སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ།

སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཁག

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 12.04.2016
སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>

དྷ་སྟེང་ཡན་ལག་སྨན་ཁང་།  

༡༽མགོ་བཙུགས་དུས་དང་ཆགས་ཡུལ།

ངྷ་སྟེང་ངམ་མེག་ལོཌ་གནཇ་ནི་ཕྱི་ལོ་ ༡༩༦༡ ལོར་གསར་འཛུགས་གནང་བར་ངོས་འཛིན་དགོས་ཤིང་། དེ་ཡང་ཅོབ་ར་ཧོ་སུ་ཞེས་པར་སྨན་སྦྱིན་སློབ་ཁང་བཙུགས་དུས་དམིགས་བསལ་ཡན་ལག་སྨན་ཁང་ལོགས་སུ་མེད་ཀྱང་སྨན་སྦྱིན་ཁང་གི་སྐབས་ནད་པ་བསྟེན་གཏུག་བྱེད་མཁན་རྣམས་ལ་བརྟག་དཔྱད་སྨན་བཅོས་གནང་བ་སོགས་ཀྱི་རྒྱུན་མཐུད་ནས་ད་ལྟའི་ཆགས་ཡུལ་ངྷ་སྟེང་འདིར་གནས་སྤོས་པ་ཡིན་པ་ལས་རྡ་སྟེང་དུ་ཡན་ལག་སྨན་ཁང་གསར་དུ་བཙུགས་པ་མིན་པས་ཞིབ་ཕྲའི་ལོ་རྒྱུས་དེབ་ཕྲེང་སྔ་མའི་ནང་དུ་གསལ།

༢༽འཕེལ་རིམ།

ཕྱི་ལོ་ ༡༩༦༠ ལོར་ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་མ་སུ་རི་ནས་པཎ་ཇབ་ ༼སྐབས་དེ་དུས༽ མངའ་སྡེའི་ཁོངས་ངྷརྨ་ཤཱ་ལཱར་གནས་སྤོས་ཀྱིས་ྋགོང་ས་མཆོག་གི་བཞུགས་སྒར་དང་། བཙན་བྱོལ་བོད་གཞུང་དབུས་ལས་ཁུངས་ཁག་གི་བསྟི་གནས་བྱས་པ་ནས་བཟུང་། འཛམ་གླིང་ཤར་ནུབ་ཀུན་གྱི་མི་རིགས་འདུ་འཛོམས་བྱེད་ཡུལ་དང་། ཚོང་འབྲེལ་དང་འགྲིམ་འགྲུལ། བརྡ་འཕྲིན་སོགས་ཀྱི་མཐུན་རྐྱེན་མ་ཚང་བ་མེད་པའི་ཡུལ་སྐོར་སྤྲོ་འཆམ་གྱི་བསྟི་གནས་ཤིག་ཏུ་གྱུར་བ་མ་ཟད། ངྷརྨ་ཤཱ་ལཱ་ཞེས་དེ་སྔ་དབེན་པའི་རི་གྲོང་དེ་ཡང་ྋགོང་ས་མཆོག་གི་མཛད་འཕྲིན་དང་འགྲོགས་ཏེ་མཚན་སྙན་གྱི་བ་དན་འཛམ་གླིང་ཟླུམ་པོའི་འདིའི་མཁའ་ལ་འཕྱོ་བའི་ཡུལ་གྲུ་ཞིག་ཏུ་གྱུར་ཡོད་པ་རེད། དེ་དང་ཕྱོགས་མཚུངས་སྨན་རྩིས་རིག་པའི་འཕྲིན་ལས་ཀྱང་ལོ་ཟླ་རེ་རེའི་ནང་ཡར་རྒྱས་ཀྱི་གོམ་ཁ་བསྒྱུར་མགོ་བརྩམས་ཡོད་ཅིང་།  དེ་ཡང་སྨན་སྦྱིན་ཁང་གི་གནས་བབ་ལས་ཅུང་ཟད་གཞི་རྒྱ་ཆེ་རུ་གྱུར་ཏེ་མེག་ལོཌ་རུ་གནས་སྤོས་ཀྱིས་ལོ་ངོ་གང་འཚམས་རིང་ཤིང་ཁང་ཐོག་བརྩེགས་གསུམ་ཅན་དེའི་ནང་ནད་པ་བརྟག་དཔྱད་དང་སྨན་བཅོས་བྱས་ཏེ་ནད་པ་མང་པོ་སྡུག་བསྔལ་ནད་ལས་ཐར་ཐབས་ལ་འབད་བརྩོན་གང་ནུས་ཞུས་པ་དང་བསྟུན་ནས་བོད་སྨན་ལ་ཉམས་ཞིབ་དང་།  བསྟེན་གཏུགས་བྱེད་མཁན་ཇེ་མང་དུ་ཕྱིན་པ་དང་ཕྱོགས་མཚུངས་སྨན་རྩིས་ཁང་ནས་ཀྱང་དེ་བསྟུན་གྱིས་སྨན་ལས་པ་འཕར་སྣོན་དང་། སྨན་ཁང་རྒྱ་སྐྱེད་དགོས་པར་དམིགས་ཏེ། དེ་སྔའི་ཤིང་ཁང་ཐོག་རྩེག་གསུམ་ལྡན་དེ་བདེ་དོན་ལ་ཚོང་བསྒྱུར་གྱིས་བོད་གཞུང་ཟློས་གར་སྲང་ལམ་འོག་ཏུ་སྨན་ཁང་གསར་རྒྱག་གི་ཨར་ལས་མགོ་འཛུགས་བྱས་ཏེ་ཐོག་རྩེག་དང་པོ་གྲུབ་ཙམ་གྱི་མཚམས་སུ་ས་གནས་གྲོང་སྡེ་ལས་ཁུངས་ནས་ཡིག་ཆ་འགྲིག་མིན་ལ་བསྙད་དེ་ཨར་བརྒྱབ་ཆོག་མིན་གྱི་རྙོག་གླེང་བྱུང་བར་བརྟེན། ལོ་ཤས་རིང་ཡན་ལག་སྨན་ཁང་དང་དབུས་འཛིན་སྐྱོང་ཡིག་ཚང་ལ་མཛད་དཀའ་ཆེན་པོ་འཕྲད་དེ་ཨར་ལས་མཇུག་སྐྱོང་མ་ཐུབ་པར། གྲུབ་ལ་མ་གྲུབ་པའི་ཁང་བ་དེ་རང་ལ་ལོ་གཉིས་རིང་སྨན་ཁང་ཚུགས་དགོས་བྱུང་བ་རེད། 

དེ་རྗེས་སྨན་རམས་པ་པདྨ་རྡོ་རྗེ་མཆོག་སྨན་རྩིས་ཁང་གི་དྲུང་ཆེར་ཕེབས་རྗེས། ཁོང་ནས་ཐབས་ཇུས་སྣ་ཚོགས་སྤྱད་དེ་རྒྱ་གར་གཞུང་གི་དམིགས་བསལ་སྐུ་ཚབ་ལས་ཁུངས་དང་། རྫོང་དཔོན། གྲོང་སྡེ་འཆར་འགོད་ཡིག་ཚང་། གྲོང་སྡེ་ལས་ཁུངས་སོགས་འབྲེལ་ཡོད་ལས་ཁུངས་ཁག་དང་། དཔོན་རིགས་ཁག་ལ་འབྲེལ་གཏུགས་རིམ་པར་བྱས་པ་བརྒྱུད་ཕྱི་ལོ་ ༢༠༠༢ ལོར་ཨར་ལས་མཇུག་སྐྱོང་ཆོག་པའི་བཀའ་འཁྲོལ་བྱུང་བ་དང་བཞིན་སྨན་ཁང་དང་ལས་ཤག་གསར་རྒྱག་གྲུབ་སྟེ་ཕྱི་ལོ་ ༢༠༠༢ ཡས་མས་སུ་སྨན་ཁང་འདིར་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་སྣ་ཚོགས་ནས་ཕེབས་པའི་ནད་པ་ཉིན་རེར་ཆ་སྙོམས་བརྒྱ་ཕྲག་ཙམ་བསྟེན་གཏུགས་བྱེད་པར་ཡོང་བཞིན་ཡོད་པ་རེད།

༣༽ད་ལྟའི་གནས་སྟངས།

སྨན་ཁང་འདིར་སྨན་པ་གསུམ་དང་། སྨན་སྤྲོད་རྩིས་པ་སོགས་ལས་བྱེད་ལྔ། གླ་བ་གཅིག་བཅས་ཁྱོན་བསྡོམས་སྨན་ལས་གྲངས་དགུ་ཡོད། ཉིན་རེར་བསྟེན་གཏུགས་བྱེད་མི་ནད་པ་གྲངས་ ༡༡༩ ཙམ་ཡོད་ཅིང་། བསྟེན་གཏུགས་བྱེད་མི་རྒྱ་གར་དང་བོད་པ་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་ཡུལ་སྐོར་སྤྲོ་འཁྱམ་པ་བཅས་ཡིན་འདུག

ཡན་ལག་སྨན་ཁང་འདིས་ཟླ་རེ་བཞིན་འཆར་ཅན་རྡ་སྟེང་བོད་ཁྱིམ་སློབ་གྲྭ་དང་། རྒན་གསོ་ཁང་། ཀིརྟི་བྱེས་པ་གྲྭ་ཚང་བཅས་སུ་སྨན་སྐོར་བྱེད་མུས་ཡིན། སྨན་ཁང་འདི་ལ་ད་ལྟའི་ཆར་སྨན་ལས་རྣམས་ལ་སྤྱི་ཐབ་ཀྱི་མཐུན་ཙམ་ལས་རླངས་འཁོར་སོགས་ཀྱི་མཐུན་རྐྱེན་གཞན་མེད།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་ཡེ་ཤེས་དོན་ལྡན། ༡༩༦༡ ནས་ ༡༩༦༦

༢། སྨན་པ་བློ་བཟང་བཀྲ་ཤིས། ༡༩༦༦  ནས་ ༡༩༧༥།༦།༢༦

༣། སྨན་པ་ཟླ་བ་སྒྲོལ་མ། ༡༩༧༥།༧།༡ ནས་ ༡༩༨༡

༣། སྨན་པ་པདྨ་རྡོ་རྗེ། ༡༩༨༢ ནས་ ༡༩༨༣

༣། སྨན་པ་ཟླ་བ་སྒྲོལ་མ། ༡༩༨༣ ནས་ ༡༩༩༠།༡༢།༢༦

༤། སྨན་པ་བློ་བཟང་ཚུལ་ཁྲིམས། ༡༩༩༡།༡།༡ ནས་༡༩༩༤།༨།༡༨

༦། སྨན་པ་ཟླ་བ་སྒྲོལ་མ། ༡༩༩༤།༨།༢༠ ནས་ ༡༩༩༨།༦།༢༥

༧། སྨན་པ་ཚེ་རིང་མཚོ་མོ། ༡༩༩༨།༦།༢༦ ནས་ ༢༠༠༡།༣།༡༠

༨། སྨན་པ་ཡེ་ཤེས་རྡོ་རྗེ། ༢༠༠༡།༣།༡༨ ནས་ གནང་མུས།

 

རྡོ་རྗེ་གླིང་ཡན་ལག་སྨན་ཁང་།

༡༽མགོ་བཙུགས་དུས་དང་ཆགས་ཡུལ།

རྡོར་གླིང་ས་ཁུལ་དུ་ལོ་རབས་བདུན་ཅུ་པའི་ནང་རྒྱ་གར་གྱི་གནའ་སྲོལ་སྨན་དང་། ཕྱི་ལུགས་སྨན་ཁང་སོགས་སྨན་ཁང་ཆེ་ཆུང་མི་འདྲ་བ་གྲངས་སུམ་ཅུ་ཙམ་ཡོད་ནའང་། ས་གནས་ཚོགས་པ་ཁག་དང་། མི་མང་གིས་བོད་སྨན་ལ་དད་མོས་ཆེན་པོས་ཡན་ལག་སྨན་ཁང་ཞིག་གསར་འཛུགས་ཡོང་བའི་རེ་བསྐུལ་ཡང་ཡང་ཞུས་པ་བཞིན། རང་གཞུང་སྨན་རྩིས་ཁང་དབུས་འཛིན་སྐྱོང་ཡིག་ཚང་ནས་ཀྱང་བོད་རིགས་ཙམ་མ་ཡིན་པར་རྒྱ་གར་བ་དང་།  གོར་ཥ། འབྲས་འབྲུག་སོགས་ཀྱི་ཆེད་སྨན་རྩིས་ཁང་གི་ཡན་ལག་ཅིག་གསར་འཛུགས་བྱ་འཐུས་བཀའ་བཞེས་ཀྱིས་སྐབས་གཉིས་པའི་སློབ་ཐོན་སྨན་པ་སྐྱིད་འཛོམས་བུ་ཁྲིད་བསྐོ་གཏོང་གནང་བ་བཞིན་ས་གནས་སུ་ཁང་ཁུངས་གླ་གཡར་ཐོག་ཕྱི་ལོ་ ༡༩༧༥།༣།༡༥ ཉིན་གསར་འཛུགས་བྱས་ཡོད་ཅིང་།

