སྨན་རྩིས་དྲ་བ། - ཕྱི་དྲོའི་ཞལ་འདོན།

སྨོན་ལམ་ཐེམ་སྐས་མ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.09.2021
ཕྱི་དྲོའི་ཞལ་འདོན། >>

༄༅། །མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་སྨོན་ལམ་ཐེམ་སྐས་མ་ཞེས་བྱ་བ་བཞུགས་སོ།།

༄༅།།  ན་མོ་གུ་རུ་མཉྫུ་ཤྲི་གྷོ་ཥཱ་ཡ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ཐུགས་རྗེའི་བདག་ཉིད་བླ་མ་དང་།། དཀོན་མཆོག་གསུམ་དང་ཡི་དམ་ལྷ།། ལྷ་ཡི་དྲང་སྲོང་མངོན་ཤེས་ཅན།། ལྷག་པའི་སྨོན་ལམ་འགྲུབ་པར་ཤོག། མིར་གྱུར་དབུས་སུ་སྐྱེས་པ་དང་།། དབང་པོ་ཚང་ཞིང་གནས་ལ་དད།། དེ་བཞིན་ལས་མཐའ་མ་ལོག་པའི།། རང་འབྱོར་ལྔ་དང་ལྡན་པར་ཤོག། སངས་རྒྱས་བྱོན་དང་དམ་ཆོས་གསུངས།། བསྟན་པ་གནས་དང་དེར་རྗེས་འཇུག། གཞན་ཕྱིར་རྟག་ཏུ་སྙིང་བརྩེ་བའི།། གཞན་འབྱོར་ལྔ་དང་ལྡན་པར་ཤོག། དམྱལ་བ་ཡི་དྭགས་དུད་འགྲོ་དང་།། ཚེ་རིང་ཀླ་ཀློ་ལོག་ལྟ་དང་།། སངས་རྒྱས་ཀྱིས་སྟོང་ལྐུགས་པ་སྟེ།། མི་ཁོམ་བརྒྱད་ལས་ཐར་བར་ཤོག། དད་པ་དང་ནི་གཏོང་བ་དང་།། ཐོས་དང་ཚུལ་ཁྲིམས་ཤེས་རབ་དང་།། ཁྲེལ་ཡོད་ངོ་ཚ་ཤེས་པ་དང་།། འཕགས་ནོར་བདུན་དང་ལྡན་པར་ཤོག། ཚེ་རིང་ནད་མེད་བདེ་སྐྱིད་ལ།། གཟུགས་དང་སྐལ་བ་བཟང་དང་རིགས།། ནོར་དང་ཤེས་རབ་དག་དང་བདུན།། ཡོན་ཏན་བདུན་དང་ལྡན་པར་ཤོག། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི།། འཆད་རྩོད་འཁྲུལ་བ་མི་མངའ་བའི།། ཐུགས་རྗེའི་རྒྱུན་ཆད་མེད་པ་ཡི།། བླ་མ་རྣམས་དང་མཇལ་བར་ཤོག། དེས་གསུངས་སོ་ཐར་བྱང་སེམས་དང་།། རིག་འཛིན་སྔགས་ཀྱི་བསླབ་བྱ་རྣམས།། ཇི་ལྟར་མནོས་བཞིན་བསྲུང་བ་དང་།། གོང་ནས་གོང་དུ་འཕེལ་བར་ཤོག། གསལ་སྟོང་དབྱེར་མེད་རྟོག་པ་དང་།། སྣང་སྟོང་ཟུང་དུ་འཇུག་པ་དང་།། བདེ་སྟོང་བླ་ན་མེད་པ་ཡིས།། སྒྲིབ་གཉིས་བག་ཆགས་དག་པར་ཤོག། འདོད་པ་ཆུང་ཞིང་ཆོག་ཤེས་དང་།། བྱང་ཆུབ་སེམས་དང་ལྡན་པ་ཡིས།། ལོག་པའི་འཚོ་བ་ཀུན་སྤངས་ནས།། ཆོས་ཀྱི་འཚོ་བས་འཚོ་བར་ཤོག། གང་ཞིག་དགྲ་བཅོམ་ཕ་མ་གསོད།། མཐུན་པའི་དགེ་འདུན་དབྱེན་བྱེད་ཅིང་།། དེ་བཞིན་གཤེགས་པའི་སྐུ་ཁྲག་འབྱིན།། མཚམས་མེད་ལྔ་ལས་ཐར་བར་ཤོག། མཆོད་རྟེན་བཤིག་དང་བྱང་སེམས་གསོད།། དགེ་སློང་མ་རྣམས་བསུན་འབྱིན་དང་།། སློབ་དཔོན་གསོད་ཅིང་ཆོས་ནོར་བརྐུ།། ཉེས་པ་ལྔ་ལས་ཐར་བར་ཤོག། གསོད་བརྐུ་རྫུན་དང་འདོད་ལོག་སྤྱོད།། ཕྲ་མོ་ཚིག་རྩུབ་ངག་ཀྱལ་སྨྲ།། བརྣབ་སེམས་གནོད་སེམས་ལོག་པར་ལྟ།། མི་དགེ་བཅུ་ལས་ཐར་བར་ཤོག། མནར་མེད་རབ་ཚ་ཚ་བ་དང་།། ངུ་འབོད་ཆེ་དང་ངུ་འབོད་ཆུང་།། བསྡུས་འཇོམས་ཐིག་ནག་ཡང་སོས་ཏེ།། ཚ་དམྱལ་བརྒྱད་ལས་ཐར་བར་ཤོག། ཆུ་བུར་ཅན་དང་ཆུ་བུར་རྡོལ།། སོ་འཐམ་ཨ་ཆུ་ཀྱི་ཧུད་དང་།། ཨུཏྤལ་པདྨ་ཆེས་གས་ཏེ།། གྲང་དམྱལ་བརྒྱད་ལས་ཐར་བར་ཤོག། ཉི་ཚེ་ཉེ་འཁོར་རོ་མྱག་འདམ།། མི་གཙང་འདམ་དང་མེ་མུར་འོབས།། ཆུ་བོ་རབ་མེད་ཤལ་མ་རི།། དེ་དག་གནས་ལས་ཐར་བར་ཤོག། ཕྱི་སྒྲིབ་ཅན་དང་ནང་སྒྲིབ་ཅན།། ཟས་སྐོམ་གཉིས་ཀའི་སྒྲིབ་པ་ཅན།། མེ་ལྕེའི་འཁོར་ལོ་ཅན་ལ་སོགས།། ཡི་དྭགས་གནས་ལས་ཐར་བར་ཤོག། བྱིངས་ན་གནས་དང་ཁ་འཐོར་དང་།། གླེན་ལྐུགས་གཅིག་ལ་གཅིག་ཟ་དང་།། གསོད་གཅོད་བཀོལ་བརྡུང་བྱེད་པ་སྟེ།། དུད་འགྲོའི་གནས་ལས་ཐར་བར་ཤོག། ལྷ་ལ་འཕོ་དང་ལྟུང་བ་དང་།། ལྷ་མ་ཡིན་ལ་འཐབ་རྩོད་དང་།། མི་ལ་སྐྱེ་རྒ་ན་འཆི་སོགས།། སྡུག་བསྔལ་ཀུན་ལས་ཐར་བར་ཤོག། འཇམ་པའི་དབྱངས་ཀྱི་ཤེས་རབ་དང་།། སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང་།། ཕྱག་ན་རྡོ་རྗེའི་མཐུ་སྟོབས་ཀྱིས།། བདེ་བ་ཅན་དུ་སྐྱེ་བར་ཤོག། ཤཱ་རིའི་བུ་ཡི་བསླབ་པ་དང་།། མོའུ་འགལ་བུ་ཡི་རྫུ་འཕྲུལ་དང་།། ཀུན་དགའ་བོ་ཡི་ཐོས་པ་ཡིས།། བདེ་བ་ཅན་དུ་སྐྱེ་བར་ཤོག། ཀླུ་སྒྲུབ་སྙིང་པོའི་མཁྱེན་པ་དང་།། ས་ར་ཧ་བའི་རྟོགས་པ་དང་།། ཤ་བ་རི་ཡི་ནུས་མཐུ་ཡིས།། བདེ་བ་ཅན་དུ་སྐྱེ་བར་ཤོག། འདི་ལྟར་བགྱིས་པའི་བསོད་ནམས་དང་།། བགྱིས་པའི་རྣམ་ཐར་འཁྲུངས་པ་དང་།། བགྱིས་པ་མི་འགྱིད་འགྲོ་བ་ཀུན།། བདག་སོགས་སྨིན་ཅིང་གྲོལ་བར་ཤོག། དཀོན་མཆོག་གསུམ་གྱི་བདེན་པ་དང་།། སངས་རྒྱས་བྱང་སེམས་བྱིན་རླབས་དང་།། ཚོགས་གཉིས་ཡོངས་རྫོགས་མངའ་ཐང་དང་།། ཆོས་ཉིད་བདེན་པས་འགྲུབ་པར་ཤོག། དགེ་བའི་རྟ་ལ་རབ་བཞོན་ནས།། སྨོན་ལམ་སྲབ་ཀྱིས་ཁ་ལོ་བསྒྱུར།། བརྩོན་འགྲུས་ལྕག་གིས་མྱུར་བསྐུལ་ནས།། ཐར་པའི་གླིང་དུ་བགྲོད་པར་ཤོག། སྤངས་རྟོགས་མཐར་ཕྱིན་སངས་རྒྱས་དང་།། ལུང་དང་རྟོགས་པའི་དམ་པའི་ཆོས།། ས་བཅུའི་བྱང་སེམས་དགེ་འདུན་ཏེ།། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག།

          ཅེས་དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྨོན་ལམ་ཐེམ་སྐས་མ་འདི་ཉིད་ཉིན་རེ་བཞིན་དུ་ཚར་རེ་མ་ཆག་པར་བཏོན་ན་བསྐལ་བ་སྟོང་གི་སྡིག་སྒྲིབ་བག་ཆགས་ཐམས་ཅད་བྱང་ཞིང་དག་སྟེ་མྱུར་དུ་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་བཀོད་པར་ཐེ་ཚོམ་མེད་དོ།། །།



 

མཐའ་མའི་འདོན་ཐེངས་།: 24.09.2021 ཉིན། 4:29 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།