྨན་པ་དང་ཚན་རིག་པ་དུ་མས་ནད་འདི་ཐོག་མར་སེམས་ཅན་ནས་མིར་མཆེད་པའི་ཕྲ་ཕུང་གི་ནད་དུག་ཅིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ཅིང་། ཁ་ཅིག་སེམས་ཅན་གྱི་ཤ་བཟས་པ་ལས་ནད་འབུ་དེ་མིའི་ལུས་སུ་འགོས་པར་བཤད། ཁ་ཅིག་འགྲོ་བ་མིས་བསམ་བཞིན་དུ་བཟོས་པའི་ནད་དུག་ཅིག་ཏུ་ངོས་བཟུང་བའང་ཡོད། ཁ་ཅིག་གིས་ཕྲ་རྡུལ་དཔྱོད་པའི་རྒྱང་མཐོང་ཆུ་ཤེལ་ལས་ཟླུམ་གཟུགས་ཏོག་དབྱིབས་ཀྱི་མཐོང་ཚུལ་ཁོ་ནས་མིང་སྣ་ཚོགས་ཤིག་འདོགས་བཞིན་པ་ཙམ་ལས། རྒྱུ་རྐྱེན་གང་གིས། འགོ་ལམ་གང་ཞིག་ནས། ཚུལ་ཇི་ལྟར་གནས་པ་སོགས། ནད་འབུ་དེའི་ངོ་བོའི་གཤིས་ལུགས་གསལ་བོ་ཞིག་ངོས་འཛིན་ཐུབ་མེད་ཅེས་བརྗོད་ཀྱང་ཁ་ཕོ་ཆེ་བའི་གཏམ་དུ་མི་འགྲོ་སྙམ།

   འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་བཏགས་པའི་མིང་དེ་གོང་གི་དབྱིན་མིང་བསྡུས་ནས་ནད་འབུ་དེ་ཡོངས་གྲགས་ཀྱི་མཆེད་དུས་ཕྱི་ལོ་ 2019 ཡིན་པ་གསལ་སྟོན་བྱས་པ་ཙམ་ལས་ནད་འབུ་དེའི་གནས་ལུགས་ཁ་གསལ་གཏིང་གསལ་གྱིས་བཏགས་པའི་མིང་མཚན་ཉིད་ཚང་བ་ཞིག་མ་ཡིན་པས་རྒྱུ་མཚན་ལ་བརྟེན་ནས་སྤྱིར་བཏང་བའི་རིམས་འགོག་སྨན་ཁབ་དང་། ལུས་ཀྱི་རིམས་འགོག་མ་ལག་གི་ནུས་པ་བསྐྱེད་པའི་སྨན་རེ་ཟུང་གཏོང་བཞིན་པ་ཙམ་ལས། མིག་སྔར་ནད་འདི་ལ་ཕན་སྐྱེད་མངོན་གསལ་ཐོབ་ཐུབ་པའི་སྨན་བཅོས་གང་ཡང་མེད་པས་རྒྱལ་ཁབ་སོ་སོས་སྔོན་འགོག་བྱེད་པའི་ཐབས་ལམ་གྱིས་ནད་དུག་གི་འགོས་མཆེད་དང་ནད་པའི་གྲངས་འབོར་ཉུང་དུ་གཏོང་བར་འབད་བཞིན་པ་འདིས་གསལ་སྟོན་བྱས་ཡོད།

   རིམས་ནད་འདི་ལ་གཅེས་པའི་སྨན་ཚད་ལྡན་ཞིག་བཟོ་ཐུབ་མིན་གྱི་འགྲན་བསྡུར་དང་། སྨན་ཁབ་གསར་གཏོད་ཐད་ཞིབ་འཇུག་དང་ནུས་པ་མཉམ་སྤུངས་བྱེད་བཞིན་པའི་སྒང་ཡིན་མོད། འོན་ཀྱང་རང་རེའི་སྨན་གཞུང་ལས། རིམས་ནད་འདི་རིགས་ཀྱི་རྒྱུ་རྐྱེན། དབྱེ་བ། རྟགས། བཅོས་ཐབས། ཟས་སྤྱོད་སྨན་དཔྱད་བཞིའི་སྒོ་ནས་དུས་རབས་བརྒྱད་པ་ཙམ་དུ་གཏན་ལ་ཕབ་ཅིང་། ཏོག་དབྱིབས་རིམས་ནད་འདི་ལ་རྒྱལ་ཁབ་ཕྱི་ནང་ཀུན་ནས་བོད་སྨན་གྱིས་ནད་པ་སླར་གསོ་དང་། གཟུགས་གཞི་བདེ་ཐང་ཡོང་རྒྱུར་ཡང་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད། ཁ་ཅིག་ན་རེ། བོད་ལུགས་སྨན་གཞུང་དུ་སྔོན་ནས་གསུངས་ཡོད་ན་ནད་འདིའི་མིང་ལ་ཇི་སྐད་ཟེར་ཞེས་དོགས་པ་སློང་བ་ལ། རྗེ་གཡུ་ཐོག་པས་ལན་གྱི་ཚུལ་དུ་<<བཤད་པ་སྐུ་ཡི་རྒྱུད་>>ཀྱི་ལེའུ་བཅུ་གཉིས་པར། “ཉེས་པ་གནོད་བྱ་ཉི་ཤུ་རྩ་ལྔ་ལ། །རྐྱང་དང་ལྡན་འདུས་དུ་མའི་རིགས་འབྱུང་བས། །གྲངས་དང་མིང་གིས་ངེས་བསྟན་ཡོད་མ་ཡིན། །འོན་ཀྱང་ཉེས་པ་གསུམ་ལས་ནད་མི་གདའ།།” ཞེས་གསུངས་པ་བཞིན་ནོ།།