རྡོ་རྗེ་གླིང་ནི་རྒྱ་གར་བྱང་ཤར་གྱི་མངའ་སྡེ་ནུབ་བངྒ་ལའི་བྱང་ཕྱོགས་དང་ཧི་མ་ལ་ཡའི་ལྷོ་རྒྱུད་ཀྱི་འདབས་རོལ་དུ་ཆགས་ཡོད། རྡོ་རྗེ་གླིང་ཞེས་པའི་ཡུལ་མིང་ནི་གཏེར་སྟོན་རྡོ་རྗེ་གླིང་བའི་བཞུགས་གནས་ཡིན་པའི་ཆ་ནས་དེ་ལྟར་ཐོགས་པར་འདོད་མཁན་དང་། ཡང་གནས་དེར་རྡོ་རྗེ་རང་བྱོན་ཞིག་ཡོད་པའི་རྒྱུ་མཚན་གྱིས་མཚན་དེ་ལྟར་ཐོགས་པར་འདོད་པ་གང་ལྟར་ཡང་། དེ་སྔོན་བོད་བཙན་པོའི་རྒྱལ་རབས་སྐབས་བོད་ཀྱི་མངའ་ཁོངས་བསྙོན་མེད་ཅིག་ཡིན་མོད། བོད་སིལ་བུར་འཐོར་བ་དང་ལོ་རྒྱུས་ཀྱི་འཕོ་འགྱུར་སྣ་ཚོགས་དབང་གིས་དུས་ཡུན་ངེས་ཅན་ཞིག་གི་རིང་བལ་བོའི་དབང་བསྒྱུར་འོག་ཏུ་བསྡད་མྱོང་ཡོད་ལ། དེ་རྗེས་ཨིན་ཇིས་རྒྱ་གར་ལ་དབང་བསྒྱུར་སྐབས་ནས་བཟུང་ཨིིན་ཇིའི་དབང་འོག་ཏུ་ཚུད་པའི་ས་ཁུལ་ཞིག་ཡིན་པའི་ཆ་ནས་ད་ལྟ་རྒྱ་གར་གྱི་ས་ཁོངས་སུ་མུ་མཐུད་གནས་མུས་ཡིན། རྡོ་རྗེ་གླིང་ནི་རི་རྩེར་ཆགས་པའི་གྲོང་བརྡལ་ཞིག་ཡིན་པས་མཁའ་རླུང་གཙང་ཞིང་ཕྱིའི་བཀོད་པ་ཡིད་དུ་འོང་བ་དང་། མཐོ་ཚད་རྒྱ་མཚོའི་ངོས་ལས་མི་ཊར་ ༢༡༣༤ ཙམ་ཡིན། དབྱར་དུས་ཆར་ཤོད་དང་སྨག་རུམ་འཐིབ་ཆེ་བའི་དབང་གིས་བརླན་གཤེར་ཆེ་བ་དང་། དགུན་དུས་གྲང་ངར་ཅུང་ཡོད་ཀྱང་སྟོན་དཔྱིད་གཉིས་སུ་གནམ་གཤིས་དང་ཡུལ་ལྗོངས་མཛེས་བཀོད་ཤིན་ཏུ་ལེགས་པས་ཡུལ་ལུང་གང་ས་ན་ཡུལ་སྐོར་སྤྲོ་འཁྱམ་པའི་འདུ་ཚོགས་ཤིན་ཏུ་ཆེ་བའི་སྟབས་ཀྱིས་ས་གནས་འདིའི་འཚོ་རྟེན་གཙོ་བོ་ཡང་ཟ་ཁང་མགྲོན་ཁང་དང་།  ཚོང་ཁང་སྣ་ཚོགས་བཅས་ཁེ་གཉེར་བྱེད་བཞིན་ཡོད། ཁུལ་འདིར་གཙོ་བོ་གོར་ཥ་དང་། རྒྱ་གར། བོད་རིགས་གསར་རྙིང་། རྟ་མང་དང་ཡོལ་མོ། ཤར་པ་འབྲས་ལྗོངས་པ་སོགས་ཧི་མ་ལ་ཡའི་རྒྱུད་ཀྱི་མི་རིགས་བཅས་ཧ་ལམ་མི་གྲངས་འབུམ་གཅིག་ཙམ་འདུས་སྡོད་བྱེད་བཞིན་པའི་གྲོང་བརྡལ་ཞིག་ཡིན་པས་སྐད་རིགས་ཀྱང་གཙོ་བོ་བལ་བོའི་སྐད་དང་། ཧིན་དྷི། བོད་སྐད། ཨིིན་ཇི་སོགས་བེད་སྤྱོད་བྱེད་བཞིན་ཡོད། རྒྱབ་ཕྱོགས་སུ་ཧི་མ་ལ་ཡའི་རི་རྒྱུད་དང་འབྲེལ་བའི་གངས་ཅན་མཛོད་ལྔ་ཞེས་འབོད་པའི་རི་རྩེ་ལ་དུས་བཞིར་ཁ་བའི་གོས་དཀར་གྱོན་པའི་རི་རྒྱུད་ཁག་དང་། རི་སྐེད་དུ་ཐང་ཤིང་དང་ཤུག་པའི་ནགས་ཚལ། འཛམ་གླིང་དུ་སྙན་གྲགས་ཡོད་པའི་ཇ་ཤིང་གི་ཐོན་ཁུངས་སོགས་ཀྱིས་བརྒྱན་པའི་ཡུལ་ལྗོངས་ཀྱི་བཀོད་པ་དང་།  གནམ་གཤིས་དྲོ་གྲང་སྙོམས་པས་དེ་སྔ་ཨིིན་ཇིས་དབང་བསྒྱུར་སྐབས་ཀ་ཏ་ནས་ཨིན་ཇི་མཐོ་རིམ་དཔོན་རིགས་དང་རྒྱ་གར་གྱི་འབྱོར་ལྡན་ཁག་དབྱར་དུས་ཚ་གཡོལ་དུ་ཕེབས་སའི་གནས་མཆོག་ཁྱད་དུ་འཕགས་པ་ཞིག་ཡིན་པར་མ་ཟད། བོད་རབ་བྱུང་བཅུ་དྲུག་པའི་ས་ཕག་ལོའི་དུས་འགྱུར་མ་བྱུང་སྔོན་བོོད་ཀྱི་སྐུ་དྲག་དང་འབྱོར་ལྡན་པ་ཉུང་ཤས་ཡོད་པ་དེ་ཚོའི་བུ་ཕྲུག་རྣམས་སློབ་གྲྭར་གཏོང་སའི་ཨིིན་ཇིའི་སློབ་གྲྭ་ཁག་ཀྱང་ཡོད་པ་རེད། བོད་ས་ཤོར་རྗེས་ཀྱང་བོད་མི་མང་དག་ཅིག་གནས་འདིར་རྟེན་གཞི་བྱས་ཡོད་ལ། སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་མཆོག་གི་སྐུ་ཟླ་ནས་སྐབས་དེར་བོད་རིགས་ཉིས་བརྒྱ་ཙམ་ལ་བོད་ཀྱི་ཐུན་མིན་བཟོ་ལས་ཁག་ཅིག་སྦྱོང་སའི་བཟོ་གྲྭ་ཆུང་ངུ་ཞིག་གསར་འཛུགས་གནང་བའི་བཀའ་དྲིན་ལས་ད་ལྟ་ཡང་ཁུལ་འདིའི་བོད་མིའི་གཞིས་སྡོད་ཀྱི་རྨང་གཞི་ནི་བཟོ་གྲྭ་དེར་ཡོད་པའི་ལས་བཟོ་བ་རྣམས་ཡིན་ལ། རྒྱ་གར་དབུས་བོད་སློབ་འཛིན་ཚོགས་པའི་བཏང་འཛིན་འོག་ཡོད་པའི་རྡོར་གླིང་བོད་གཞུང་གཏན་སློབ་ཀྱི་སློབ་མའི་ཡོང་ཁོངས་གཙོ་བོ་ཡང་བཟོ་གྲྭ་དེའི་ལས་བཟོ་བའི་བུ་ཕྲུག་རྣམས་ཡིན།

༢༽འཕེལ་རིམ།

ཡན་ལག་སྨན་ཁང་ཐོག་མར་གསར་འཛུགས་སྐབས་སུ་ནད་པར་བརྟག་དཔྱད་ཆེད་ཤིང་གི་མདུན་ཅོག་ཆུང་ངུ་ཞིག་དང་། ནད་པས་སྒུག་སྡོད་བྱེད་སའི་རྐུབ་སྟེགས་རིང་པོ་ཞིག སྨན་འཇོག་སའི་བང་ཁྲི་ཙམ་ལས་མེད་པའི་གནས་སྟངས་འོག་སྨན་ལས་ཚང་མས་སྤྱི་དོན་འཁུར་ལེན་གྱིས་འབད་བརྩོན་བྱས་ཏེ། ཕྱི་ལོ་ ༡༩༨༢།༡༡།༢༡ ཉིན་བལ་པོའི་རྒྱལ་ཁོངས་ཡིན་པ་ལྷག་པ་སྒྲོལ་མའི་ཐོག་ཁང་གསར་པ་ཁང་གླར་བླངས་པ་དང་། ཟླ་རེར་ཧིན་སྒོར་ ༡༦༠ རེ་སྤྲད་དེ་ཐོག་རྩེག་གཉིས་པའི་སྟེང་འཛིན་ཆས་རང་འགྲིག་བཅས་གཡར་ཏེ་སྨན་ཁང་ཅུང་རྒྱ་བསྐྱེད་བཏང་། དེ་ནས་ ༡༩༩༣ ལོར་ཁུལ་དེའི་ཡུལ་མི་ཡེ་ཤེས་ཆོས་འཛོམས་དང་བཀྲ་ཤིས་ཕུན་ཚོགས་ཟེར་བར་བླ་མ་སྲང་ལམ་ Lama Road དུ་མགྲོན་ཁང་ཞིག་ཡོད་པ་དེའི་ཐོག་རྩེག་དང་པོར་ཁང་མིག་དྲུག་དང་གསང་སྤྱོད་ཁྲུས་ཁང་ལྔ་ཡོད་པ་བཅས་ལ་མ་གནས་ཧིན་སྒོར་འབུམ་བཅུ་བདུན་གྱིས་སྨན་ཁང་དང་།  སྨན་ལས་རྣམས་ཀྱི་ལས་ཤག་བཅས་ལོ་ ༩༩ རིང་སྤུས་གཟིགས་དང་དེ་འབྲེལ་གྱི་ཁྲིམས་མཐུན་ཡིག་ཆ་ཁག་བསྐྱར་བཟོ་དང་དེབ་སྐྱེལ་གྲུབ་པ་ནས་བཟུང་ས་ཁང་བཅས་རང་བདག་ཅན་དུ་གྱུར། ས་ཁུལ་འདི་བཞིན་ཧི་མ་ལ་ཡའི་རི་རྒྱུད་དུ་གཏོགས་པས་དབྱར་དཔྱིད་གཉིས་སུ་ཆར་ཆུ་མང་བའི་རྐྱེན་གྱིས་གནམ་གཤིས་བརླན་གཤེར་རང་བཞིན་ཅན་ཡིན་ཞིང་།  ཡུལ་མི་རྣམས་ཀྱང་རྣོ་ཚའི་རང་བཞིན་གྱི་ཟས་སྤྱོད་བསྟེན་པར་གོམས་པའི་རྐྱེན་གྱིས་གྲུམ་བུ་དང་། མཆིན་ནད་རིགས། རྩ་དཀར། ཕོ་བ་སྨུག་པོའི་ནད་གཞི་སོགས་ཡོད་པར་བོད་སྨན་གྱིས་ཕན་བསྐྱེད་གང་ལེགས་བྱུང་བར་བརྟེན། བསྟེན་གཏུགས་བྱེད་མཁན་ནད་པའི་གྲངས་འབོར་ལོ་རེར་རིམ་འཕར་གྱིས་ཕྱི་ལོ་ ༢༠༠༠ ཡས་མས་སུ་ཆ་སྙོམས་ཉིན་རེར་ནད་པ་གྲངས་ ༣༠ ནས་ ༤༠ དབར་སླེབ་བཞིན་ཡོད་པ་རེད།

༣༽ད་ལྟའི་གནས་སྟངས།

ད་ལྟའི་སྐབས་སྨན་ཁང་འདིར་སྨན་རྩིས་ཁང་གི་སྨན་པ་གཅིག་དང་།  སྨན་སྤྲོད་དང་རྩིས་པ་བཅས་ལས་བྱེད་གཉིས། གླ་པ་གཅིག་བཅས་ཁྱོན་བསྡོམས་སྨན་ལས་གྲངས་བཞི་ཡོད་ལ། ཉིན་རེར་ཆ་སྙོམས་བྱས་ན་བསྟེན་གཏུགས་བྱེད་མཁན་རྒྱ་གར་བ་དང་བོད་པ་གྲངས་ ༢༡ ལྷག་ཙམ་ཡོད། སྨན་ལས་རྣམས་ལ་ལས་ཤག་དང་སྦག་སྦག་གཅིག་བཅས་ཀྱི་མཐུན་རྐྱེན་ཡོད་པ་བཅས་སོ།།

༤༽འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་སྐྱིད་འཛོམས་བུ་ཁྲིད། ༡༩༧༥།༣།༡༥ ནས་ ༡༩༩༨།༦།༡ བར།

༢། སྨན་པ་པ་སངས་སྒྲོལ་དཀར། ༡༩༩༨།༦།༢ ནས་ ༢༠༠༡།༧།༡༣ བར།

༣། བློ་བཟང་དོན་འགྲུབ། ༢༠༠༡།༧།༢༥ ནས་ ༢༠༠༩།༤།༡༥

༤། སྨན་པ་བློ་བཟང་ཐུབ་བསྟན། ༢༠༠༩།༤།༡༥ ནས་གནང་མུས།

 

འབུམ་སྡེ་ལ་དང་བསྟན་འཛིན་སྒང་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

