སྨན་རྩིས་དྲ་བ། - ཆེད་རྩོམ།

སྨན་རྩིས་ཟུང་འབྲེལ་གྱི་ཁྱད་ཆོས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.05.2021
ཆེད་རྩོམ། >>


༄༅། །སྨན་རྩིས་ཟུང་འབྲེལ་བྱེད་རྒྱུ་ནི་གཞན་ལ་མེད་པའི་ཁྱད་ཆོས་དམིགས་བསལ་ཅན་ཡིན་པའི་སྐོར།

བྱམས་པ་འཕྲིན་ལས།


གོང་དུ་ཞུས་པ་ལྟར་སྨན་རྩིས་རིག་གནས་གཉིས་ནི་འཇིག་རྟེན་ཁམས་ཀྱི་ཉི་ཟླ་དང་འདྲ་བར་སྣོད་བཅུད་བརྟན་གཡོའི་དངོས་པོ་མཐའ་དག་གི་རག་ལས་སའི་རྒྱུ་རྐྱེན་གཙོ་བོ་ཞིག་དང་། ཕྱི་ནང་རྟེན་ཅིང་འབྲེལ་འབྱུང་གི་བྱ་དངོས་ཁྲི་ཕྲག་དུ་མའི་གནད་འགག་ཐུག་ས་འབའ་ཞིག་ཡིན་སྟབས་གངས་ཅན་ལྗོངས་སུ་མིའི་རིགས་ཀྱི་འགྲོ་བ་ཆགས་རྗེས་རང་བྱུང་གི་གནོད་འཚེ་དང་ལུས་ཁམས་ཀྱི་ཟུག་རྔུ་སྣ་ཚོགས་བྱུང་བར་ཕན་བསྟེན་གནོད་སྲུང་གི་ཐབས་ལམ་སྣ་ཚོགས་བཙལ་འཚོལ་བྱེད་པའི་ནང་ཟས་ཀྱི་ཕན་གནོད་དང་། གནམ་གཤིས་ཚ་གྲང་སོགས་ཀྱི་ཆོས་ཉིད་རགས་པ་ནས་ཞིབ་པར་བརྒྱུད་དེ་མཐར་གཉའ་ཁྲི་བཙན་པོའི་སྐབས་ཕན་ཤེས་སྨན་དཔྱད་དང་བསྐོར་ཤེས་རྩིས་མཁན་ལྟ་བུ་སྨན་རྩིས་ཀྱི་ལས་རིགས་དོན་གཉེར་མཁན་གྱི་ཤེས་པ་ཅན་གྱི་མི་སྣ་ཐོན་པ་དང་། ལྷག་པར་དུག་ལ་སྨན་ཡོད་པའི་རྒྱུ་མཚན་དྲངས་ཏེ་དུག་འཇོམས་དབང་རིལ་ཞེས་པ་ཐོག་མར་གསར་རྙེད་བྱུང་ཡོད། དེ་རྗེས་བོད་རྗེ་བྱ་ཁྲི་བཙན་པོའི་སྐབས་ལྷོ་ཁ་ཡར་ལུང་དུ་རྒན་མོ་བལ་མའི་ཟླ་རྩིས་ཞེས་པ་བྱུང་སྟེ་མཐོ་བའི་ཟླ་བའི་འཕེལ་འགྲིབ་གཙོ་བོར་བྱས་ཏེ་ལོ་འཁོར་དུས་བཞིའི་ངོས་འཛིན་དང་ཕྱོགས་མཚུངས་ཉི་མའི་ལྷོ་བྱང་གི་འགྲོས་ལ་བརྟེན་ནས་དབྱར་དགུན་གྱི་མཚོན་རྟགས་ངོས་འཛིན་བྱེད་པའི་རིག་པ་རྙེད་པའི་ཁར་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་བརྟག་པ་སྣ་ཚོགས་དཔེར་ན་བྱ་དང་ཤིང་ལ་བརྟག་པ་ལྷོ་མོན་རྩིས་སྐར་དང་རླུང་ལ་བརྟག་པ་བྱང་པའི་རྩིས། གངས་དང་འཁྱགས་ལ་བརྟག་པ་སྟེང་པའི་རྩིས། རི་ཕྱུགས་མཚོ་ལ་བརྟག་པ་གམ་འབྲོག་རྩིས། ཉི་ཟླའི་འགྲོ་ལམ་བརྟག་པ་བོན་