   འོན་ཀྱང་ཡུལ་དུས་དང་བསྟུན་ཏེ་བོད་སྨན་འཚོ་བྱེད་པ་ཡོངས་ཀྱི་མཐུན་སྣང་དུ་གྲུབ་པའི་མིང་ཞིག་དགོས་གལ་ཆེ་བར་སོང་། བོད་ཕྱི་ནང་གི་ལྷ་རྗེ་གཞུང་ལུགས་ལག་ལེན་ལ་མཁས་པ། རིགས་ཞེན་གྱི་སྤོབས་པ་ཕྱུག་པ་དུ་མ་ཞིག་གིས། རིམས་ནད་འདི་ལ་བཏགས་མིང་དུ། ཏོག་དབྱིབས་རིམས་ནད། ཏོག་དབྱིབས་ནད་དུག གློ་ཚད་རིམས་ནད། ཏོག་གསར་གློ་ཚད། གློ་ཚད་རིམས་གསར། ཞེས་སོགས་སྣ་ཚོགས་ཤིག་བཏགས་ཏེ་ཡོངས་གྲགས་སུ་ཕྱིན་ཡོད། ཕྲན་གྱི་རྨོངས་ཚུལ་ལ་སྔར་མ་གྲགས་པའི་མིང་གསར་ཞིག་འདོགས་དགོས་ཚེ་ཐ་སྙད་འདོགས་ཚུལ་གྱི་གཞུང་ལུགས་འདི་དག་གལ་ཆེ་བས་ཆེ་ལོང་ཙམ་བརྗོད་པར་བྱ་སྟེ། དེ་ཡང <<ཚད་མ་རིགས་གཏེར་>>ལས།“ཤེས་བྱ་ཀུན་ལ་ཆོས་གསུམ་གྱིས། །ཁྱབ་ཕྱིར་དེ་ཡིས་རྣམ་གཞག་བྱེད།།” ཅེས་གསུངས་པ་ལྟར་མཚོན་བྱ་རིམས་ནད་འདི། མཚན་གཞི་གཞན་དང་སྦྱར་ཏེ་མཚོན་བྱེད་མིང་གི་སྒོ་ནས་ཏོག་དབྱིབས་རིམས་ནད་འདི་རང་གཞུང་ལྟར་མིང་གང་གིས་ཇི་ལྟར་མཚོན་པའི་ལྟ་ཚུལ་ཅུང་ཙམ་བརྗོད་པར་བྱ་བ་ལ།