བསྟན་སྒང་ཡན་ལག་སྨན་ཁང་དེ་ནི་ཕྱི་ལོ་ ༡༩༧༦ ལོར་བཙུགས་པ་ཞིག་ཡིན་ཞིང་། བསྟན་འཛིན་སྒང་ཞེས་པའི་བོད་པའི་གཞིས་ཆགས་འདི་ནི་ཕྱི་ལོ་ ༡༩༧༢ ལོར་དབུ་བཙུགས་གནང་བ་ཞིག་དང་འབུམ་སྡེ་ལ་ནས་ཀི་ལོ་མི་ཊར་ ༨༠ ཙམ་གྱི་སར་ཡོད། གཞིས་ཆགས་འདི་ནུབ་ཀ་མིང་རྫོང་ཁོངས་ཡིན། ས་གནས་འདི་འབུམ་སྡེ་ལ་ནས་ཀ་ལག་ཚང་གི་ལམ་བར་དུ་ཆགས་ཡོད་ཅིང་ཤིང་ནག་མཐུག་པོ་དང་ཧི་མ་ལ་ཡའི་གངས་རིས་སྐོར་བའི་ཡུལ་ལུང་མཛེས་སྡུག་ལྡན་པ་ཞིག་ཡིན། བོད་མིའི་གཞིས་ཆགས་འདིར་སྡེ་ཁག་བཞི་ཡོད་པ་དང་སྡེ་ཁག་རེ་རེའི་ནང་མི་ཚང་ ༣༠ ནས་ ༥༠ དང་ཁྱོན་བསྡོམ་བོད་མི་མི་འབོར་ ༡༧༡༧ ཙམ་ཡོད། རྒྱ་གར་གཞུང་ནས་ཐོག་མར་གཞིས་ཆགས་འདི་ཆགས་སྐབས་ས་ཆ་ཨེ་ཀར་ ༢༡༢༣ ཐམ་པའི་ས་ཁྱོན་གནང་ཡོད་པ་དེ་ལས་ཨེ་ཀར་ ༤༠༠ ཞིང་ལས་ཀྱི་ས་དང་། ཨེ་ཀར་ ༤༠༠ ཙམ་སྡོད་གནས། དེའི་ལྷག་ཁྲོད་ཨེ་ཀར་ ༡༤༢༣ ཤིང་ནགས་ཀྱིས་བསྐོར་ནས་ཡོད། བསྟན་འཛིན་སྒང་གི་མཐོ་ཚད་རྒྱ་མཚོའི་ངོས་ནས་ཕིཊ་ ༦༠༠༠ ཙམ་ཡིན། ས་གནས་འདིའི་དྲོད་ཚད་ཚད་གཞི་མཐོ་ཤོས་ ༣༥ ནས་ ༤༠°c བར་དང་དམའ་ཤོས་ ༠°c ནས་ ༣°c བར་ཡིན། ས་གནས་ཡུལ་མིའི་འཚོ་རྟེན་གཙོ་བོ་སོ་ནམ་ཞིང་ལས་དང་རྩི་ཤིང་རིག་པ་ཡིན་པ་དང་གཞིས་ཆགས་འདིའི་ཐོན་ཁུངས་གཙོ་བོ་ཀུ་ཤུ་དང་ཀི་ཝི། ཁམ་བུ། མ་རྨོས་ལོ་ཐོག་དང་སྔོ་ཚལ་འདྲ་མིན་བཅས་ཡིན། འབུམ་སྡེ་ལ་རུ་ནང་པའི་མགོན་པ་སྟེང་ཤོད་ཅེས་པ་གཉིས་ཡོད། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དང་དྭགས་པོ་བཤད་སྒྲུབ་གླིང་གྲྭ་ཚང་གཉིས་ཀྱང་ཐོག་མར་ས་གནས་འདིར་གཞི་ཚུགས་ཏེ་ཕྱིས་སུ་རིམ་པས་དྷརྨ་ཤཱ་ལཱ་དང་མ་ན་ལི་བཅས་ལ་གནས་སྤོས་གནང་སྟེ་རྟེན་གཞི་ཚུགས་ཡོད།

འབུམ་སྡེ་ལ་ཞེས་པ་ནི་ཨ་རུ་ན་ཅལ་ནང་ཡོད་པའི་ནུབ་ཀ་མིང་རྫོང་གི་སྤྱི་ཁྱབ་ལས་ཁུངས་ཆགས་ཡུལ་དེ་ཡིན། ནུབ་ཀ་མིང་རྫོང་གི་ས་ཆའི་རྒྱ་ཁྱོན་ཕུ་ཊུ་གྲུ་བཞི་མ་ ༧༤༢༢ ཙམ་ཡོད། འབུམ་སྡེ་ལའི་དྲོད་ཚད་མཐོ་ཤོས་ ༡༦.༨༧°c དང་དམའ་ཤོས་ -༠.༥°c ཡིན་པ་དང་ས་གནས་འདིའི་མཐོ་ཚད་རྒྱ་མཚོའི་ངོས་ནས་མི་ཊར་ ༢༢༡༧ འམ་ཕིཊ་ ༧༢༧༣ ཙམ་ཡོད་པ་མ་ཟད་ཁུལ་དེར་མི་འབོར་ ༦༦༨༢ ཙམ་ཡོད་ཅིང་། མི་འབོར་དེ་དག་ལས་སྐྱེས་པའི་རྒྱ་ཆ་ ༥༤% དང་བུད་མེད་ཀྱི་བརྒྱ་ཆ་ ༤༦% སྤྱི་ཡོངས་ཤེས་ཡོན་གྱི་བརྒྱ་ཆ་ ༦༩% བཅས་ཡིན། ཁོང་ཚོ་ཕལ་ཆེར་ནང་པ་ཡིན་པ་དང་རུས་སྡེ་འགའ་ཞིག་རང་རང་གི་ཕ་མེས་ནས་དར་བའི་ཆོས་ལུགས་དང་ནང་པ་ཧིན་དྷུའི་ཆོས་ལུགས་འདྲེས་མའི་ཆོ་ག་ཕྱག་ལེན་བྱེད་ཀྱི་ཡོད། ས་ཆ་འདིར་གཙོ་ཆེར་མོན་པ་དང་། ཤེར་འབྲུག་པེན། མི་ཇི། ཨ་ཀ་བཅས་པའི་རུས་སྡེའི་མི་གནས་སྡོད་བྱེད་ཀྱི་ཡོད་པ་དང་རུས་སྡེ་དེ་དག་གི་སྐད་ཡིག་ནི། ཧིན་དྷི། ཨ་ས་མིས། ཨིན་ཇི་བཅས་ཀྱི་སྐད་བརྒྱབ་ཀྱི་ཡོད། ཡུལ་མི་རྣམས་ཀྱི་འཚོ་རྟེན་གཙོ་བོ་སོ་ནམ་ཞིང་ལས་དང་རྩི་ཤིང་རིག་པ་ཡིན་པ་མ་ཟད་བལ་ཀྱི་གདན་དང་ཁུག་མ། སྨྱུག་མའི་དངོས་རྫས་རིགས་བཟོ་བསྐྲུན་བྱེད་ཀྱི་ཡོད།

༢༽འཕེལ་རིམ།

དེ་ཡང་སྨན་སློབ་སྐབས་གཉིས་པ་སློབ་ཐོན་བྱུང་མ་ཐག་སྟེ་ཕྱི་ལོ་ ༡༩༧༦ ལོར་སྐབས་གཉིས་པའི་སློབ་ཐོན་སྨན་པ་ངག་དབང་མཁྱེན་བརྩེ་ལགས་ཆེད་གཏོང་གིས་འབུམ་སྡེ་ལར་སྨན་ཁང་ཆུང་ངུ་ཞིག་གསར་དུ་སྒོ་འབྱེད་བྱས་འདུག སྐབས་དེར་སྨན་པ་མཁྱེན་བརྩེ་གཅིག་བུས་ལོ་ ༡༢ ཙམ་གྱི་རིང་སྨན་པ་འགན་འཛིན་དང་། སྨན་སྤྲོད། རྩིས་པ་གསུམ་གཅིག་ལྕོག་ཞུ་དགོས་བྱུང་འདུག ཡན་ལག་སྨན་ཁང་དེ་ནི་བཙུགས་སྔ་ཤོས་གྲས་ཤིག་ཡིན་ཞིང་། དེ་ནས་རིམ་པས་དུས་ཡུན་གང་འཚམས་རིང་བསྟན་སྒང་ཁུལ་དུ་སྨན་སྐོར་ལ་བསྐྱོད་དེ་ས་གནས་མི་མང་ལ་དགེ་ཕན་གང་ལེགས་བྱུང་བར་བརྟེན། ཕྱིས་སུ་བསྟན་སྒང་གཞིས་ཆགས་མི་མང་གིས་ས་ཆ་རིན་མེད་གནང་བར་སྨན་རྩིས་ཁང་ནས་ཧིན་སྒོར་ཆིག་འབུམ་ཙམ་བཏང་སྟེ་བརྟག་དཔྱད་ཁང་དང་། ལས་ཤག་བཅས་གསར་རྒྱག་བྱས་ཏེ་དུས་ཡུན་གང་འཚམས་སོང་རྗེས། ས་གནས་སུ་ནད་པ་དེ་ཙམ་མེད་སྟབས་སྨན་པ་བསོད་ནམས་ནོར་བུ་ལགས་འབུམ་ལར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གིས་ཁང་གླའི་ཐོག་སྨན་ཁང་སྒོ་འབྱེད་གནང་སྟེ་ད་ལྟར་གནས་མུས་ཐོག་བསྟན་སྒང་གཞིས་ཆགས་སུ་ཟླ་རེའི་ནང་སྨན་སྐོར་ལ་སྐྱོད་མུས་ཡིན།

༣༽ད་ལྟའི་གནས་སྟངས།

ད་ལྟ་སྨན་ཁང་དེར་སྨན་པ་གཅིག་དང་། སྨན་སྤྲོད་དང་རྩིས་པ་བཅས་ལས་བྱེད་གསུམ་ཡོད། ཉིན་རེར་ཆ་སྙོམས་བྱས་ན་བསྟེན་གཏུག་བྱེད་མཁན་ནད་པ་གྲངས་ ༡༠ རེ་ཡོང་བཞིན་ཡོད་པ་དང་། ས་གནས་དེ་ནས་བསྟང་སྒང་གཞིས་ཆགས་སུ་སྨན་སྐོར་ལ་འགྲོ་མུས་ཡིན། སྨན་ལས་རྣམས་ལ་སྨན་རྩིས་ཁང་གི་ལས་ཤག་རང་བདག་མེད། དགོན་པའི་ནང་ཁང་གླ་བྱས་ནས་སྡོད་མུས་ཡིན་ལ། དེ་མིན་རླངས་འཁོར་སོགས་ཀྱི་མཐུན་རྐྱེན་མེད་པ་བཅས་སོ།།

༤༽འགན་འཛིན་སྨན་པའི་མཚན་དང་ལོ་དུས།

༡། སྨན་པ་ངག་དབང་མཁྱེན་བརྩེ། ༡༩༧༦།༡ ནས་ ༡༩༨༨།༤།༡༥ བར།

༢། སྨན་པ་བསྟན་འཛིན་ནོར་བུ། ༡༩༨༨།༥།༡ ནས་ ༡༩༩༤།༣།༡༧ བར།

༣། སྨན་པ་རྡོ་རྗེ་ཚེ་བརྟན། ༡༩༩༤།༣།༢༠ ནས་ ༡༩༩༥།༣།༡

༤། སྨན་པ་བསྟན་འཛིན་མཐའ་ཡས། ༡༩༩༥།༤།༡ ནས་ ༡༩༩༦།༡༡།༡༡ 

༥། སྨན་པ་བསོད་ནམས་སམ་ནོར་བུ་ཚེ་རིང་། ༡༩༩༨།༢།༡ ནས་ ༡༩༩༩།༨།༧ བར།

༦། སྨན་པ་བཀྲ་ཤིས་བསྟན་འཛིན། ༡༩༩༩།༩།༡ ནས་ ༢༠༠༥།༦།༨ བར།

༧། སྨན་པ་བློ་བཟང་མཁས་མཆོག ༢༠༠༥།༧།༢༥ ནས་ ༢༠༠༩།༤།༣ བར།

༨། སྨན་པ་ལྷག་པ་ཕན་ཐོགས་ ༢༠༠༩།༤།༡༥ ནས་ ༢༠༡༠།༥།༧ བར།

༩། སྨན་པ་ཆོས་ཉིད་བསམ་འགྲུབ། ༢༠༡༠།༦།༡ ནས་ ༢༠༡༡།༤།༢༩ བར།

༡༠། སྨན་པ་མིག་དམར། ༢༠༡༡།༥།༢༥ ནས་ད་ལྟ་གནང་མུས།

 

བྷེལ་ཀོབ་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

བྷེལ་ཀོབ་ཡན་ལག་སྨན་ཁང་ནི་ཕྱི་ལོ་ ༡༩༧༧ ཟླ་ ༡༢ ཚེས་ ༡༩ ཉིན་གསར་འཛུགས་བྱས་པ་ཞིག་ཡིན།ཆགས་ཡུལ་བྷེེལ་ཀོབ་ལུགས་ཟུང་བསམ་གླིང་དང་བདེ་སྐྱིད་སླར་གསོ་བོད་མིའི་སོ་ནམ་གཞིས་ཆགས་གཉིས་པ་ནི་རྒྱ་གར་ལྷོ་ཕྱོགས་ཀར་ན་ཌ་ཀ་མངའ་སྡེའི་མེ་སོར་རྫོང་ཁོངས་བྷེལ་ཀོབ་ས་གནས་སུ་ཆགས་ཡོད་ལ། གཞིས་ཆགས་དེ་ནི་ཕྱི་ལོ་ ༡༩༦༠ ཟླ་ ༡༢ ཚེས་ ༡༦ ཉིན་གསར་འཛུགས་བྱས་ཤིང་། དེ་ཡང་ཐོག་མར་བོད་མི་ ༣༠༠༠ ཙམ་ལེན་རྒྱུ་ཞལ་བཞེས་གནང་བ་བཞིན་དགོས་མཁོའི་མཐུན་རྐྱེན་ཧིན་སྒོར་ ༣༧༨༤༨༠༠།༠༠ ཆོག་མཆན་གནང་བ་བཞིན་ས་སྟོང་ཕྲན་བུ་ཡོད་པར་གུར་ཕུབ་ནས་མི་གྲངས་ལྔ་དྲུག་རེ་ལྟོ་ཚང་གཅིག་བྱས་ནས་བསྡད་ཡོད་པ་དང་།གླང་ཆེན་སོགས་གཅན་གཟན་མ་གཏོགས་མེད་པའི་ཡུལ་དེ་ནས་ཤིང་ནགས་གཅོད་འབྲེག་གི་ལས་གཞི་ནས་མགོ་བརྩམས་ཏེ་གཞིས་ཆགས་གསར་རྒྱག་གནང་ཡོད། དེ་ནས་རིམ་པས་ཕྱོགས་གང་ས་ནས་ཕེབས་འབྱོར་བྱུང་བ་དང་། ལྷག་པར་ཕྱི་ལོ་ ༡༩༦༩ ལོ་ནས་སྦག་ས་ཆོས་སྒར་ནས་གདན་ས་ཁག་གི་དགེ་འདུན་པ་རྣམས་ལྷོ་གཞིས་ཁག་དུ་བགོ་འགྲེམས་གནང་བ་ནས་སེ་ར་ཐེག་ཆེན་གླིང་སོགས་ས་གནས་འདིར་གནས་སྤོས་གནང་བ་བཅས་ལ་བརྟེན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁྲོད་ཀྱི་མི་འབོར་མང་ཤོས་དང་།  ལོ་རྒྱུས་རིང་ཤོས་སུ་གྱུར་ཡོད་པ་རེད། རྒྱ་མཚོའི་ངོས་ནས་མཐོ་ཚད་ཀེ་ལོ་མི་ཊར་ ༩༠༠ ཕིཊ་ ༢༦༠༠ ཡོད་ཅིང་།