ཞང་རྩིས་ཞེས་པ་སོགས་གནམ་རིག་སྐར་རྩིས་ཀྱི་ནང་དོན་ཇེ་ལེགས་ཇེ་བཟང་དུ་གྱུར་པ་དང་། ཐོ་ཐོ་རི་གཉན་བཙན་སྐབས་སྨན་པ་དུང་གི་ཐོར་ཅོག་ཅན་གངས་ལྗོངས་སུ་བྱོན་ནས་གསོ་དཔྱད་བསྟན་པ་དར་རྒྱས་ཀྱི་ཕྱོགས་སུ་འགྲོ་བའི་འགོ་བརྩམ། གནམ་རི་སྲོང་བཙན་སྐབས་རྒྱ་ནག་ནས་རྩིས་ཀྱི་རིག་པ་ཐོག་མར་བོད་ཡུལ་དུ་ཁྱབ་པ་དང་། ལྷག་པར་ཆོས་རྒྱལ་སྲོང་བཙན་གྱི་སྐུ་དུས་རྒྱ་བཟའ་ཀོང་ཇོས་སྤོར་ཐང་རྩིས་ཀྱི་དཔེ་ཆ་ཁག་གཅིག་བསྣམས་པ་མ་ཟད་སྨན་དཔྱད་ཆེན་མོ་ལྟ་བུ་ཀྲུང་དབྱིའི་གསོ་རིག་གཞུང་ལུགས་བོད་ཡིག་ཏུ་བསྒྱུར་ནས་སྔར་ཡོད་ཞང་བོད་སྨན་རྩིས་རིག་པའི་གྲུབ་འབྲས་ཀྱི་རྨང་གཞིའི་ཐོག་དེ་དག་ཡར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཤུགས་ཆེན་ཐོན་ཡོད། དེ་ནས་མེས་ཨག་ཚོམ་དང་ཁྲི་སྲོང་རྣམ་གཉིས་ཀྱི་ཐུགས་བསྐྱེད་རྣམ་པར་དག་པ་ལས་སྨན་རྩིས་རིག་པ་ཧ་ཅང་དར་རྒྱས་བྱུང་བ་མ་ཟད་གྱིམ་ཤིང་ཀོང་ཇོས་བསྣམས་པའི་སྨན་དཔྱད་ཟླ་བའི་རྒྱལ་པོ་དང་སྨན་རྒྱལ་གཡུ་ཐོག་པས་མཛད་པའི་གསོ་རིག་རྒྱུད་བཞི་གཉིས་ཀྱི་ནང་དུ་སྨན་དཔྱད་དང་སྤོར་ཐང་རྩིས་རིག་གི་ནང་དོན་ཡང་མཉམ་དུ་འདྲེས་ཡོད་པ་མཇལ་རྒྱུ་ཡོད། རྒྱུ་མཚན་དེ་ལས་བརྟེན་ནས་སྨན་རྩིས་མཁས་དབང་དཔལ་སྤུངས་དབོན་ཀརྨ་ངེས་ལེགས་བསྟན་འཛིན་གྱིས་བརྩམས་པའི་རྩིས་གཞུང་ཉེར་མཁོ་བུམ་བཟང་ལས། གཞན་ཡང་མཁས་གྲུབ་གཡུ་ཐོག་པས། །འཕགས་ཡུལ་རྒྱ་ནག་ཆུ་བཞིན་ཉུལ། །ཀུན་གྱི་བཅུད་བསྡུས་རྒྱུད་བཞི་བརྩམས། །ཁྱད་པར་ཕྱི་རྒྱུད་རྩ་ཆུའི་སྐབས། །ཚོན་ཀན་ཆག་གི་མིང་སོགས་དང་། །མ་བུ་དགྲ་གྲོགས་སྐོར་འགོ་དང་། །ཆུ་ནི་སྲིད་པའི་རུས་སྦལ་སོགས། །རྒྱ་ནག་ལུགས་ཉིད་སོར་བཞག་ནས། །དུས་བརྒྱད་གཟེར་བཞིའི་གཏན་ཚིགས་བཀོད། །འདི་ལ་རྒོལ་དུ་གཞན་མ་ནུས། །གསོ་དཔྱད་ལོ་འགོ་ཞེས་ཏེ་བཅུག །ཅེས་གསུངས་པ་དང་། སྨན་དཔྱད་ཟླ་བའི་རྒྱལ་པོའི་ནང་དུའང་དུས་རྩའི་མཚན་ཉིད་མ་བུ་དགྲ་གྲོགས་ཀྱི་སྐོར་འགོ་བརྩི་སྟངས་འཁོད་ཡོད།