   སྤྱིར་བཏང་དོན་གོ་བར་བྱེད་པའི་བརྡ་རྗོད་བྱེད་ཀྱི་མཚན་ཉིད་ཡིན་ཞིང། དེ་ལ་དབྱེ་ན། ཡི་གེ་དང་། མིང་། ཚིག་གསུམ་མོ། །ཡི་གེ་དང་ཚིག་གཉིས་རེ་ཞིག་བཏང་སྙོམས་སུ་བཞག་ལ། མིང་གི་སྐོར་གླེང་བར་བྱ་སྟེ། དོན་གྱི་ངོ་བོ་ཙམ་སྟོན་བྱེད་དུ་སྣང་བའི་སྒྲ་སྤྱི་མིང་གི་མཚན་ཉིད། དེ་ལ་དབྱེ་ན། དངོས་མིང་དང་། བཏགས་མིང་གཉིས། དོན་དེ་ལ་འདོད་རྒྱལ་མཁན་པོས་ཐོག་མར་བརྡ་སྦྱར་ཞིང་ཐ་སྙད་ཀྱི་དུས་སུ་དོན་དེ་འཁྲུལ་མེད་དུ་གོ་ནུས་ཀྱི་མིང་དངོས་མིང་གི་མཚན་ཉིད། དེ་ལ་དབྱེ་ན། བཤད་པ་རྒྱུ་མཚན་དང་། འཇུག་པ་རྒྱུ་མཚན་གཉིས་ཡོད། ཐམས་ཅད་མཁྱེན་པ་ལྟ་བུ་དང་པོ་དང་། སྨན་པ་ལྟ་བུ་གཉིས་པ་ཡིན། འདྲ་འབྲེལ་གང་རུང་རྒྱུ་མཚན་དུ་བྱས་ནས་ཕྱིས་སུ་སྦྱར་བའི་མིང་དེ་བཏགས་མིང་གི་མཚན་ཉིད་དང་། དབྱེ་ན་འདྲ་བ་རྒྱུ་མཚན་དུ་བྱེད་པ་དང་། འབྲེལ་བ་རྒྱུ་མཚན་དུ་བྱེད་པ་གཉིས། ཏོག་དབྱིབས་རིམས་ནད་ཞེས་པ་ལྟ་བུ་དང་པོ། Wuhan རིམས་ནད་ལྟ་བུ་གཉིས་པ་ཡིན། ཕྱི་ལུགས་དང་ཚན་རིག་པ་དག་གིས་གཟུགས་ཅན་གྱི་ཕྲ་རྡུལ་ཁོ་ནར་དཔྱོད་པའི་དབང་ཤེས་ལ་གཞི་བཅོལ་ཏེ་ནད་མིང་སྣ་ཚོགས་འདོགས་ལ། བོད་ལུགས་གསོ་རིག་གི་ནད་ཀྱི་མིང་འདོགས་ཚུལ་ནི་དེ་དང་མི་འདྲ་བར་ནད་ཀྱི་ངོ་བོ་དང་། ནད་རྟགས་མངོན་ཚུལ་གྱི་ཁྱད་ཆོས། ནད་དུག་གི་བྱེད་ལས། གནས་གྱི་བྱེ་བྲག་སོགས་འདོད་རྒྱལ་སྨན་པས་ཐོག་མར་བརྡ་སྦྱར་ཞིང་ཐ་སྙད་ཀྱི་དུས་སུ་དོན་དེར་འཁྲུལ་མེད་དུ་གོ་ནུས་པའི་རྗོད་བྱེད་ཀྱི་མིང་གསལ་པོར་བསྟན་ཡོད་པས། རྒྱུད་གཞུང་ཆ་ལག་དང་བཅས་པར་བློ་གྲོས་ཀྱི་སྒོ་མོ་ཆེར་ཕྱེས་ལ་སྨྲ་བའི་ལྕགས་རིང་གློག་བཞིན་དུ་བསྐྱང་བར་འདོད་པའི་གཟུར་གནས་དག་གི་སྤྱན་སྔར། དཔང་མཐོ་བའི་གླེགས་བམ་གྱི་གྲུ་ཁ་ནས་རྙེད་པའི་ཐ་སྙད་ཀྱི་སྒྲོམ་བུ་འདི་དཔྱོད་ལྡན་དགྱེས་པའི་སྐྱེས་སུ་ཕུལ་བ་ལ།

སྤྱིར་ནད་ཀྱི་ཐ་སྙད་འདོགས་ཚུལ་དང་། བྱེ་བྲག་རང་ལུགས་ལྟར་ཏོག་དབྱིབས་རིམས་ནད་ཀྱི་མིང་བཤད་པ་གཉིས་ལས།