ས་ཁུལ་འདིར་དུས་བཞིའི་གནམ་གཤིས་འགྱུར་ལྡོག་དང་། ཉི་མ་ལྷོ་བྱང་གི་བགྲོད་པ་ལ་བརྟེན་པའི་ཉིན་མཚན་གྱི་དུས་ཡུན་རིང་ཐུང་མངོན་གསལ་ཆེར་མེད་ཅིང་།  དབྱར་སྟོན་གཉིས་ལ་ཆར་ཆུ་འབེལ་ཞིང་དགུན་དཔྱིད་དུས་སུ་ཚ་དྲོད་ཆེ་བ་ནི་ལྷོ་ཕྱོགས་ས་ཁུལ་སྤྱིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུ་ངོས་འཛིན་བྱས་ཆོག ཐོན་ཁུངས་གཙོ་བོ་ཁག་ནི་འབྲས་དང་མ་རྨོས་ལོ་ཏོག སྲན་རིགས། ཀ་ཇཱུུ། བེ་ཏེའི་འབྲས་བུ། གོ་ཡུ། ཀ་ཀོ་ལ། སུག་སྨེལ། སྲི་པན། སྤྲིན་བལ། བུར་ཤིང་།  རྡོ་ཐ་བཅས་ཡིན། ས་གནས་ཡུལ་མིའི་འཚོ་ཐབས་གཙོ་བོ་ཞིང་ལས་དང་།  འཚོང་། ཟ་ཁང་བཅས་ཡིན། མངའ་སྡེ་འདིའི་ནང་ཁ་ན་རའི་སྐད་གཙོ་བོ་དང་གཞན་དབྱིན་སྐད་བཀོལ་སྤྱོད་བྱེད་མཁན་མང་པོ་ཡོད་པ་བཅས།

༢༽འཕེལ་རིམ།

རྒྱ་གར་ལྷོ་ཕྱོགས་ཀཱརནཱ་ཊ་ཀ་མེ་སོར་རྫོང་ཁོངས་ཀྱི་ལུགས་ཟུང་བསམ་གླིང་དང་། བདེ་སྐྱིད་སླར་གསོ་མི་དམངས་ནས་ས་གནས་གཞིས་ཆགས་སུ་བོད་སྨན་གྱི་སྨན་ཁང་ཞིག་འཛུགས་གནང་ཡོང་བའི་རེ་སྐུལ་ཞུས་འདུག་ཀྱང་། སྐབས་དེར་སྨན་རྩིས་ཁང་ལ་སྨན་ལས་པའི་མི་འགྲོ་ལྡང་ངེས་མེད་པར་བརྟེན་ཕྱི་ལོ ༡༩༧༥ ཙམ་ནས་བཟུང་གཞིས་ཁོངས་སུ་ཡོད་པའི་སྨན་པ་བླ་མ་ཆོས་གྲགས་རྒྱ་མཚོར་འབོད་པ་ཞིག་ནས་སྨན་སྦྱིན་པའི་ལས་ཁུར་དང་། དགོས་མཁོ་གསོལ་སྨན་རྣམས་སྨན་རྩིས་ཁང་ནས་ནར་གཏོང་གིས་མི་དམངས་ལ་སྨན་བཅོས་ཞབས་ཞུ་སྒྲུབ་བཞིན་འདུག་ཀྱང་། རྒྱུ་རྐྱེན་སྣ་ཚོགས་དབང་གིས་ལོ་ཤས་ལས་རྒྱུན་འཁྱོངས་བྱེད་ཐུབ་མི་འདུག དེ་རྗེས་སྨན་རྩིས་ཁང་ནས་སློབ་ཐོན་དང་པོའི་གྲས་སྨན་པ་སྐུ་ཞབས་བཀྲ་ཤིས་རྒྱལ་མཚན་ལགས་ཆེད་གཏོང་གནང་བ་དང་། ལུགས་བསམ་མཉམ་འབྲེལ་ནས་སྨན་ཁང་ཚུགས་ཡུལ་དང་སྨན་ལས་པའི་སྡོད་ཤག་མཐུན་འགྱུར་གནང་བ་ལྟར་རབ་བྱུང་བཅུ་དྲུག་པའི་མེ་སྦྲུལ་སྤྱི་ལོ་ ༡༩༧༧ ཟླ་ ༡༢ ཚེས་ ༡༩ ཉིན་ཡན་ལག་སྨན་ཁང་བསྐྱར་འཛུགས་གནང་འདུག།དེ་ནས་རིམ་གྱིས་བསྟེན་གཏུགས་མཁན་གྱི་ནད་པ་མང་དུ་ཕྱིན་རྐྱེན་སྨན་པ་གཅིག་གིས་ཐུགས་ལྕོགས་མིན་གྱིས་སྨན་རྩིས་ཁང་དབུས་ནས་སྨན་པ་ཚེ་དབང་རྟ་མགྲིན་ལགས་ཕྱག་རོགས་སྨན་པར་བསྐོ་གཏོང་གནང་འདུག་པར་མ་ཟད། རེས་གཟའ་ལྷག་པ་ནམ་ཤར་ལ་སེ་ར་ཆོས་སྒར་དུ་སྐོར་སྐྱོད་སྨན་བཅོས་ཆེད་སྨན་ཁང་ཞིག་ཀྱང་བཙུགས་འདུག་པ་དང་། དེ་ནས་རིམ་བཞིན་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་དང་། ཀོལླི་གལ་དོན་ལྡན་གླིང་གཞིས་ཆགས། བྷན་དཱ་ར་ནོར་རྒྱས་གླིང་གཞིས་ཆགས་སོགས་སུ་སྨན་སྐོར་བསྐྱོད་རྒྱུ་དང་། ཉིན་རྒྱབ་རྒས་གཅོང་ནད་མནར་བས་མལ་སར་ལུས་པ་ཁག་ལ་ནད་ཁྱིམ་སོ་སོར་བསྐྱོད་དེ་བརྟག་དཔྱད་སྨན་བཅོས་བྱེད་མགོ་བརྩམས་འདུག དེ་རྗེས་ནད་པ་མང་དུ་སོང་བའི་རྐྱེན་པས་ཁང་ཁུངས་ཀྱི་དཀའ་ངལ་ཇི་ཆེར་འཕྲད་པར་བརྟེན། ལུགས་བསམ་མཉམ་འབྲེལ་ནས་གཞིས་གྲོང་དང་པོའི་ཉེ་མཁྲིས་སུ་སྨན་ཁང་གསར་རྒྱག་བྱ་ཡུལ་གྱི་ས་ཆ་ཕུལ་བའི་སྟེང་ཕྱི་ལོ་ ༡༩༨༤ ཟླ་ ༢ ཚེས་ ༡༩ ཉིན་ྋསྤྱི་ནོར་གོང་ྋ་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་དངོས་ནས་ས་ཆོག་བྱིན་བརླབས་རབ་གནས་བཀའ་དྲིན་བསྐྱངས་ཤིང་།

རང་གཞུང་འཕྲོད་བསྟེན་ལས་ཁུངས་བརྒྱུད་ཨིན་ཡུལ་ནས་སྦྱིན་བདག་སྐུ་ཞབས་པེ་ཀྲར་སམ་མར་ (Peter Summer) ལགས་ནས་ཨར་ལས་ཀྱི་འགྲོ་གྲོན་རོགས་མགོན་གནང་བའི་སྟེང་། ས་གནས་གཞིས་ཆགས་མི་དམངས་ནས་མཐུན་འགྱུར་ཆེད་ས་ཞིང་ཨེ་ཀར་རེ་ནས་ཨ་ཤོམ་ཀི་ལོ་ ༢༥ རེ་བསྡུ་ཁྲལ་གནང་བ་དང་། ས་གནས་རྒྱ་གར་རྫོང་དཔོན་ལས་ཁུངས་ནས་ཀྱང་ཞལ་འདེབས་ཧིན་སྒོར་འབུམ་གཅིག་གནང་པ་དང་། ཨར་ལས་འཛུགས་སྐྲུན་གྱི་ཐུགས་འགན་ཡོངས་རྫོགས་ས་གནས་བོད་ཕྲུག་ཁྱིམ་སྡེ་ནས་རྐང་འགན་གནང་འདུག།ཁང་པའི་འོག་ཐོག་སྨན་ཁང་ཁང་མིག་བདུན་དང་། སྟེང་ཐོག་ལས་ཤག་གསོལ་ཐབ་ཁང་ཆུང་བཅས་བསྡོོམས་ཁང་མིག་བཅུ་བཞི་བཅས་ཕྱི་ལོ་ ༡༩༨༦ ཟླ་ ༢ ཚེས་ ༢༦ ཉིན་ཨར་པོའི་ལས་གཞི་ཡོངས་རྫོགས་མཇུག་བསྒྲིལ་ཏེ་མཛད་སྒོ་དང་སྦྲགས་རང་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་སྐུ་ཚབ་ཤེས་རབ་ཆོས་འཕེལ་ལགས་ནས་སྤྲོད་དཔང་གཞིས་ཆགས་གསར་རྙིང་གཉིས་ཀྱི་སྐུ་ཚབ་དང་བཅས་ས་གནས་འགན་འཛིན་སྨན་པ་བསོད་ནམས་དབང་འདུས་ལགས་སུ་ཁང་པའི་ཡིག་ཆ་དང་ས་ཁྲ་བཅས་རྩིས་སྤྲོད་གནང་སྟེ་ས་ཁང་ཡོངས་རྫོགས་སྨན་རྩིས་ཁང་གི་རང་བདག་ཏུ་གྱུར། ལུགས་ཟུང་བསམ་གླིང་ས་གནས་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཞིར་བཟུང་སྨན་ཁང་འདིའི་རྒྱ་ཁྱོན་ཚད་ནི་དཀྱུས་སུ་ཕི་ཊི་ ༤༤༥ དང་། ཞེང་ཚད་ལ་ ༢༤ བཅས་ཡོད་པ་རྒྱ་ཁྱོན་ཐིག་ཚད་དང་ཁང་བའི་རྒྱ་ཁྱོན་ཐིག་ཚད་སོགས་ཁྲིམས་ཐོག་ཡིག་ཆ་གོ་འཕེར་བཅས་སྨན་རྩིས་ཁང་ལ་རྩིས་སྤྲོད་ཞུས་འདུག ཕྱི་ལོ་ ༢༠༠༠ ཡས་མས་སུ་ཡན་ལག་སྨན་ཁང་འདིར་ཕོ་སྨུག་དང་།གྲུམ་བུའི་རིགས། རྩ་དཀར། ཁྲག་ཤེད། རིམས་ནད་སོགས་བསྟེན་གཏུགས་བྱེད་མཁན་གྱི་ཕྱི་ནང་ནད་པ་ཆ་སྙོམས་ཉིན་རེར་བརྒྱ་ནས་བརྒྱ་དང་ཉི་ཤུའི་བར་སླེབས་བཞིན་ཡོད་པ་རེད། སྨན་ཁང་འདི་ནས་དེ་སྔ་སྐོར་སྐྱོད་བྱ་ཡུལ་ནི། སེ་ར་བྱེས་སྨད་འཕྲོད་བསྟེན་སྨན་ཁང་གཉིས་དང་། རྙིང་དགོན་རྣམ་གྲོལ་གླིང་། བདེ་སླར་གཞིས་ཁོངས་ལྕག་ཀོར་གྲོང་སྡེ་བཅས།

༣༽ད་ལྟའི་གནས་སྟངས།

ད་ལྟ་སྨན་ཁང་འདིར་སྨན་པ་བཞི་དང་། སྨན་སྤྲོད་རྩིས་པ་སོགས་ལས་བྱེད་གསུམ། གླ་པ་གཉིས་བཅས་ཁྱོན་བསྡོམས་སྨན་ལས་གྲངས་དགུ་ཡོད། ཉིན་རེར་བསྟེན་གཏུགས་བྱེད་མི་གྲངས་ ༨༦ ཙམ་ཡོད་པའི་ཁོངས་ནས་ནད་པ་ཕལ་མོ་ཆེ་རྒྱ་གར་བ་དང་བོད་རིགས་ཡིན། སྨན་ཁང་གི་མཐུན་རྐྱེན་ལ་སྤྱི་སྤྱོད་རླངས་འཁོར་དང་སྦག་སྦག་གཅིག་བཅས་ཡོད།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡༽ སྨན་པ་བཀྲ་ཤིས་རྒྱལ་མཚན། ༡༩༧༧།༡༢།༡༩ - ༡༩༨༢།༡།༣༠