སྤྱི་ལོ་ ༡༠༢༧ ལོར་དཔལ་དུས་ཀྱི་འཁོར་ལོ་བོད་དུ་དར་ནས་སྨན་རྩིས་གཉིས་ཀྱི་གོ་དོན་ཟབ་མོ་རྟོགས་པར་བྱེད་པའི་རྒྱུད་འགྲེལ་མན་ངག་དང་བཅས་པ་རྭ་འབྲོ་ཤོང་སོགས་ཀྱི་དྲིན་ལས་དར་སྤེལ་བྱུང་ཞིང་ཁྱད་པར་ཕྱི་དང་ནས་གི་དུས་ཀྱི་འཁོར་ལོ་ནི་རྟེན་ཅིང་འབྲེལ་འབྱུང་གི་ཚུལ་དུ་གནས་པའི་སྐོར་ཇི་ལྟར་ཕྱི་རོལ་དེ་བཞིན་ནང་ཞེས་དང་། མཁས་པའི་གསུང་ལས། རྟེན་ཞེས་ཆོས་ཉིད་མི་དོར་ལ། །འབྲེལ་ཞེས་འཇིག་རྟེན་ཚུལ་དང་མཐུན། །ཞེས་གསུངས་པ་ནི་ཡང་དག་པའི་ཕྱོགས་བསྡོམས་གནང་བ་ཞིག་རེད།