དང་པོ་ལ་བཅུ་སྟེ།

༡༽ ཉེས་པ་གསུམ་ཤས་ཆེ་ཆུང་གི་སྒོ་ནས་བཏགས་པ། དཔེར་ན་རླུང་ཤས་ཆེ་བའི་སྟོད་འཚང་ལྟ་བུ།

༢༽ ནད་རྟགས་ཀྱི་སྒོ་ནས་མིང་བཏགས་པ། སྐྱིགས་བུ་ལྟ་བུ།

༣༽ ནད་ཀྱི་ཕྲ་ཕུང་གི་དབྱིབས་མཚུངས་ཀྱི་སྒོ་ནས་བཏགས་པ། འབྲས་ནད་ལྟ་བུ།

༤༽ ནད་ཀྱི་ངོ་བོའི་སྒོ་ནས་བཏགས་པ། མ་ཞུ་བའི་ནད་ལྟ་བུ།

༥༽ ནད་གནས་སའི་ཡུལ་གྱི་སྒོ་ནས་བཏགས་པ། གློ་ནད་བུང་ཚང་ལྟ་བུ།

༦༽ ནད་ཀྱི་བྱེད་ལས་ཀྱི་སྒོ་ནས་མིང་བཏགས་པ། དབུགས་མི་བདེ་བ་ལྟ་བུ།

༧༽ འདྲ་འབྲེལ་གྱི་སྒོ་ནས་བཏགས་པ། རླུང་ནད་ཅེ་སྤྱང་དང་། རྒྱ་ནད་ལྟ་བུ།

༨༽ ནད་སློང་རྐྱེན་གྱི་སྒོ་ནས་བཏགས་པ། སྦྱར་དུག་ལྟ་བུ།

༩༽ ཁ་དོག་གིས་བཏགས་པ། བད་ཀན་སྨུག་པོ་ལྟ་བུ།

༡༠༽ སེམས་འགྱུར་ལྡོག་གི་ཆ་ནས་བཏགས་པ། བརྗེད་བྱེད་ལྟ་བུའོ།།

   དེ་དག་གོང་གསལ་གྱི་དངོས་མིང་དང་བཏགས་མིང་གང་རུང་དུ་འདུས་ཤིང་། ནད་ཀྱི་ཐ་སྙད་ཡིན་ན་འདི་བཅུ་གང་རུང་ཡིན་པས་ཁྱབ་ལ། མིག་སྟོང་བགྲད་ཀྱང་འདི་ལས་ལྷག་པའི་ནད་ཀྱི་ཐ་སྙད་འདོགས་ཚུལ་གཞན་ཞིག་མེད་ཅེས་མགྲིན་པ་གཟེངས་སུ་ཐོན་ནས་ངས་སྨྲའོ།།

   དེ་དག་གོ་བདེ་བའི་ཚུལ་དུ་དཔེ་མཚོན་ཙམ་བརྗོད་ཅིང་། དེ་དག་ཀྱང་ཚེ་འདིའི་ཉེས་པ་དང་། སྔོན་ལས་ཀྱི་བག་ཆགས། དེ་གཉིས་འདྲེས་པ་ལས་བྱུང་བ་འབའ་ཞིག་གོ། དེ་དག་རྒྱས་བསྡུས་ཀྱི་དབང་དུ་བྱས་ན། གཙོ་བོ། གནས། རིགས་གསུམ་དང་། འབྲིིང་དུ་བསྡུ་བ། རླུང་མཁྲིས་བད་ཀན་གསུམ། བསྡུས་པའི་བསྡུ་བ། ཚ་བ་དང་། གྲང་བ་གཉིས་སུ་མ་འདུས་པ་གཅིག་ཀྱང་མེད་ཅེས་རྒྱུད་གཞུང་དུ་གསལ་བ་ནི་ལེགས་བཤད་རྨད་དུ་བྱུང་བ་ཞིག་ཡིན་པས་དབང་མེད་དུ་ཐལ་ལོ།།

བྱེ་བྲག་རང་ལུགས་ལྟར་ཏོག་དབྱིབས་རིམས་ནད་ཀྱི་མིང་བཤད་པ།

   མེས་པོ་གོང་མས་ཤུལ་བཞག་གི་རིག་གནས་ཕན་བྱེད་གསོ་བ་རིག་པའི་གཞུང་ལྟར་ཡོངས་གྲགས་ཀྱི་ཐ་སྙད་རྒྱུད་གཞུང་རང་དུ་གསལ་བ་ཞིག་སྦྱོར་ཐུབ་ན་དགེ་མཚན་ཆེ་བར་མཐོང་སྟེ་མན་ངག་ཡོན་ཏན་རྒྱུད་ཀྱི་ལེའུ་ཉེར་གསུམ་པར་གསལ་བའི། རིམས་ཀྱི་ཚ་བ་བལ་ནད་དུ་ཐ་སྙད་སྦྱར་ན་འཐད་པར་སེམས་ཏེ། ངོ་བོ། རྒྱུ་མཚན། སྔོན་ཚུལ། སྤྱི་རྟགས་དང་བཅས་པ་ཏོག་དབྱིབས་རིམས་ནད་འདི་དང་མཚུངས་པས་སོ།།