༢༽ སྨན་པ་བསོད་ནམས་དབང་འདུས། ༡༩༨༢།༡།༣༡   - ༡༩༨༨།༧།༡

༣༽ སྨན་པ་ལྷ་དབང་། ༡༩༨༨།༧།༢ - ༡༩༩༡།༡།༡༥

༤༽སྨ ན་པ་ཐུབ་བསྟན་རྒྱལ་མཚན། ༡༩༩༢།༢།༢ - ༡༩༩༥།༡༡།༦

༥༽ སྨན་པ་བསྟན་འཛིན་ཚེ་འཕེལ།   ༡༩༩༥།༡༡།༩ - ༢༠༠༡།༤།༨

༦ ༽ སྨན་པ་སྐྱིད་འཛོམས།   ༢༠༠༡།༤།༩ - ༢༠༠༣།༤།༢༤

༧༽ སྨན་པ་བསྟན་འཛིན་ཚེ་འཕེལ། ༢༠༠༣།༤།༢༥ -༢༠༠༨།༤།༨

༨༽ སྨན་པ་པ་སངས་དོན་འགྲུབ། ༢༠༠༨།༥།༢༥ - ༢༠༠༨།༩།༣༠

༩༽ སྨན་པ་བསྟན་འཛིན་ཚེ་འཕེལ། ༢༠༠༨།༡༡།༡ - ༢༠༡༡།༢།

༡༠༽ སྨན་པ་པ་སངས་དོན་འགྲུབ། ༢༠༡༡།༤།༡ ནས་གནང་མུས།

 

ཧོན་སུར་ཡན་ལག་སྨན་ཁང་།

༡༽མགོ་བཙུགས་དུས་དང་ཆགས་ཡུལ།

དེ་སྔ་བྷེེལ་ཀོབ་ཡན་ལག་སྨན་ཁང་ནས་དུས་ངེས་ཅན་ངེས་མེད་དུ་འདི་གར་སྐོར་སྐྱོད་བྱེད་པ་དེ་ལྟར་ཡང་།  ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་མི་མང་གིས་ས་གནས་སུ་སྨན་རྩིས་ཁང་གི་ཡན་ལག་མེད་པའི་དཀའ་ངལ་ཅི་ཆེ་ཡོང་བཞིན་པར་བརྟེན། ཡན་ལག་སྨན་ཁང་ཞིག་གསར་འཛུགས་ཡོང་བ་ཞེས་ནང་སྲིད་ལས་ཁུངས་བརྒྱུད་དབུས་སྨན་རྩིས་ཁང་ལ་སྙན་ཞུ་རིམ་པར་ཕུལ་བ་བརྒྱུད་ཕྱི་ལོ་ ༡༩༨༢ ཟླ་ ༡ ཚེས་ ༡ ཉིན་ས་གནས་འཕྲོད་བསྟེན་སྨན་ཁང་གི་ཁང་ཁུངས་གླ་གཡར་ཐོག་ཡན་ལག་སྨན་ཁང་སྒོ་འབྱེད་གནང་ཞིང་། ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ནི་ཕྱི་ལོ་ ༡༩༧༡ ཟླ་ ༩ པའི་ནང་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། དེ་རྒྱ་གར་ལྷོ་ཕྱོགས་ཀཱར་ནཱ་ཊ་ཀ་མངའ་སྡེའི་བྱང་ཤར་མཚམས་དང་མེ་སོར་ནས་ནུབ་ངོས་སུ་ཆགས་ཡོད་ལ། གཞིས་ཆགས་དེར་གཞིས་གྲོང་བཅུ་དྲུག་དང་། དཔལ་ལྡན་རྒྱུད་སྨད་གྲྭ་ཚང་། རྫོང་དཀར་ཆོས་སྡེ་བཅས་ཡོད།གནམ་གཤིས་དྲོད་ཚད་སོགས་ལྷོ་ཕྱོགས་ས་གནས་སྤྱི་མཚུངས་ཡིན།

༢༽འཕེལ་རིམ།

སྨན་པ་དང་པོ་དེ་ས་གནས་མི་མང་གི་རེ་འདུན་ལྟར་སྒེར་གཉེར་རྒྱུད་སྨད་སྨན་པ་ཐུབ་བསྟན་ཆོས་འབྱོར་ལགས་བསྐོ་བཞག་བསྩལ།སྨན་ཁང་ཐོག་མར་གསར་འཛུགས་སྐབས་སྨན་པ་ཐུབ་བསྟན་ཆོས་འབྱོར་ལགས་གཅིག་པུས་སྨན་པ་དང་སྨན་སྤྲོད།རྩིས་པ་བཅས་ཀྱི་ལས་འགན་མི་གཅིག་ལག་གཅིག་གིས་གཅིག་ལྕོགས་གནང་འདུག་པ་དང་། དེ་ནས་རིམ་གྱིས་དབུས་ནས་སྨན་སྤྲོད་རྩིས་པ་གཅིག་བསྐོ་བཞག་གནང་རྗེས། སྨན་ལས་གཉིས་ནས་ཡིག་རྩིས་གཏམ་གསུམ་གྱི་ཆ་རྐྱེན་ཚང་མིན་ལ་མ་ལྟོས་པར་སོ་སོའི་ཁུར་བབས་ཀྱི་ལས་འགན་ལ་དཀའ་སྤྱད་འབད་བརྩོན་དང་། དབུས་ནས་བཀོད་མངགས་གནང་བའི་སྨན་རྒྱུ་མཁོ་སྒྲུབ། ཉེ་འཁོར་ཀོ་ལི་གྷལ་གཞིས་ཆགས་སུ་ཡན་ལག་སྨན་ཁང་མ་ཚུགས་བར་སྨན་སྐོར་ཏུ་བསྐྱོད་པ་སོགས་དཀའ་ཚེགས་ཆེ་བའི་དུས་རིམ་ལས་བརྒལ་ཐུབ་པ་བྱུང་བ་དང་། ཡན་ལག་སྨན་ཁང་རང་གི་གཞིས་རྐང་གང་ལེགས་ཚུགས་ཏེ་མི་ལོ་བཅུ་དྲུག་ཙམ་ཕྱིན་པ་ན།སྨན་རྩིས་ཁང་རང་ནས་ཡན་ལག་སྨན་ཁང་ཁག་གི་དངོས་ཡོད་གནས་སྟངས་ལ་གཞིགས་པའི་མཐུན་རྐྱེན་ཡར་རྒྱས་སུ་གཏོང་རྒྱུར་དམིགས་ནས་ས་གནས་མཉམ་འབྲེལ་ལ་ས་གནས་ནས་སྨན་ཁང་རྒྱག་ཡུལ་གྱི་ས་ཆ་མཐུན་འགྱུར་གནང་བ་ཡིན་ན་སྨན་རྩིས་ཁང་རང་ནས་འགྲོ་གྲོན་བཏང་སྟེ་སྨན་ཁང་གསར་རྒྱག་བྱ་རྒྱུའི་རེ་སྐུལ་ཞུས་པ་ལྟར་ས་གནས་ནས་ཕྱི་ལུགས་སྨན་ཁང་ཉེ་འགྲམ་དུ་སྨན་ཁང་རྒྱག་ཡུལ་གྱི་ས་ཆ་མཐུན་འགྱུར་གནང་བའི་སྟེང་སྨན་ཁང་དང་། སྨན་ལས་པའི་ལས་ཤག་བཅས་ཁང་པ་ཐོག་རྩེག་གཉིས་ཅན་ཞིག་ཕྱི་ལོ་ ༡༩༩༨ ལོར་ལེགས་གྲུབ་བྱུང་བ་ནས་མཐུན་རྐྱེན་གང་ལེགས་ཡོད་པའི་ས་ཁང་རང་བདག་ཅན་ཏུ་གྱུར་ཞིང་། ཕྱི་ལོ་ ༢༠༠༥ ལོར་ཕྱི་ལུགས་འཕྲོད་བསྟེན་སྨན་ཁང་དང་ཟུང་འབྲེལ་གྱིས་སྨན་ཁང་གཉིས་དང་ལས་ཤག་གི་མཐའ་འཁོར་དུ་རྡོ་རྩེག་ལྕགས་རི་བསྐོར་བས་སྔར་ལས་བཀོད་པ་ཉམས་དགར་གྱུར། ཕྱི་ལོ་ ༢༠༠༠ ཡས་མས་སུ་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་ནི་མགོན་སྡེ་ཁག་གི་དགེ་འདུན་པ་དང་གཞིས་ཆགས་རང་གི་བོད་མི་ཙམ་དུ་མ་ཟད། ཉེ་འགྲམ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་རྣམས་ཀྱང་ཡོང་མགོ་ཚུགས་སྟེ་ཆ་སྙོམས་ཉིན་རེར་ནད་པ་བདུན་ཅུ་ནས་བརྒྱད་ཅུ་བར་འཕར་ཡོད་པ་རེད།

༣༽ད་ལྟའི་གནས་སྟངས།

སྨན་ཁང་འདིར་ད་ལྟའི་སྐབས་སྨན་རྩིས་ཁང་གི་སྨན་པ་གཅིག་དང་།   སྨན་སྤྲོད་དང་རྩིས་པ་གཉིས། གླ་པ་གཅིག་བཅས་སྨན་ལས་གྲངས་བཞི་དང་།  ཉིན་རེར་ཆ་སྙོམས་ནད་པ་བསྟེན་གཏུགས་བྱེད་མཁན་རྒྱ་གར་བ་དང་བོད་པ་གྲངས་ ༣༧ ཙམ་ཡོད། སྨན་ཁང་གི་མཐུན་རྐྱེན་ལ་སྤྱི་ཐབ་དང་སྦག་སྦག་གཅིག་བཅས་ཡོད་འདུག།

༤༽འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་ཐུབ་བསྟན་ཆོས་འབྱོར། ༡༩༨༢།༡།༡ ནས་ ༡༩༨༧།༡༢།༡ བར།

༢། སྨན་པ་སྐྱིད་འཛོམས། ༡༩༨༨།༣།༡ ནས་ ༡༩༩༣།༤།༢༠ བར།

༣། སྨན་པ་པདྨ་དབྱངས་འཛོམས། ༡༩༩༣།༤།༢༡ ནས་ ༡༩༩༧།༥།༣༡ བར།

༤། སྨན་པ་འཇམ་དབྱངས་རྒྱ་མཚོ། ༡༩༩༧།༦།༡ ནས་ ༢༠༠༡།༡།༥ བར།

༥། སྨན་པ་བློ་བཟང་ཆོས་དར། ༢༠༠༡།༡།༦ ནས་ ༢༠༠༣།༤།༢༠

༦། སྨན་པ་མཆོག་ལྡན། ༢༠༠༣།༤།༢༠ ནས་ ༢༠༠༧།༡༠།༡༥

༧། སྨན་པ་བསྟན་འཛིན་རྡོ་ལགས། ༢༠༠༧།༡༠།༢༠ ནས་ ༢༠༠༨།༥།༡༠ ༼འགན་འཛིན་ལས་ཚབ།༽

༨།སྨན་པ་ངག་དབང་སྦྱིན་པ། ༢༠༠༨།༥།༡༠ ནས་གནང་མུས།

 

གངས་སྐྱིད་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

གངས་སྐྱིད་ཡན་ལག་སྨན་ཁང་ནི་ཕྱི་ལོ་ ༡༩༨༢ ལོར་བཞུགས་སྒར་ངྷརྨ་ཤཱ་ལཱ་གངས་ཅན་སྐྱིད་གཤོངས་སུ་དབུ་འཛུགས་བྱས་པ་ཞིག་ཡིན། བཙན་བྱོལ་བོད་གཞུང་གི་བསྟི་གནས་གངས་ཅན་སྐྱིད་གཤོངས་ནི་དྷོ་ལ་དྷར་ཞེས་པའི་གནས་རིའི་ལྷོ་ངོས་སུ་ཡོད་པའི་རྡ་རམ་ཤ་ལ་གྲོང་རྡལ་གྱི་རི་སྐེད་དུ་ཆགས་ཡོད་ལ། དྷརྨ་ཤཱ་ལཱ་ཞེས་པའི་རི་གྲོང་འདིའི་རྒྱབ་ངོས་སུ་གངས་རི་དང་། རྫ་རི། ལྗོན་ཤིང་གི་ནགས་ཚལ་སོགས་ཕྱིའི་བཀོད་པ་ཡིད་དུ་འོང་པ་དང་།  མཁའ་རླུང་གཙང་ཞིང་དབེན་འཇགས་ལྡན་པའི་ཡུལ་གྲུ་ཁྱད་དུ་འཕགས་པ་ཞིག་ཀྱང་ཡིན། ཞིབ་ཕྲ་སྟོད་ཆར་གསལ།