དེ་ནས་སྤྱི་ལོ་ ༡༡༨༢ ལོར་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ཞེས་སྙན་གྲགས་རྒྱ་མཚོའི་ཕ་རོལ་དུ་སོན་པ་འདི་ཉིད་འཁྲུངས་པ་དང་དགུང་ལོ་བདུན་ཅུ་ལྷག་ཙམ་འཚོ་ཞིང་བཞེས་པའི་རིང་ལ་བོད་ཀྱི་རིག་གནས་གོང་འཕེལ་གྱི་ཐད་ལ་མི་ནུབ་པའི་མཛད་རྗེས་རླབས་པོ་ཆེ་བཞག་གནང་མཛད་ཡོད། སྔོན་དུས་བོད་ཡུལ་འདིར་རིག་གནས་ཆ་ཤས་ཙམ་གྱི་འགྱུར་དང་བཤད་པ་མཛད་མཁན་མང་དུ་བྱུང་མོད། བདག་ཉིད་ཆེན་པོ་ས་སྐྱ་པཎྜིཏ་མ་བྱོན་གོང་དུ་ནི་རིག་གནས་བཅུའི་སྲོལ་ཆེར་མ་དར། དཔེར་ན་ནོར་བུ་རིན་པོ་ཆེ་རྡོག་མ་ཕུལ་དུ་ཕྱིན་པ་ཡོད་ཀྱང་དེ་ཉིད་ལ་བུག་པ་ཕུག་སྟེ་སྲད་བུ་བརྒྱུ་བའི་ལམ་མེད་ན་ལྷ་དང་མི་རྣམས་ཀྱི་མགྲིན་པའི་རྒྱན་དུ་ཅི་ཡང་བྱེད་མི་ནུས། གལ་ཏེ་དེ་ཉིད་ལ་བཟོ་བོ་མཁས་པས་རྡོ་རྗེ་ཕ་ལམ་གྱིས་བུག་པ་ཕུག་ཟིན་ན་དར་ལ་སོགས་པའི་སྐུད་པ་འཇམ་པོས་ཀྱང་རིན་པོ་ཆེ་རྣམས་ཕྲེང་བར་བྱས་ནས་མགྲིན་པའི་རྒྱན་དུ་བྱེད་ནུས་པ་ལྟར་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏའི་རྣམ་པར་དཔྱོད་པའི་བློ་གྲོས་ཕ་ལམ་གྱི་ཟེགས་མས་རིག་གནས་རྣམ་བཅུའི་ནོར་བུ་བརྗོད་དོན་ལེགས་པར་འབྱེད་པའི་བུག་པའི་སྣང་བས་སྲོལ་མ་ཕྱེ་ན་བོད་ཀྱི་བློ་གསལ་རྣམས་ཀྱི་མགྲིན་པའི་རྒྱན་དུ་རྔོ་གང་ཡང་ཐོགས་པ་མིན་ལ། དེའི་ཕྱིར་བདག་ཉིད་ཆེན་པོར་སྲོལ་བཏོད་དེ་རིག་གནས་བཅུའི་ནོར་བུའི་ཕྲེང་བས་རང་ཅག་རྣམས་ཀྱི་མཛེས་པར་བྱེད་པ་ནི། ཤིང་རྟའི་སྲོལ་འབྱེད་ས་སྐྱ་པཎྜི་ཏ་ཡིན་ཞེས་ཕྱོགས་ཀྱི་དགའ་མའི་རྣ་ལུང་དུ་མཛེས་པ་བྱེད་པ་ཡིན་པའི་སྐོར་ངག་རིག་པ་དགྲ་འདུལ་དབང་པོས་མཛད་པའི་<<ཐ་སྙད་རིག་གནས་ལྔ་ཇི་ལྟར་བྱུང་བའི་ཚུལ་གསལ་བར་བྱེད་པ་བློ་གསལ་མགྲིན་རྒྱན་ལེགས་བཤད་ནོར་བུའི་ཕྲེང་བ་>>ལས་གསལ་བ་དང་། དེ་ནས་བཟུང་གངས་ཅན་ཡོངས་ལ་བཅུ་ཕྲག་རིག་པའི་གནས་ཞེས་མཁས་པ་ཡོངས་ཀྱི་ཡང་དག་པའི་སྒོ་ནས་རིག་གནས་ཆེ་ཆུང་མཐའ་དག་འཆད་ཉན་དར་སྤེལ་གྱི་སྲོལ་བཟང་བྱུང་ཏེ་མི་རིགས་ཆེ་ཆུང་མཐའ་དག་འཆད་ཉན་དར་སྤེལ་གྱི་སྲོལ་བཟང་བྱུང་ཏེ་མི་རིགས་རང་ཉིད་ཀྱི་ཤེས་རིག་ཡར་རྒྱས་ཕྱིན་པ་སྔོན་ནས་ད་བར་གྱི་དངོས་ཡོད་གནས་ཚུལ་ངོ་མས་གསལ་བཤད་བྱེད་ཐུབ་པ་ཞིག་ཡིན་ནོ།།

དེ་ལྟར་ས་སྐྱ་པཎྜི་ཏས་བཅུ་ཕྲག་རིག་པའི་གནས་ཀྱི་ལམ་སྲོལ་བཟང་པོ་འདི་ཉིད་ཀྱི་ཉེར་ལེན་ལས་ཤེས་བྱ་སྤྱི་དང་ཡང་སྒོས་སྨན་རྩིས་གཉིས་ལ་མངའ་བརྙེས་པའི་མཁས་དབང་ནམ་མཁའི་སྐར་ཚོགས་ལྟར་ཡོད་པ་ལས་གཤམ་དུ་སྨན་རྩིས་བསྟན་པའི་གཙུག་རྒྱན་གཙོ་ཆེ་བ་རྣམས་ཀྱི་གནས་ཚུལ་ཞུས་ན་ཀརྨ་རང་བྱུང་རྡོ་རྗེ་དང་། མཁས་གྲུབ་ཨོ་རྒྱན་པ། ཀུན་མཁྱེན་དོལ་པོ་སངས་རྒྱས། འགོས་ལོ་ཡིད་བཟང་རྩེ་པ། བོ་དོང་ཕྱོགས་ལས་རྣམ་རྒྱལ། བྱང་པ་རྣམ་རྒྱལ་གྲགས་བཟང་། ཟུར་མཁར་བློ་གྲོས་རྒྱལ་པོ། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། མི་དབང་པཎྜིཏ་སངས་རྒྱས་རྒྱ་མཚོ། སི་ཏུ་པཎ་ཆེན། དེའུ་དམར་བསྟན་འཛིན་ཕུན་ཚོགས། སུམ་པ་ཡེ་ཤེས་དཔལ་འབྱོར། ཀརྨ་ངེས་ལེགས་བསྟན་འཛིན། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ་སོགས་ཀྱི་སྨན་རྩིས་ཟུང་འབྲེལ་གྱི་སྒོ་ནས་བསྟན་པ་དང་འགྲོ་བ་ལ་ཕན་བདེ་བླ་ན་མེད་པ་བསྩལ་བར་བརྟེན་རྗེས་འཛིན་རིག་པ་དང་བླང་དོར་གསལ་བར་སྟོན་པའི་དཀར་ནག་རྩིས་ཀྱི་རིག་པ་གཉིས་པོ་རྩ་བ་ཟབ་ལ་སྡོང་པོ་བརྟན་པ་ལྟ་བུའི་རྨང་གཞི་ཚུགས་སྟེ་གྲངས་དང་ཚད་ཀྱིས་བཟུང་བར་དཀའ་བའི་སྨན་རྩིས་རིག་པ་སྨྲ་བ་རྣམས་ཀྱི་འཆད་ཉན་རྒྱུད་འཛིན་དང་དངོས་སློབ་སྐྱེད་བསྲིང་། གཞུང་འགྲེལ་གསར་རྩོམ་གནང་བ་བཅས་ནི་རང་ཅག་ཕྱི་རབས་ཚོའི་སོར་བཅུའི་འདབ་མ་སྙིང་གར་ཟུམ་སྟེ་བཀའ་དྲིན་རྗེས་དྲན་གྱི་བསམ་ཚུལ་བཅངས་ནས་སྤྱི་བོའི་གཙུག་ཏུ་བཀུར་ཞིང་ཡོད་པ་ནི་ཡ་རབས་དམ་པའི་སྤྱོད་ཚུལ་རྣམ་པར་དག་པ་ཞིག་ཡིན་པ་དེ་ལྟར་དང་།