   ཁ་ཅིག་ན་རེ། ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་སུ། འགོ་ཞིང་མཆེད་སླ་བ། ཚ་བ་ཤུགས་ཆེར་རྒྱས་པ། མགོ་ན་བ། སྣ་ཆུ་མང་བ། གློ་ལུ་བ། དབུགས་གཏོང་ལེན་དཀའ་བ། བྲང་གཞུང་གཟེར་བ་བཅས་ཀྱི་ནད་རྟགས་མངོན་པའི་ཕྱིར་འདི་དང་མི་མཚུངས་སོ་སྙམ་ན། དེར་ལན་འདེབས་པར་བྱ་སྟེ། <<མན་ངག་རྒྱུད་>> ལས། འཇུག་སྒོ་དྲུག་ཏུ་རིམ་པས་འཇུག་པའམ། །དྲིས་ཕོག་ཡམས་སུ་རིམས་ཀྱིས་འགོས་པའི་ཕྱིར། །རིམས་ཞེས་བྱ་བའི་རྒྱུ་མཚན་མིང་དུ་བཏགས། །ཞེས་གསུངས་པ་ལྟར་གྱི་རིམས་ཡིན་པས་འགོ་མཆེད་སླ་བ་དང་། རིམས་ཡིན་ན་མ་སྨིན་ཚ་བ་འབྱུང་བར་ངེས་པ་ཡིན་ཏེ། མན་ངག་རྒྱུད་ལས། “ཁྱད་པར་རིམས་ལ་མ་སྨིན་ཤས་ཆེར་འབྱུང་།།” ཞེས་གསུངས་པ་ལྟར་ཚ་བ་མ་སྨིན་པའི་རྟགས་ཤས་ཆེར་སྟོན་པ་ཡིན་ཏེ། རྒྱུད་བཞི་ལས། “སྤྱི་རྟགས་རྩ་རྒྱུད་ཕྲ་ཞིང་གཡོ་ལ་མགྱོགས། །ཆུ་མདོག་དམར་སེར་སྐ་ལ་རྙོག་མ་ཅན། །ལྕེ་སྐྱ་སྟེང་དུ་རླུང་འབྲུམ་དམར་ཙིམ་འབྱུང་། །ལུས་དྲོད་མི་སྙོམས་སྲོད་ལ་ཤ་དྲོད་ཆེ། །གཡལ་མང་སྒྱིད་པ་སྐྱུར་ལ་བྱ་རྨྱང་བྱེད། །ཁ་ཁ་མགོ་དང་བྱིན་ཉྭ་ཚིགས་གཞི་ན། །གྲང་ཤུམ་བྱེད་ཅིང་མེ་དང་ཉི་མར་སྙེག །རྨི་ལམ་ཟ་ཟི་མང་ལ་སེམས་ལས་ཆེ། །མ་སྨིན་ཚ་བ་ཀུན་ལ་རྟགས་ཏེ་འབྱུང་། །ཞེས་དང་། ཚ་བ་བད་ཀན་དག་གིས་མ་སྨིན་ན། །ཁ་མངལ་མཆིལ་སྣབས་མང་ལ་ཕོ་བ་རྫིང་། །དང་ག་མི་བདེ་སྐྱུག་ཅིང་ལུས་དྲོད་ཆུང་།།” ཞེས་དང་། “བཅོས་སུ་མི་འདོད་ཚ་བ་ལམ་ནས་འཁྱོག །གློ་གསོར་གཉིད་ཆུང་གཡལ་མང་རུས་ཚིགས་ན།།” ཞེས་གསུངས་པ་ལྟར་ཚ་བ་མ་སྨིན་པའི་རྟགས་ཕྱིར་མངོན་པའོ། །བབས་ས་གནས་ཀྱི་དབང་གིས་གློ་ལུ་བ་དང་། དབུགས་གཏོང་ལེན་དཀའ་བ་འབྱུང་བ་ཡིན་ལ། དེ་ཡང་<<རྒྱུད་>>ལས། “གློ་ཆམ་དང་པོ་གྲེ་བ་ཚ་ཞིང་འཛེར། །བར་དུ་གློ་མང་མགོ་དང་བྲང་རྒྱབ་ན། །ཐ་མ་རྣག་ཏུ་ལུ་ཞིང་གློ་གཅོང་འགྱུར།།” ཞེས་དང་། “གློར་བབས་རོ་སྟོད་གཟེར་ལ་ལུད་པ་སེར།།” ཞེས་དང་། སྟག་བླ་ནོར་བུའི་<<སྨན་ཡིག>>ལས། “དེ་ནས་མགོར་བབས་ཡ་མ་ཀླད་གཟེར་ཞེས། །སྟོད་དུ་ཨེན་ཙམ་གཟེར་ལ་གློ་མང་འོང་། །གློ་ལ་བབས་ན་ལུད་པ་སྣ་ཁྲག་འོང་། །དཔུང་མིག་སྒྲོག་རུས་སོག་ཕྲག་བྲང་མདོ་ན།།” ཞེས་བབས་སའི་གནས་ཀྱི་ཁྱད་པར་ལས་དེའི་རྟགས་མངོན་པར་གསུངས་ཤིང་། <<བདུད་རྩི་བུམ་པ་>>ལས། “ནག་པོ་གསུམ་སྒྲིལ་ཐོག་གི་མདའ། །རྒྱུ་ལ་ཁྱད་པར་མེད་མོད་ཀྱང་། །ཕོག་པ་འབེན་གྱི་བྱེ་བྲག་གིས། །གནས་ཀྱིས་བསྒྱུར་བས་མི་འདྲ་འབྱུང་།།” ཞེས་དང་། སྡེ་སྲིད་<<མན་ངག་ལྷན་ཐབས་>>ལས། “སྲིན་འཁྲུགས་ལུས་ཟུངས་བཟས་པའི་གཉན་ནད་འབྱུང་། །དེ་ཕྱིར་དཀར་མངར་གནོད་ཅིང་དུག་གིས་འཇོམས། །དབྱེ་བ་བབས་སའི་དབང་གི་ཐ་དད་དེ།།” ཞེས་དང་། <<མན་ངག་རྒྱུད་>>ལས། “དེ་རྟགས་བྱུང་ཚུལ་སྙིང་འདར་མགོ་བོ་འཐོམ། །རྔུལ་མང་སྦོ་ཞིང་སྟོབས་ཆུང་རུས་ཤིང་ན། །ཁ་ཆུ་སྣ་ཆུ་མང་ཞིང་ནད་ལངས་དུས། །འགྱེལ་ཞིང་སོ་ཆ་རྐང་ལག་གཡོབ་པ་དང་། །ལྦུ་བར་སྐྱུག་ཅིང་མུན་པར་ཞུགས་སྙམ་སེམས།།” ཞེས་སོགས་གསུངས་པ་ལྟར་དབྱེ་བ་བབས་སའི་སྒོ་ནས་རྟགས་ཐ་དད་པ་སྣ་ཚོགས་དང་དེ་ལ་བརྟེན་པའི་ཐ་སྙད་ཀྱང་སྣ་ཚོགས་ཡོད་པས་མིི་འགལ་ལོ།།