༢༽ འཕེལ་རིམ།

ྋགོང་ས་མཆོག་ནས་རང་གཞུང་ཆོས་དོན་ལྷན་ཁང་ལ་ཐོག་མར་གཞི་རྒྱ་ཆུང་ཙམ་ཞིག་ནས་འཆར་འགོད་མགོ་འཛུགས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྨན་རྩིས་གཉིས་ཀྱི་སློབ་གཉེར་ཁང་འཛུགས་གནང་དགོས་རྒྱུ་ཕྱག་རྟགས་ཕེབས་པའི་དགོངས་དོན་བཞིན། བོད་རབ་བྱུང་བཅུ་དྲུག་པའི་ལྕགས་གླང་ ༡༩༦༡ ལོར་ཐོག་མར་ཀེ་ཤོ་ནཱའེ་བ་སི ༼དེང་དུས་རྡ་ས་བུ་ཁྱིམ་བཟོ་གྲྭ་ཆགས་ཡུལ༽ ཞེས་པའི་ས་གནས་སུ་སྨན་ཁང་གསར་འཛུགས་གནང་བ་དང་།  དེ་ནས་ལོ་གཅིག་ཙམ་གྱི་རྗེས་ཅོབ་རཱ་ཧའོ་སིར་གནས་སྤོས་བྱས་འདུག དེ་རྗེས་ཕྱི་ལོ་ ༡༩༦༥ ལོར་པར་སིག་མི་རིགས་རྒྱ་གར་བ་ནེ་རཱོ་ཇི་ཨ་མ་ནས་སྨན་བཅོས་དྲིན་ལན་འཇལ་ཆེད་བོད་རང་བཙན་མ་ཐོབ་བར་དུ་སྨན་སྦྱིན་ཁང་ལ་མེག་ལོཌ་གནཇ་ནས་ས་ཆ་ཆུང་ཙམ་ཞིག་དད་འབུལ་ཞུས་པ་དེར་ཆོས་ལྷན་ནས་འགྲོ་གྲོན་བཏང་སྟེ་ཤིང་ཁང་གསར་རྒྱག་བྱས་དེའི་ནང་སྨན་ཁང་དང་། རྩིས་ཁང་། སྨན་སྦྱོར་ཁང་སོགས་མཉམ་དུ་གནས་ཡོད་ལ། ཕྱི་ལོ་ ༡༩༧༥ ལོ་ནས་བཟུང་གངས་སྐྱིད་ཁུལ་དུ་དབུས་སྨན་རྩིས་ཁང་གི་ཨར་ལས་འཛུགས་སྐྲུན་གྱིས་ལོ་རབས་བརྒྱད་ཅུ་བའི་ལོ་མགོར་སྡེ་ཚན་ཁག་ཅིག་གངས་ཅན་སྐྱིད་གཤོངས་སུ་གནས་སྤོས་བྱས་པ་དང་མཉམ་དུ་ ༡༩༨༢ ལོར་ནད་གསོ་ཁང་དང་སྨན་ཁང་དབུ་འབྱེད་བྱས་འདུག་པ་དང་།  ཡན་ལག་སྨན་ཁང་དེ་ཐོག་མར་འཛིན་སྐྱོང་ཡིག་ཚང་གི་འོག་ཚུགས་པ་དང་སྦྲགས་ཉིན་རེར་བསྟེན་གཏུགས་བྱེད་མཁན་གྱི་ནད་པར་བརྟག་དཔྱད་སྨན་བཅོས་བྱེད་པ་དང་། ནད་གསོ་ཁང་གི་ནད་པ་རྣམས་ལ་སྨན་བཅོས་དང་འཚོ་བའི་ལྟ་རྟོག་ཀྱང་བྱེད་དགོས་ཀྱི་ཡོད་པ་རེད།

སྨན་ཁང་སྒོ་འབྱེད་གནང་བ་ནས་བཟུང་བསྟེན་གཏུགས་གནང་མཁན་གྱི་ནད་པ་ལོ་རེ་བཞིན་ཇེ་མང་དུ་སོང་ནའང་། སྨན་ཁང་གི་ཁང་ཁོངས་མཐུན་རྐྱེན་ཧ་ཅང་ཞན་པས་སྐབས་རེར་ྋབླ་སྨན་རྣམ་པར་བསྟེན་གཏུགས་ཞུ་བར་ཆེད་དུ་བཅར་བའི་ཕྱི་ནང་གི་བླ་ཆེན་དང་དཔོན་རིགས་སོགས་གལ་ཆེའི་མི་སྣ་ཁག་སྣེ་ལེན་བྱེད་རྒྱུའི་མཐུན་རྐྱེན་མེད་པ་དང་། ལྷག་པར་དུ་གངས་སྐྱིད་འདི་བཞིན་བཙན་བྱོལ་བོད་གཞུང་དང་སྨན་རྩིས་ཁང་གི་བསྟི་གནས་ཡིན་པས། བོད་ཀྱི་གསོ་བ་རིག་པ་དང་བོད་གཞུང་སྨན་རྩིས་ཁང་གི་མཚན་ལར་སྨན་པའི་སླད་དུ་སྨན་ཁང་འདི་ཡར་རྒྱས་སུ་གཏོང་དགོས་པའི་དགོངས་འཆར་ཕྱོགས་གང་ས་ནས་ཡོང་བར་བརྟེན། ྋསྐུའི་བླ་སྨན་རྣམས་གཉིས་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་རོགས་དངུལ་ཐབས་འཚོལ་གནང་བ་བརྒྱུད། ཉི་ཧོང་སྨན་པ་ཡཱ་མ་མཱོ་ཀྲོ་ Yama Moto མཆོག་ནས་འགྲོ་གྲོན་ཆ་ཚང་སྦྱར་ཏེ་ཕྱི་ལོ་ ༡༩༩༤ ལོར་ཐོག་རྩེག་གསུམ་ཅན་གྱི་ཁང་པ་གསར་རྒྱག་ལེགས་གྲུབ་ཀྱིས་སྟེང་ཐོག་གཉིས་ནང་སྨན་རྫས་ཉམས་ཞིབ་སྡེ་ཚན་དང་ཐོག་རྩེག་དང་པོའི་ནང་སྨན་ཁང་སྤོ་ཐུབ་པ་བྱུང་བ་རེད། ཕྱི་ལོ་ ༢༠༠༠ ཙམ་དུ་སྨན་ཁང་འདི་ནས་ཕོ་ནད་སྨུག་པོ་དང་། གྲུམ་བུ་ཆུ་སེར། ཁྲག་རླུང་སྟོད་འཚངས། མཆིན་མཁྲིས་ཀྱི་ནད། རིམས་ཆམ་སོགས་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་ཉིན་རེར་ཆ་སྙོམས་བརྒྱད་ཅུ་ནས་དགུ་བཅུ་བར་བརྟག་དཔྱད་སྨན་བཅོས་བྱས་ཡོད་ཅིང་།  ཕྱི་ལོ་ ༢༠༡༡ བར་གངས་སྐྱིད་ཡན་ལག་སྨན་ཁང་ནས་ནད་གསོ་ཁང་གི་ནད་པ་རྣམས་སྨན་བཅོས་བརྟག་དཔྱད་གནང་ཡོད།

༣༽ད་ལྟའི་གནས་སྟངས།

ད་ལྟའི་སྐབས་སྨན་ཁང་འདིར་སྨན་པ་བུ་མོ་གསུམ་དང་། རྩིས་པ་དང་སྨན་སྤྲོད་སོགས་ལས་བྱེད་ལྔ་ཡོད་ཅིང་། ཉིན་རེར་ཆ་སྙོམས་ནད་པ་གྲངས ༡༡༢ ཀྱིས་བསྟེན་གཏུགས་བྱེད་བཞིན་ཡོད། ནད་པ་ཡོང་ཁུངས་བོད་མི་དང་རྒྱ་གར་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཁྱམ་པ་སོགས་ཡིན། སྨན་ཁང་འདིས་ངྷ་སའི་ཉེ་འཁོར་ཁུལ་གྱི་ཤེས་རབ་དགའ་ཚལ་སློབ་གླིང་། སཱ་ར་སློབ་གྲྭ། གོ་པལ་པུར། ངྷ་ཤོད་སློབ་གྲྭ། སྙིང་སྟོབས་གླིང་། སྒྲོལ་མ་གླིང་། བཅས་སུ་འཆར་ཅན་སྨན་སྐོར་དུ་སྐྱོད་ཀྱིན་ཡོད།

སྨན་ཁང་འདི་དབུས་སུ་ཡོད་པའི་དབང་གིས་དམིགས་བསལ་སྤྱི་ཐབ་དང་སྤྱི་སྤྱོད་རླངས་འཁོར་སོགས་ཀྱི་མཐུན་རྐྱེན་མེད།

༤༽འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་ཚེ་དབང་རྟ་མགྲིན། ༡༩༨༢ ནས་ ༡༩༨༤།༧།༡ བར།

༢། བླ་སྨན་བློ་བཟང་དབང་རྒྱལ། ༡༩༨༤།༧།༡༠ ནས་ ༡༩༩༩།༩།༣༠ བར།

༣། སྨན་པ་ཟླ་བ་ཆོས་སྒྲོན། ༡༩༩༩།༡༠།༡ ནས་གནང་མུས།

 

སྤོག་ར་བཀྲ་ཤིས་དཔལ་འཁྱིལ་ཡན་ལག་སྨན་ཁང་།

༡༽མགོ་བཙུགས་དུས་དང་ཆགས་ཡུལ།

སྤོག་ར་བཀྲ་ཤིས་དཔལ་འཁྱིལ་ཡན་ལག་སྨན་ཁང་ནི་ཕྱི་ལོ་ ༡༩༨༢ ཟླ་ ༦ ཚེས་ ༡ ཉིན་གསར་འཛུགས་བྱས་པ་ཞིག་ཡིན། སྤོག་ར་བཀྲ་ཤིས་དཔལ་འཁྱིལ་བོད་མིའི་གཞིས་སྒར་ནི་ཕྱི་ལོ་ ༡༩༥༩ ལོར་རྒྱ་མི་དམར་པོས་བོད་གངས་ཅན་གྱི་སྣོད་བཅུད་ཡོངས་རྫོགས་བཙན་འཕྲོག་བྱས་པར་བརྟེན་ ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་ཆིག་འབུམ་ལ་ཉེ་བ་རིམ་གྱིས་ཁྱིམ་མཚེས་ཡུལ་གྲུ་རྒྱ་བལ་འབྲུག་གསུམ་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་བའི་ནང་ནས་བོད་མི་ཆིག་སྟོང་ཙམ་ལ་བལ་ཡུལ་དཔལ་ལྔ་ལྡན་རྒྱལ་གཞུང་གིས་བཀོད་སྒྲིག་གནང་བའི་སྤོག་ར་ཁུལ་གྱི་གཞིས་ཆགས་རྙིང་ཤོས་དེ་ཡིན།

སྤོག་ར་ནི་བལ་ཡུལ་གྱི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པ་དེ་ཡིན་ལ་བྱང་ཤར་ཕྱོགས་སུ་མཐོ་ཞིང་བརྗིད་ཉམས་ཆེ་བའི་ཨ་ན་གངས་རིས་བསྐོར་ཞིང་། མདུན་དུ་སྤོག་རའི་གཙང་པོ་དཀར་པོར་འབོད་པའི་ཆུ་ཀླུང་དལ་འབབ་རིང་མོ་དེ་བཞིན་གཡུ་འབྲུག་སྔོན་མོ་ས་ལ་རྒྱུ་བ་དང་མཚུངས་པའི་ཕྱིའི་བཀོད་པ་མཛེས་ཤིང་ལྟ་ན་སྡུག་པའི་ས་ཁུལ་འདིར། དབྱར་དུས་ཆར་ཆུ་ཅུང་འབེལ་བ་ལས་གཞན་དུས་བཞིར་གནམ་གཤིས་དྲོ་གྲང་སྙོམས་པ་དང་། དེང་རབས་ཅན་གྱི་གློག་འཕྲུལ་རྫས་འགྱུར་རིགས་ཀྱི་བཟོ་གྲྭའི་རིགས་མེད་པས་མཁའ་རླུང་གཙང་བ་སོགས་ལ་བརྟེན་ནམ་དུས་ཀྱི་དབྱེ་བ་མེད་པར་འཛམ་གླིང་གང་སའི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་འདུས་ཡུལ་གྱི་གནས་མཆོག་ཁྱད་དུ་འཕགས་པ་ཞིག་ཡིན།

༢༽འཕེལ་རིམ།

བཀྲ་ཤིས་དཔལ་འཁྱིལ་གཞིས་ཆགས་མགོ་དམངས་ཡོངས་ནས་རེ་སྐུལ་ཞུས་པ་བཞིན་རང་གཞུང་དབུས་སྨན་རྩིས་ཁང་ནས་སྨན་པ་དགེ་ལེགས་རྒྱ་མཚོ་ཆེད་གཏོང་གནང་བ་དང་། ས་གནས་མཉམ་འབྲེལ་ནས་གཞིས་ཆགས་ནང་ལོགས་སུ་སྨན་ཁང་དང་སྨན་ལས་པའི་ལས་ཤག་བཅས་མཐུན་འགྱུར་གནང་བའི་ནང་སྨན་ཁང་གསར་འཛུགས་བྱས་ཏེ། སྨན་པ་དགེ་ལེགས་རྒྱ་མཚོ་དང་། སྨན་པ་བྱམས་པ་མཁས་གྲུབ། སྨན་པ་ཐུབ་བསྟན། སྨན་པ་བློ་བཟང་བསྟན་པ་སོགས་རིམ་པས་བསྐོ་གཏོང་བྱས། དེ་ནས་རིམ་གྱིས་བོད་སྨན་གྱི་ཕན་ནུས་བལ་པོའི་མི་རིགས་རྣམས་ཀྱིས་ཤེས་རྟོགས་བྱུང་སྟེ། བལ་པོའི་མི་རིགས་རྣམས་ཐག་རིང་ཐུང་ཅི་རིགས་ནས་བསྟེན་གཏུགས་བྱེད་དུ་ཡོང་མགོ་ཚུགས་པ་སོགས་ཡར་རྒྱས་དང་བཟང་ཕྱོགས་ཀྱི་འགྱུར་བ་དེ་དག་ལ་གཞིགས་ཏེ། ཕྱི་ལོ་ ༡༩༩༧ ཟླ་བཞི་བའི་ནང་བསྟེན་གཏུགས་བྱེད་མཁན་བལ་བོའི་མི་རིགས་ཁག་དང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་རྣམས་འགྲུལ་བཞུད་སྟབས་བདེ་ཡོང་ཆེད་སྨན་ཁང་གཞུང་ལམ་འགྲམ་དུ་གནས་སྤར་བྱས་པ་དང་། དེ་རྗེས་སྨན་པ་བློ་བཟང་ཆོས་འབྱོར་སྐབས་ས་གནས་ཀཱ་སི་ཀེ་རྫོང་ལས་ཁུངས་སུ་ཁྲིམས་ཐོག་དེབ་སྐྱེལ་བྱས་པ་ནས་བཟུང་ཡན་ལག་སྨན་ཁང་འདི་བཞིན་ཁྲིམས་མཐུན་ཕུགས་འཕེར་གྱི་ངོ་བོར་གྱུར། ཡན་ལག་སྨན་ཁང་འདིར་བསྟེན་གཏུགས་བྱེད་མཁན་གྱི་ནད་པའི་ཁྲོད་ཏ་མག སྒུ་རུང་། ཤར་པ་སོགས་བལ་བོའི་མི་རིགས་ཁག་དང་།  ཡུལ་སྐོར་སྤྲོ་འཁྱམ་དུ་ཡོང་མཁན་ཕྱི་རྒྱལ་མི་རིགས། བོད་རིགས་སོགས་ཕྱི་ལོ་ ༢༠༠༠ ཡས་མས་སུ་ཉིན་རེར་ཆ་སྙོམས་ནད་པ་སུམ་ཅུ་ནས་བཞི་བཅུའི་བར་སླེབས་བཞིན་པའི་ཁྲོད་ནད་གཞི་མང་ཆེ་བ་ནི་ཡ་ཆམ་དང་།  མཁྲིས་པ། གྲུམ་བུ། ཁྲག་རླུང་སྟོད་འཚངས། བད་ཀན་སྨུག་པོ་སོགས་ཡིན། སྨན་ཁང་འདི་ནས་རེས་གཟའ་ཟླ་བ་དང་ཕུར་བུ་ནམ་འཆར་ལ་བཀྲ་ཤིས་གླིང་གཞིས་ཆགས་སུ་སྐོར་སྐྱོད་བྱེད་བཞིན་ཡོད།