དུས་ཕྱིས་རྒྱལ་བ་ྋསྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་གཟིགས་བསྐྱངས་བླ་ན་མེད་པའི་བཀའ་དྲིན་ལས་བོད་ཀྱི་རིག་གནས་སྤྱི་དང་སྒོས་སུ་སྨན་རྩིས་གཉིས་པོས་ཡུལ་ལུང་ཡར་རྒྱས་དང་སྐྱེ་འགྲོའི་ཕན་བདེའི་སྲོག་སྲུང་ཉག་གཅིག་ལ་དགོངས་ཏེ་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གི་སྟེང་དུ་ལྷ་ས་སྨན་རྩིས་སློབ་གྲྭ་གསར་འཛུགས་གནང་ནས་བཟུང་སྨན་རྒྱལ་མི་ཡིས་གར་རོལ་བཀྲས་ཁང་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང་དང་དྲན་དབང་རྡོ་རྗེ་རྒྱལ་མཚན་སོགས་ཀྱི་ཞབས་པད་ཡུན་དུ་བསྟེན་ནས་མཁས་པའི་སྙན་གྲགས་ས་སྟེང་དུ་ཁྱབ་པའི་སློབ་དཔོན་མཁས་དབང་མཁྱེན་རབ་ནོར་བུ་མཆོག་གིས་སློབ་གྲྭའི་དབུ་འཛིན་དང་འཆད་ཉན་བྱ་གཞག་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་གྲུབ་པར་མཛད་དེ་སྔར་ཡོད་ལྕགས་རི་འགྲོ་ཕན་གླིང་གི་ཁྱད་ཆོས་ཇི་མ་ཇི་བཞིན་བརྒྱུད་འཛིན་གནང་བ་དང་འབྲེལ་སྨན་རྩིས་སློབ་གྲྭའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་སྨན་རྩིས་ཟུང་འབྲེལ་གྱི་མི་སྣ་གསོ་སྐྱོང་གནང་རྒྱུར་ཐབས་ལམ་བཟང་པོ་མང་དག་ཅིག་ཕྱག་ལེན་གནང་བར་གྲུབ་འབྲས་གཟེངས་སུ་ཐོན་པ་བྱུང་སྟེ་སྐུ་ཚེ་འདིར་(སྨན་རྩིས་གཉིས་ལྡན་དང་སྨན་པ་རྩིས་པ་བཅས)དངོས་སློབ་དང་ཡང་སློབ་བཅས་ཁྱོན་མི་གྲངས་ཆིག་སྟོང་ལྷག་ཙམ་བསྡུས་ཡོད། ཁྱད་པར་དུ་སློབ་གྲྭ་བ་ཚོར་སློབ་སྦྱོང་ལ་སྐུལ་ལྕག་དང་ཐོས་བསམ་གོང་འཕེལ་ཡོང་ཕྱིར་སློབ་ཐོན་ལག་འཁྱེར་དམིགས་བསལ་གྱིས་སྤྲོད་སྲོལ་ཡོད་ལ། གལ་ཏེ་སྨན་རྩིས་གཉིས་ལྡན་ཐོན་པ་ཡིན་ན་སློབ་ཐོན་ལག་ཁྱེར་ཐོག་ལཉྫའི་ཡི་གེ་བྷེ་ཥ་ཛེ་(སྨན་པ་)ཞེས་པ་དང་ག་ཎི་(རྩིས་པ་)ཞེས་འཁོད་པའི་དམ་ཕྲུག་གཉིས་ལྡན་གསོལ་རས་བསྩལ་གྱི་འདུག སྔོན་ཆད་སྨན་རྩིས་ཁང་གི་སློབ་ཡུན་སྐོར་ལ་དང་ཐོག་ལོ་དྲུག་ཡིན་པ་དང་། རྗེས་སུ་སྨན་རྩིས་ཀྱི་གཞུང་དང་ལག་ལེན་རྒྱ་ཆེ་བ་དང་ནང་དོན་གཏིང་ཟབ་པ། སློབ་དེབ་མང་ཕྱིན་པའི་རྐྱེན་གྱིས་སྨན་རྩིས་གཉིས་ལྡན་བསླབ་ན་ལོ་དགུའི་རིང་ལ་སློབ་སྦྱོང་བྱེད་དགོས་པའི་གཏན་འབེབས་ཀྱང་གནང་དགོས་བྱུང་། གོང་གསལ་སྨན་རྩིས་ཁང་ནས་སློབ་གྲྭ་ཐོན་པའི་གྲྭ་པ་ཡིན་པ་རྣམས་སྔར་གྱི་དགོན་སྡེ་སོ་སོར་ཕྱིར་ལོག་པ་དང་། བོད་དམག་ཡིན་ན་དམག་སྒར་སོ་སོར་ལོག་ནས་རང་འཁྲིའི་སྨན་རྩིས་ཀྱི་བྱ་གཞག་བསྒྲུབ་དགོས་པའི་ལས་འགན་བཀོད་སྒྲིག་ལྟར་བྱེད་རྒྱུ་ལས་རང་སྣང་གང་ཤར་གྱི་རིགས་གཏན་ནས་ཆོག་གི་མེད། བྱེད་ཐབས་དེས་གང་ནས་ཡོང་ན་དེ་གར་ལོག་རྒྱུ་དང་གང་ལ་སྦྱངས་པ་གང་ལྟར་བེད་སྤྱོད་བྱ་རྒྱུར་དུས་དེར་ཕན་ནུས་ལྡན་པའི་ངང་ནས་སྨན་དཔྱད་ཀྱི་འགྲོ་དོན་སྐྱོང་བ་དང་། རྩིས་རིག་གིས་བླང་དོར་མ་ནོར་བར་བཏོན་ནས་འགྲོ་ལ་ཕན་བདེའི་བྱ་གཞག་ཟམ་མ་ཆད་པར་སྟོན་སྟབས་སྨན་རྩིས་གཉིས་ལྡན་གྱི་སྙན་གྲགས་ཆེ་ཞིང་མང་ཚོགས་ཀྱི་ཡིད་ཆེས་བརྟན་པོ་བྱེད་པ་བཅས་ཀྱིས་ལྷ་ས་སྨན་རྩིས་ཁང་དེ་བཞིན་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་ཐུབ་པའི་དགེ་མཚན་ཐོན་པ་ཡིན། མ་གཞི་སྤྱི་ཚོགས་རྙིང་པའི་སྐབས་བོད་ཀྱི་ཆབ་སྲིད་ལམ་ལུགས་དང་ཐོན་སྐྱེད་འབྲེལ་བ། འཚོ་བའི་ཆ་རྐྱེན་གང་ཅིར་ཧ་ཅང་གི་ཐབས་ཞན་ཡིན་པའི་ཁར་ང་ཚོའི་སྨན་རྩིས་ཁང་གི་སྐབས་དེའི་མཐུན་རྐྱེན་དང་། ཐོབ་ཐང་། སྒྲིག་ཆས་སོགས་ད་ལྟ་དང་བསྡུར་ན་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་ཞུ་མ་དགོས་པ་ཞིག་རེད། སྤྱི་ཚོགས་རྙིང་པ་དབུལ་ཕོངས་རྗེས་ལུས་ཀྱི་དུས་སྐབས་དེ་ལྟ་བུའི་ནང་དུའང་སྨན་རྩིས་རིག་གནས་ཀྱི་རྩ་བ་མ་བརླགས་པར་ད་དུང་གང་ལ་གང་འཚམ་གྱི་བརྒྱུད་འཛིན་འཕེལ་རྒྱས་བྱུང་བ་དང་། ད་ཆ་ཏང་དང་སྲིད་གཞུང་གི་བྱམས་བརྩེའི་གཟིགས་བསྐྱངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཕུལ་དུ་བྱུང་བའི་ལམ་ལུགས། མི་རིགས་སྲིད་ཇུས་ཀྱི་ཡང་དག་པའི་མཛད་ཕྱོགས། རྒྱ་ཆེའི་མི་དམངས་ཀྱི་རྒྱབ་སྐྱོར་ཟབ་མོ་བཅས་དང་ལྷག་པར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས་བཟུང་གཡོན་ཐལ་གྱི་ལམ་ཕྱོགས་དང་ལོ་བཅུའི་གོད་ཆག་གིས་བཟོས་པའི་གནོད་འཚེ་མཐའ་དག་ཡོངས་སུ་བསལ་ཏེ། མི་རིགས་དང་། ཆོས་ལུགས། ཤེས་ཡོན་ཅན་གྱི་སྲིད་ཇུས་བཟང་པོ་སྤྲིན་བྲལ་གྱི་ཉི་མ་དང་འདྲ་བར་འོད་ཟེར་ལྷམ་མེར་འཕྲོས་ཏེ་ཉེན་སྐྱོན་མིན་པའི་རིགས་རྣམས་ཡོངས་སུ་བསལ་ནས་མི་རིགས་ཁག་གི་མི་དམངས་རྣམས་ཀྱང་བློ་མཐུན་ཅང་ཙེ་མིན་གྱི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཡང་དག་པའི་དབུ་ཁྲིད་འོག་རྒྱལ་ཡོངས་མི་དམངས་རྣམས་དགའ་དགའ་སྐྱིད་སྐྱིད་ངང་ནས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བྱེད་པའི་དུས་སྐབས་བཟང་པོ་འདི་འདྲ་ཡོད་དུས་སེམས་ཤུགས་སྔར་ལས་ཆེ་བའི་སྒོ་ནས་སྨན་རྩིས་རིག་གནས་ཀྱི་བྱ་གཞག་གོང་འཕེལ་དུ་གཏོང་བ་ལས་ཉམས་མེད་དུ་བཏང་ན་ཧ་ཅང་ངོ་གནོང་བའི་ལས་ཀ་དང་མི་རབས་རྗེས་མས་ཁ་བརྡུངས་གཏོང་རྒྱུ་ངེས་ཅན་ལ་དེ་ལྟར་མི་བྱུང་བར་ཚང་མས་དཀའ་སྤྱད་ཐུགས་བསམ་ལྷོད་གཡེང་དུ་མི་འགྲོ་བ་མཁྱེན། མཁྱེན།།

 

-འདི་ནི་<<བྱམས་པ་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།>> ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་ཞུས་པའི་དེབ་ནས་ཟུར་འདོན་ཞུས།

 

 

 


  

 

 

མཐའ་མའི་འདོན་ཐེངས་།: 05.05.2021 ཉིན། 2:56 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།