   ཡང་ཁ་ཅིག་ན་རེ། གཉན་རིམས་ལ་རིམས་ཀྱི་ཚ་བ་བལ་ནད་ཀྱི་ཐ་སྙད་སྦྱོར་བ་མི་འཐད་དེ། དེ་གཉན་རིམས་མ་ཡིན་པས་སོ་ཟེར་ན། རིམས་ཀྱི་ཚ་བ་བལ་ནད་ནི་བཀའ་བཙན་ཞིང་འགྲོ་བའི་སྲོག་མྱུར་དུ་ལེན་པའི་ཆ་ནས་གཉན་པའི་རིམས་ཞེས་བྱ་ལ། དེ་ཡང་<<བཤད་པ་སྐུ་ཡི་རྒྱུད་>>ལས། “རྩ་ཚིལ་དོན་སྣོད་གནད་ཀྱིས་སྲོག་འདོར་བྱེད།།” ཅེས་པའི་འཐད། <<བཻ་སྔོན་>>ལས། “ལུས་འདིའི་གཉན་པའི་གནད་རྣམ་པ་བདུན་ཡོད་པ་ལས། རྩ་དང་། ཚིལ་དང་། དོན་སྣོད་ཀྱི་གནད་རྣམས་སུ་ཕོག་པ་དེ་ཉིད་ཀྱི་རྐྱེན་གྱིས་སྲོག་འདོར་བར་བྱེད་པ་ཡིན་ལ།” ཞེས་དང་། <<མན་ངག་ལྷན་ཐབས་>>ལས། “གཉན་རིམས་ཁ་མེད་ཁྱེམ་བུ་འབར་འབུར་དང་། །སྣ་རྩ་ཕུས་འདེབས་ངམ་རུ་ཞེས་པ་སོགས། །མདོར་ན་མིང་བཟུང་མི་ལང་ནད་ཀྱི་རིགས། །དུ་མས་འགྲོ་བའི་ཚེ་སྲོག་མྱུར་དུ་ལེན།།” ཞེས་དང་། “དྲི་ཕོག་ཡམས་ཐབས་འགོས་ནས་མཆེད་པ་སོགས། །ལྟར་སྣང་རིམས་ནད་སྤྱི་དང་འདྲ་ན་ཡང་། །ནད་གཞན་གསོ་བའི་ཐབས་ཚུལ་མ་ཤེས་ཀྱང་། །འདི་ལ་སྒོས་ཀྱི་གཉེན་པོ་མ་སླེབ་ན། །སྨན་དཔྱད་གང་ཡང་ནད་ཀྱི་གྲོགས་ཡིན་ཏེ། །འཆི་བདག་ཁ་རུ་དེ་སྲོག་མྱུར་ཏུ་འགྲོ།།” ཞེས་དང་། ཨོ་རྒྱན་གུ་རུ་རིན་པོ་ཆེའི་<<བུམ་ཆེན་>>ལས། “སེམས་ཅནན་མ་རིག་སྡོང་པོ་ལ། །ཉོན་མོངས་དུག་ལྔའི་ལོ་འདབ་སྨིན། །མི་དགེ་བཅུ་སྤྱོད་ལོ་ཏོག་འཁྲུངས། །རྣམ་སྨིན་འབྲས་བུ་ནོར་བུ་སྨིན། །འཛམ་བུ་གླིང་གི་བཞི་གསུམ་འཇོམས།།” ཞེས་དང་། <<གསོ་རིག་མན་ངག་མྱོང་བྱང་>>ལས། “ཤིན་ཏུ་སྲོག་ལ་གཟན་ཕྱིར་གཉན་ཞེས་བྱ།།” <<མན་ངག་ལྷན་ཐབས་>>ལས། “གཉན་ཞེས་བྱ་བའི་གདུག་ཅན་ནད་སྣ་ནི། །བསོད་ནམས་མཐུ་ཟད་སྙིགས་མའི་སེམས་ཅན་ལ། །གཞུང་ཆེན་རྣམས་སུ་མ་གྲགས་ནད་སྣ་དང་། །ཕྱོགས་ཙམ་མ་གཏོགས་མ་ལུས་དུ་མ་འབྱུང་། །བཅོས་པའི་ལོང་མེད་འཕྲལ་དུ་ཐོག་བབས་གསོད།།” ཅེས་དང་། “དྲག་པོའི་ཟུག་རྔུའི་ལུས་ཟུངས་གློ་བུར་འཁྲུགས། །ཚ་ཡང་གྲང་ཚུལ་གྲང་ཡང་ཚ་ཚུལ་སྟོན། །ངེས་མེད་སྣ་ཚོགས་རྩ་ཆུ་ཤོར་བ་འབྱུང་། །དེ་ཕྱིར་ལྟ་རེག་དྲི་བས་ངོས་བཟུང་དཀའ།།” ཞེས་དང་། <<མན་ངག་ལྷན་ཐབས་>>ལས། “མ་རུང་མི་དགེ་ངན་སྤྱོད་སྣ་ཚོགས་ཀྱིས། །གཉན་རྒོད་རིམས་ནད་ཆར་བཞིན་ཕབ་པ་ལས། །སྤྲ་བ་རླན་མེད་མེ་དང་འཕྲད་པ་བཞིན། །རྒྱུ་ལ་རྐྱེན་ཏེ་ཏྲེ་ཏྲེ་ཧོ་ཞེས་སམ། །པརྤ་ཏ་དེ་སྲིན་གྱི་གཟུགས་སྤྲུལ་ནས། །རྩངས་པའི་མགོ་དབྱིབས་ཁ་ཆེ་སྦྲུལ་ལྟ་བུའི། །མཇུག་རིང་བ་བླ་ལྟར་དུ་ཡན་ལག་མང་། །རླུང་གཤོག་ལྡན་པས་ཕྱོགས་ཀུན་རྒྱུ་བ་སྟེ། །བར་སྣང་ཁམས་ནས་བ་སྦུ་སྣ་སྒོར་འཇུག །” ཅེས་དང་།  <<མན་ངག་ལྷན་ཐབས་>>ལས། “གཉན་རིམས་ཁ་མེད་ཁྱེམ་བུ་འབར་འབུར་དང་། །སྣ་རྩ་ཕུས་འདེབས་ངམ་རུ་ཞེས་པ་སོགས། །མདོར་ན་ངོས་བཟུང་མི་ལང་ནད་ཀྱི་རིགས། །དུ་མས་འགྲོ་བའི་ཚེ་སྲོག་མྱུར་ཏུ་ལེན།།” ཞེས་དང་། <<གཉན་འཇོམས་རྡོ་རྗེའི་ཐོག་མདའ་>>ལས། “སྟེང་གི་ལྷ་དང་འོག་གི་ཀླུ་འཁྲུགས་ནས། །མི་ཕྱུགས་ཀུན་ལ་ནད་རིམས་དཔག་མེད་འབྱུང་། །གཉན་ནད་ནག་པོའི་ས་སྟེང་ཀུན་ཁྱབ་ནས། །བཅོས་པའི་ལོང་མེད་སྲོག་ལ་ཧུར་ཐུམ་བྱེད།།” ཅེས་དང་། “རླུང་མཁྲིས་བད་ཀན་བཅོས་རིགས་གང་བྱས་ཀྱང་། །ཕན་པ་མེད་པ་ནད་ཀྱི་གྲོགས་གྱུར་ནས། །ལྷ་རྗེ་ཀུན་གྱི་དུག་གི་ནད་ཟེར་ནས། །ཅི་བྱ་གཏོལ་མེད་ཀུན་ཀྱང་ཁ་སྐྱེངས་ནས། །འཛམ་གླིང་སུམ་གཉིས་སྟོང་པ་ཡི་རེ་མུག །” ཅེས་སོགས་གསུངས་པས་སོ།།