༣༽ད་ལྟའི་གནས་སྟངས།

སྨན་ཁང་འདིར་སྨན་རྩིས་ཁང་གི་སྨན་པ་གཅིག་དང་། སྨན་སྤྲོད་དང་རྩིས་པ་བཅས་ལས་བྱེད་གཉིས། གླ་པ་གཉིས་བཅས་ཁྱོན་བསྡོམས་སྨན་ལས་གྲངས་ལྔ་ཡོད། ཉིན་རེར་ཆ་སྙོམས་བྱས་ན་བསྟེན་གཏུགས་བྱེད་མི་རང་རིགས་དང་ས་གནས་ཀྱི་ཡུལ་མི་གྲངས་ ༡༤ ལྷག་ཡོང་བཞིན་ཡོད། སྨན་ལས་རྣམས་ལ་ལས་ཤག་དང་སྤྱི་ཐབ། གཞན་ཡང་སྦག་སྦག་གཅིག་བཅས་ཡོད།

༤༽འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་དགེ་ལེགས་རྒྱ་མཚོ། ༡༩༨༢།༦།༡ ནས་ ༡༩༨༧།༧།༡༥

༢། སྨན་པ་ཐུབ་བསྟན་ཚེ་རིང་། ༡༩༨༧།༧།༡༨ ནས་ ༡༩༨༨།༤།༡༨

༣། སྨན་པ་བྱམས་པ་མཁས་གྲུབ། ༡༩༨༨།༤།༡༩ ནས་ ༡༩༨༨།༦།༡༩

༤། སྨན་པ་བློ་བཟང་བསྟན་པ། ༡༩༨༨།༦།༢༠ ནས་ ༡༩༨༨།༧།༡༥ འདི་ཡན་ལ་འགན་འཛིན་སྨན་པའི་བསྐོ་བཞག་ཡིག་ཆ་མི་གསལ་ཡང་ས་གནས་སུ་སྨན་པའི་ལས་ཁུར་ཞུས་ཡོད།

༤། སྨན་པ་བློ་བཟང་ཆོས་འབྱོར། ༡༩༨༨།༧།༡༨ ནས་ ༡༩༩༣།༤།༡༦ བར།

༥། སྨན་པ་བསྟན་འཛིན་གྲགས་པ། ༡༩༩༣།༤།༡༧ ནས་ ༡༩༩༤།༥།༡༥ བར།

༦། སྨན་པ་གཡང་འབུམ་རྒྱལ།   ༡༩༩༤།༧།༡༠ ནས་ ༡༩༩༨།༦།༢ བར།

༧། སྨན་པ་བློ་བཟང་ཆོས་འབྱོར།   ༡༩༩༨།༦།༣ ནས་ ༢༠༠༤།༩།༢༥

༨། སྨན་པ་བཀྲ་ཤིས་རྡོ་རྗེ། ༢༠༠༤།༩།༣༠ ནས་ ༢༠༠༥།༧།༡

༩། སྨན་པ་བསྟན་འཛིན་ཀུན་དགའ། ༢༠༠༥།༨།༢༥ ནས་ ༢༠༠༨།༤།༨

༡༠། སྨན་པ་འཕྲིན་ལས་ཡོན་ཏན། ༢༠༠༨།༥།༡༥ ནས་གནང་མུས།

ལོ་གཅིག་ཙམ་གྱི་རིང་སྨན་པ་གསུམ་བཞི་ཙམ་དུས་ཡུན་ཟླ་རེ་གཉིས་ལས་མ་བསྡད་པར་བརྗེ་བརྒྱུར་མང་པོ་གནང་དགོས་བྱུང་འདུག་པས་བཀོད་མེད། 

   

མོན་གྷོ་གཞིས་སྒར་གསུམ་པའི་ཡན་ལག་སྨན་ཁང་།

༡༽མགོ་བཙུགས་དུས་དང་ཆགས་ཡུལ།

མོན་གྷོ་འདོད་རྒུ་གླིང་གཞིས་སྒར་གསུམ་པའི་ཡན་ལག་སྨན་ཁང་ནི་ཕྱི་ལོ་ ༡༩༨༢ ལོར་གསར་འཛུགས་བསྐྱངས་པ་ཞིག་ཡིན། ཆགས་ཡུལ་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སྒར་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་བཞིའི་ཡ་གྱལ་ཀཱར་ནཱ་ཊ་ཀ་མངའ་སྡེའི་ཀར་ཝར་རྫོང་ཁོངས་སུ་ཆགས་ཡོད་ལ། དེ་ནི་ཕྱི་ལོ་ ༡༩༦༦ ལོར་གསར་འཛུགས་བྱས་ཤིང་། དེར་གཞིས་གྲོང་ཁག་དགུ་དང་། གདན་ས་ཆེན་མོ་དགའ་ལྡན་དང་དཔལ་ལྡན་འབྲས་དཀར་སྤུངས་པ་གཉིས་ཀྱི་གཙོས་པའི་ས་དགེ་བཀའ་རྙིང་གི་དགོན་སྡེ་ཁག་ཅིག་བཅས་ཁྱོན་བསྡོམས་མི་འབོར་ཆིག་ཁྲི་བཞི་སྟོང་ཙམ་ཡོད་པའི་བོད་མིའི་ཆོས་དང་རིག་གཞུང་གི་བསྟི་གནས་དང་སོ་ནམ་གཞིས་ཆགས་ཁྲོད་རྙིང་ཤོས་དང་ཆེ་ཤོས་ཀྱི་གྲས་ཤིག་ཡིན། སྤྱིར་མངའ་སྡེ་འདི་ནི་དེང་དུས་ཀྱི་འཕྲུལ་ལས་ལག་རྩལ་དང་ཤེས་ཡོན་ཐོག་རྒྱ་གར་རྒྱལ་ཡོངས་ཀྱི་ཨང་དང་པོའི་གྲས་སུ་བརྩིས་ཡོད་ལ། ས་གནས་འདིའི་ཡུལ་སྐད་ནི་ཀཱར་ནཱ་ཊ་ཀའི་སྐད་གཙོ་བོ་ཡིན་ཞིང་།སྐད་གཉིས་པ་ཨིིན་སྐད་ཡིན་པས་ཧིན་སྐད་ཤེས་མཁན་བརྒྱ་ཆ་ཉུང་ཉུང་ཡིན། ཆོས་ལུགས་ཀྱི་ཐད་ནས་ཁ་ཆེ་དང་ཡེ་ཤུ། ཧིན་ངྷུ་ཤུགས་ཆེ་ལ། ནང་པ་འང་གང་འཚམས་ཡོད། དེ་ཡང་ཐོག་མར་ས་གནས་གཞུང་ནས་ས་ཁྱོན་ཨེ་ཀ་ ༤༠༠༠ ཐམ་པ་དང་། མི་གྲངས་ ༤༠༠༠ འཚོ་གནས་བྱེད་པའི་མཐུན་རྐྱེན་ཆེད་ཧིན་སྒོར་ ༡༤༩༢༦༣༨༨ གནང་བ་དང་།  རྒྱ་གར་དབུས་དང་མངའ་སྡེ་གཞུང་ནས་རོགས་སྐྱོར་གནང་བ་བཅས་ཁར་ Swisteco, Myrada, UNHCR ཚོགས་པ་བཅས་ཀྱི་རོགས་སྐྱོར་འོག་གསར་འཛུགས་བྱས་པ་ཞིག་ཡིན། གཞིས་ཆགས་གསར་འཛུགས་སྐབས་སུ་མི་གྲངས་ ༤༣༠༦ ཡོད་ལ།

ད་ལྟ་ས་གནས་འདིར་གཞིས་གྲོང་ཁག་དགུ་དང་།  གདན་ས་ཆེན་མོ་དགའ་ལྡན་དང་འབྲས་སྤུངས་གཉིས་ཀྱིས་གཙོས་པའི་ས་དགེ་བཀའ་རྙིང་གི་དགོན་སྡེ་ཁག་ཅིག་བཅས་ཀྱི་ནང་བོད་མི་ ༡༥༩༤༧ ཡོད་པའི་བོད་མིའི་སོ་ནམ་གཞིས་ཆགས་ཁྲོད་རྙིང་ཤོས་དང་ཆེ་ཤོས་ཀྱི་གྲས་ཤིག་ཡིན། ས་གནས་འདི་ནི་རྒྱ་མཚོའི་ངོས་ནས་མཐོ་ཚད་ཕི་ཊི་ ༤༩༠ ཡོད་པ་དང་།  ཆར་བའི་འབབ་ཚད་ཆ་སྙོམས་བྱས་ན་སིན་ཌི་མི་ཀྲར་ ༡༠༦༦ འབབ་ཀྱི་ཡོད་ལ། ཚ་ཚད་ཆེ་ཤོས་ ༤༡ーc ཡིན་པ་དང་།  ཚ་ཚད་ཆུང་ཤོས་ ༡༨ーc ཡིན་པས་བྱང་ཕྱོགས་དང་མི་འདྲ་བར་དུས་བཞིའི་ནམ་ཟླ་དང་གནམ་གཤིས་དྲོ་གྲང་ལ་མངོན་གསལ་དོད་པོ་ཆེར་མེད་ཀྱང་། རྒྱ་མཚོ་དང་ཐག་ཉེ་བས་དབྱར་སྟོན་དུས་སུ་ཆར་ཆུ་འབེལ་ཞིང་དུས་དེར་གནམ་གཤིས་ཀྱང་ཅུང་བསིལ་ཞིང་།  དགུན་དཔྱིད་དུས་སུ་ཆར་ཆུ་དཀོན་པར་སོང་སྐབས་དེར་ཚ་དྲོད་ཆེ་བ་ཡོད་པའི་ས་གནས་ཤིག་ཡིན། སྤྱིར་ལྷོ་ཕྱོགས་སྤྱི་དང་ཁྱད་པར་ཀཱར་ནཱ་ཊ་ཀ་མངའ་སྡེའི་ནང་གི་ཐོན་ཁུངས་གཙོ་བོ་ཁག་ནི་འབྲས་དང་མ་རྨོས་ལོ་ཏོག སྲན་རིགས། ཀ་ཇཱུ། བེ་ཏེའི་འབྲས་བུ། གོ་ཡུ། ཀ་ཀོ་ལ། སུག་སྨེལ། སྲི་པན། སྤྲིན་བལ། བུར་ཤིང་། རྡོ་ཐ་བཅས་ཡིན། མངའ་སྡེ་འདིའི་ནང་ཧིན་རྡུ་དང་ཁ་ཆེ། སིག་མི་རིགས་བཅས་ཡོད་ལ་སྐད་ཡིག་གཙོ་བ་ཀཱར་ནཱ་ཊ་ཀ་རང་གི་ཡུལ་སྐད་གཙོ་ཆེ་ཞིང་དབྱིན་སྐད་བཀོལ་སྤྱོད་པ་མང་ནའང་ཧིན་སྐད་སྤྱོད་པ་ཆེས་ཉུང་ཉུང་ཡིན།