   གཞན་ཡང་སྙིགས་མ་ལྔའི་མུན་པ་ཆེས་ཆེར་བདོ་བའི་དུས་འདིར་རིམས་ལ་གཉན་གྱི་བསྡོངས་ཟླ་མེད་པའི་རིམས་རྐྱང་པ་མི་སྲིད་དེ། “གཉན་དང་བསྡོངས་ཟླ་མེད་པའི་རིམས་རྐྱང་མེད།།” ཅེས་དང་། གཉན་རིམས་གཉིས་ནི་ཕ་གཅིག་སྤུན་མཆེད་འདྲ། །གཅིག་གྲོགས་གཅིག་གིས་བྱེད་ཅིང་གྲོས་ཁ་མཐུན། །འགྲོ་སྲོག་མྱུར་བར་ལེན་ལ་མཐུ་དཔུང་ཆེ།།” ཞེས་གསུངས་པའི་ཕྱིར་དང་། དེ་ནི་རྒྱུད་ཀྱི་ཚིག་ཟིན་ལྟར་གྱི་ཐ་སྙད་སྦྱོར་ཚུལ་ཡིན་ལ། མན་ངག་ལྷན་ཐབས་ཀྱི་གཉན་རིམས་བཅོ་བརྒྱད་དུ་གསལ་བའི་གཉན་རིམས་ངམ་རུར་ངོས་བཟུང་ཡང་མི་འཐད་པ་ཆེར་མ་མཆིས་ཀྱང་། རང་ལུགས་ལ་གཉན་རིམས་ཐོར་བུའི་སྐོར་གྱི་གཉན་འཇོམས་རྡོ་རྗེའི་ཐོག་མདའ་ལ་གསལ་བ་ལྟར་ “གཉན་སྲིན་ནག་པོ་རྩ་རྒྱུགས་” ལ་ངོས་བཟུང་ན་ཧ་ཅང་འཐད་པར་སེམས་ཏེ། གཉན་རིམས་དེ་རྒྱུ་ཚུལ། སེམས་ཅན་ལུས་ལ་ཞུགས་ཚུལ། དོན་ལྔ་སྣོད་དྲུག་སོ་སོར་འཇུག་ཅིང་རྒྱུ་བའི་ནད་རྟགས། རྩ་ཆུའི་ངོས་འཛིན་དང་། སྨན་དང་སྔགས་ཀྱིས་བཟློག་ཚུལ་བཅས་ཏོག་དབྱིབས་རིམས་ནད་འདི་དང་མཚུངས་ཤིང་སྒོ་ཀུན་ནས་མཐུན་ཆེ་བར་སེམས་སོ།།

 

སླར་སྨྲས་པ།

བསྟོད་སྨད་གྲགས་པའི་རྗེས་སུ་མི་འབྲང་བར།།   ཅི་བྱེད་སེམས་ཅན་དོན་ལས་གཞན་མེད་ཅིང་།།

སྒོ་གསུམ་སྦས་པའི་བརྟུལ་ཞུགས་རབ་བཟུང་ནས།།   མཆོག་དམན་ཀུན་གྱི་རེ་བ་བསྐོང་བར་སྨོན།།

ནད་ཀྱི་བསྐལ་པ་དར་བའི་ས་ཕྱོགས་སུ།།   བདག་ཀྱང་སྐྱེ་བའི་མྱུ་གུ་དེར་བཟུང་ནས།།

མཆོག་དམན་ཀུན་གྱི་ནད་རིགས་སེལ་མཛད་པའི།།   སྨན་པའི་རྒྱལ་པོ་ནད་པའི་མགོན་གྱུར་ཅིག །

བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ།།   བདུད་རྩི་སྙིང་པོའི་ཆུ་རྒྱུན་འདིས་འཚོ་ཞིང་།།

མི་ནུབ་བསྟན་པའི་རྒྱལ་མཚན་བསྒྲེངས་པ་ལ།།   བྱང་ཟུར་མཁས་པ་རྣམས་དང་མཚུངས་པར་ཤོག།།

 

སྨན་པའི་མིང་ཙམ་འཛིན་པའི་འོད་མདོ་ནས་ཐུན་གསེང་རྣམས་སུ་ཤར་མར་བྲིས་ཤིང་། བོད་རྒྱལ་ལོ་ ༢༡༤༧ རབ་བྱུང་

༡༧ རབ་གནས་ལྕགས་བྱི་ལོའི་གྲོ་བཞིན་ཟླ་བའི་ཚེས་ ༢༩ རེས་གཟའ་ལྷག་པ། ཆུ་༢ འཕྲོད་པའི་བདུད་རྩི་སྦྱོར་བ།

ཕྱི་ལོ་ 2020 ཟླ་ 9 ཚེས 16 ཉིན་ཕུལ་བ་དགེ་ལེགས་འཕེལ།


འདིར་ནོན། "ཏོག་དབྱིབས་རིམས་ནད་ཀྱི་མིང་འདོགས་ཚུལ་ལ་དཔྱད་པ་"ཞེས་པའི་ PDF ཕབ་ལེན་བྱོས།



མཐའ་མའི་འདོན་ཐེངས་།: 19.09.2020 ཉིན། 4:23 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།