༢༽ འཕེལ་རིམ།

ས་གནས་སུ་གཞིས་ཆགས་གསར་འཛུགས་བྱས་རྗེས་བོད་སྨན་མེད་པར་བརྟེན་གཞིས་ཆགས་མི་དམངས་ཀྱིས་རེ་སྐུལ་བཞིན། ཕྱི་ལོ་ ༡༩༧༠ ཙམ་ནས་བཟུང་ལོ་ཤས་རིང་གཞིས་ཁོངས་ཀྱི་སྨན་པ་བརྩོན་འགྲུས་ཞེས་པར་བོད་གཞུང་སྨན་རྩིས་ཁང་ནས་གསོལ་སྨན་ཆེད་གཏོང་གིས་ས་གནས་མི་མང་ལ་སྨན་བཅོས་གནང་འདུག་ཀྱང་། དུས་ཡུན་རིང་པོར་གནས་མ་ཐུབ་པར་བརྟེན། གཞིས་ཆགས་མི་མང་ལ་སྨན་བཅོས་འཕྲོད་བསྟེན་ཐད་དཀའ་ངལ་མང་པོ་འཕྲད་དེ་སྨན་རྩིས་ཁང་ལ་ས་གནས་སུ་ཡན་ལག་སྨན་ཁང་ཞིག་གསར་འཛུགས་ཡོང་བའི་རེ་སྐུལ་ཡིག་ངག་གཉིས་ཐོག་ནས་གང་མང་ཞུས་ནའང་། སྐབས་དེར་སྨན་རྩིས་ཁང་ལ་སྨན་པ་དང་གསོལ་སྨན་གང་ཅི་ཐད་དཀའ་ངལ་ཆེ་བའི་དུས་སྐབས་སུ་ཁེལ་ཡོད་པས་འཕྲལ་མར་སྨན་ཁང་གསར་འཛུགས་མ་ཐུབ་པར། གནས་སྐབས་རིང་སྦེལ་ཀོབ་གཞིས་ཆགས་ཡན་ལག་སྨན་ཁང་ནས་ཟླ་རེར་ཐེངས་རེ་གཉིས་ཅི་ལྕོགས་གནས་བབ་དང་བསྟུན་ཏེ་འཆར་ཅན་སྐོར་སྐྱོད་སྨན་བཅོས་བྱེད་མགོ་ཚུགས་པ་རེད། མོན་གྷོ་དང་བྷེེལ་ཀོབ་གཞིས་ཆགས་གཉིས་མངའ་སྡེ་གཅིག་གི་ཁོངས་སུ་ཆགས་ཡོད་ནའང་དེ་གཉིས་ཁད་ཧ་ཅང་རིང་བར་བརྟེན། སྨན་ལས་པའི་ནུས་ཤུགས་དང་འགྲུལ་འཁོར་སོགས་གང་ཅིར་མཐུན་རྐྱེན་ཞན་པའི་རྐྱེན་གྱིས་སྨན་སྐོར་དེ་ཡང་ལོ་གཅིག་ཙམ་རྗེས་ནས་མཚམས་འཇོག་བྱེད་དགོས་བྱུང་འདུག དེ་ནས་ཡང་བསྐྱར་གཞིས་ཆགས་མགོ་དམངས་ཡོངས་ཀྱིས་སྨན་རྩིས་ཁང་ལ་རེ་སྐུལ་མཐའ་ནན་ཞུས་དོན་ལྟར། ཕྱི་ལོ་ ༡༩༨༢ ལོར་བོད་གཞུང་སྨན་རྩིས་ཁང་ནས་སྨན་པ་ལྷ་དབང་ལགས་ཆེད་གཏོང་གནང་བ་དང་། ས་གནས་མཉམ་འབྲེལ་ནས་འགན་བཞེས་ཀྱིས་སྨན་ཁང་དང་སྨན་ལས་པའི་སྡོད་ཤག་ཡུལ་ཐང་ལྟར་ཁང་གླའི་ཐོག་མཐུན་འགྱུར་གནང་སྟེ་སྨན་ཁང་སྒོ་འབྱེད་ཞུས།

དེ་ནས་བཟུང་ས་གནས་མི་མང་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་བལྟ་རེག་དྲི་བའི་ལམ་ནས་ནད་གཞི་ངོས་འཛིན་དང་། ཟས་སྤྱོད་སྨན་དཔྱད་བཞིས་སྒོ་ནས་ནད་རིགས་སྣ་ཚོགས་བཅོས་ཐབས་གནང་སྟེ་ས་གནས་ཀྱི་སྐྱ་སེར་ཕོ་མོ་ཡོངས་ལ་ཕན་རླབས་རྒྱ་ཆེན་པོ་བྱུང་བ་རེད། དེ་རྗེས་ཕྱི་ལོ་ ༡༩༨༦ ལོར་འཇར་མ་ནིའི་རྒྱལ་ཁོངས་ཡིན་པ་ཨ་མ་ཝེ་ཀར་མཆོག་ནས་རོགས་རམ་ཐབས་འཚོལ་བཀའ་དྲིན་ཆེ་བར་བརྟེན་ད་ཡོད་སྨན་ཁང་གི་འོག་ཐོག་དེ་གསར་རྒྱག་ཐུབ་པ་བྱུང་འདུག རིམ་བཞིན་བོད་སྨན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཕན་ནུས་སོགས་བོད་རིགས་ཙམ་མ་ཡིན་པར་རྒྱ་གར་ཡུལ་མི་རྣམས་ཀྱིས་ཀྱང་ཤེས་རྟོགས་བྱུང་སྟེ་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་མང་དུ་ཕྱིན་པ་དེ་བཞིན་སྨན་ལས་པ་མང་དུ་གཏོང་དགོས་བྱུང་བར་བརྟེན། སྨན་ལས་རྣམས་ལ་སྡོད་ཤག་གིས་མ་འདང་པའི་དཀའ་ངལ་འཕྲད་པར་སོང་།  ཕྱི་ལོ་ ༡༩༩༥ ལོར་བོད་གཞུང་སྨན་རྩིས་ཁང་ནས་ཨར་ལས་འགྲོ་གྲོན་བཏང་སྟེ་ད་ཡོད་ཁང་པའི་སྟེང་ཐོག་ལས་ཤག་རྣམས་གསར་རྒྱག་བྱས།  

སྨན་ཁང་འདིར་ཕྱི་ལོ་ ༡༩༩༧ ལོ་ནས་བཟུང་། ས་གནས་ཡུལ་མི་རྒྱ་གར་བ་ཉེ་འཁོར་གྱི་གྲོང་ཁྱེར་དང་། གྲོང་གསེབ་སོགས་ས་ཐག་ཉེ་རིང་ཅི་རིགས་ནས་གྲུམ་བུ་དང་། རྩ་དཀར། དབུགས་བསགས། ཕོ་སྨུག འབྲས་སྐྲན་སོགས་ཆ་སྙོམས་ཉིན་རེར་ནད་པ་བརྒྱད་ཅུ་ནས་དགུ་བཅུ་བར་བོད་སྨན་བསྟེན་གཏུགས་བྱེད་པར་སླེབས་མགོ་ཚུགས་པའི་རྐྱེན་གྱིས་ས་གནས་བོད་རིགས་རྣམས་སྨན་པར་བསྟེན་གཏུགས་བྱ་རྒྱུར་དཀའ་ངལ་འཕྲད་པར་བརྟེན། ཕྱི་ལོ་ ༡༩༩༩ ལོ་ནས་བཟུང་གཞིིས་སྒར་དྲུག་པའི་ནང་དུའང་ཡན་ལག་སྨན་ཁང་ཞིག་གསར་དུ་འཛུགས་དགོས་བྱུང་བ་རེད།

༣༽ ད་ལྟའི་གནས་སྟངས།

ད་ལྟ་སྨན་ཁང་འདིར་སྨན་པ་གཉིས་དང་། སྨན་སྤྲོད་དང་རྩིས་པ་སོགས་ལས་བྱེད་གསུམ། གླ་བ་གཅིག་བཅས་ཁྱོན་བསྡོམས་གྲངས་དྲུག་ཡོད། ཉིན་རེར་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་གྲངས་ ༨༥ ཙམ་ཡོད་འདུག་ལ། བསྟེན་གཏུགས་བྱེད་མི་རྒྱ་གར་བ་དང་བོད་རིགས་ཡིན། སྨན་ཁང་འདིར་ད་ལྟའི་ཆར་སྤྱི་ཐབ་མི་འདུག་ཀྱང་སྤྱི་སྤྱོད་རླངས་འཁོར་ཞིག་ཡོད་མུས་རེད།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་ལྷ་དབང་། ༡༩༨༢།༧།༡ ནས་ ༡༩༨༦།༦།༣༠ བར།

༢། སྨན་པ་ཚེ་རིང་རྡོ་རྗེ། ༡༩༨༦།༧།༡ ནས་ ༡༩༩༣།༤།༢༦ བར།

༣། སྨན་པ་ཡེ་ཤེས་རྡོ་རྗེ། ༡༩༩༣།༤།༢༧ ནས་ ༢༠༠༡།༣།༡༨ བར།

༤། སྨན་པ་བསྟན་འཛིན་ཚེ་དཔལ། ༢༠༠༡།༣།༣༠ ནས་ ༢༠༠༣།༤།༡༥ བར།

༥། སྨན་པ་ནོར་བུ་ཚེ་རིང་། ༢༠༠༣།༤།༢༠ ནས་ ༢༠༠༣།༧།༩

༥། སྨན་པ་ཐུབ་བསྟན་ནོར་བུ། ༢༠༠༣།༧།༢༥ ནས་ ༢༠༠༥།༤།༡

༦། སྨན་པ་སྐྱིད་འཛོམས། ༢༠༠༥།༤།༢༠ ནས་གནང་མུས།

   

ཨོ་རི་ས་ཕུན་ཚོགས་གླིང་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

ཨོ་རི་ས་ཕུན་ཚོགས་གླིང་ཡན་ལག་སྨན་ཁང་ནི་ཕྱི་ལོ་ ༡༩༨༢ ཟླ་ ༧ ཚེས་ ༥ ཉིན་གསར་འཛུགས་བྱས་པ་ཞིག་ཡིན། ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ནི་རྒྱ་གར་གྱི་ཤར་ལྷོའི་ཕྱོགས་སུ་ཡོད་པའི་ཨོ་རི་ས་མངའ་སྡེའི་གཱ་ཇ་པ་ཏི་རྫོང་ཁོངས་སུ་ཆགས་ཡོད། མངའ་སྡེའི་རྒྱལ་ས་ནི་བྷུབ་ནེ་ཤཱར་ཞེས་པ་དེ་ཡིན་ཞིང་། མངའ་སྡེ་དེའི་ནང་ད་ལྟའི་ཆར་མི་འབོར་བྱེ་བ་བཞི་དང་ས་ཡ་གཅིག་དགུ་འབུམ་བཞི་ཁྲི་བདུན་སྟོང་སུམ་བརྒྱ་ང་བརྒྱད་ ༼༤༡༩༤༧༣༥༨༽ ཡོད་པའི་བརྒྱ་ཆ་དགུ་བཅུ་ལྷག་ཧིན་ངྷུ་ཆོས་ལུགས་བྱེད་མཁན་ཡིན་པ་དང་།  སྐད་ཡིག་ནི་ཨོ་ཌི་ཡིན་ཞིང་། ས་ཁུལ་དེའི་ཐོན་ཁོངས་ནི་གཙོ་བོ་ནི་སོ་ལ་དང་ལྕགས་རིགས་ཡིན་པར་འཁོད།

ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་སྲིད་བློན་ནཱེ་རུ་ལ་བོད་ཀྱི་རིག་གཞུང་དང་། ཡུལ་སྲོལ་གོམས་གཞིས་བཟང་པོ་རྣམས་མི་ཉམས་རྒྱུད་འཛིན་དང་བོད་མི་རིགས་ཀྱི་ངོ་བོ་མི་བརླག་པའི་ཆེད་དུ་བོད་མི་རྣམས་ཁ་འཐོར་དུ་སྡོད་མི་དགོས་པར་བོད་པའི་གཞིས་ཆགས་དང་སློབ་གྲྭ་ཁག་ཟུར་འཛུགས་ཡོང་བའི་རེ་སྐུལ་གནང་བ་བཞིན། ཕྱི་ལོ་ ༡༩༦༢ ལོར་གསར་འཛུགས་གནང་བའི་བོད་མིའི་གཞིས་ཆགས་ཆེ་གྲས་དང་རྙིང་གྲས་ཤིག་ཡིན་ལ། བོད་མི་ཆོས་དང་རིག་གཞུང་རྒྱུད་འཛིན་བྱེད་པའི་དགོན་སྡེ་གང་མང་ཡོད་པ་མ་ཟད། རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཁོངས་འཛིན་རིམ་བཅུ་བ་ཅན་གྱི་བོད་གཞུང་སློབ་གྲྭ་ཞིག་ཀྱང་ཡོད་པ་རེད།

༢༽འཕེལ་རིམ།

གཞིས་ཁོངས་སུ་གནས་འཁོད་རང་རིགས་མགོ་དམངས་ཡོངས་ནས་ལོ་མང་རིང་བོད་གཞུང་སྨན་རྩིས་ཁང་ལ་གཞིས་ཆགས་སུ་ཡན་ལག་སྨན་ཁང་ཞིག་གསར་འཛུགས་ཡོང་བའི་རེ་སྐུལ་ཡང་ཡང་ཞུས་ན་ཡང་། སྐབས་དེར་སྨན་རྩིས་ཁང་སྨན་པ་འདང་ངེས་མེད་པའི་ཁར། གསོལ་སྨན་མི་འདང་བ་སོགས་གང་ཅིའི་ཐད་ཉག་ཕྲ་བའི་སྐབས་ཡིན་པས་ལམ་འཕྲལ་རེ་བ་བཞིན་སྨན་ཁང་གསར་འཛུགས་བྱེད་ཐུབ་མེད་པ་རེད། 

ཕྱི་ལོ་ ༡༩༨༢ ལོར་ས་གནས་མཉམ་འབྲེལ་ནས་སྨན་ཁང་ཚུགས་ཡུལ་མཐུན་འགྱུར་གནང་བ་བཞིན་གཞིས་ཁོངས་སུ་ཡོད་པའི་སྨན་པ་རིག་འཛིན་དབང་ཕྱུག་ལགས་ས་གནས་སྨན་པར་བསྐོ་བཞག་དང་འབྲེལ་གཞིས་གྲོང་ལྔ་པའི་ནང་ཡན་ལག་སྨན་ཁང་དངོས་སུ་སྒོ་འབྱེད་བྱས་པ་དང་། དེར་ཡུན་རིང་མ་སོང་བར་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་གཞིས་གྲོང་གསུམ་པའི་འཕྲོད་བསྟེན་སྨན་ཁང་ནང་ཁང་ཁུངས་གླ་གཡར་གྱིས་གནས་སྤོས་བྱས་འདུག་པ་དང་། དེ་རྗེས་སྨན་རྩིས་ཁང་དང་གཞིས་ཆགས་ཐུན་མོང་ནས་ད་ཡོད་སྨན་ཁང་དང་སྨན་ལས་པའི་སྡོད་ཤག་གི་དཀའ་ངལ་སེལ་ཐབས་དང་ཕན་ཚུན་གཉིས་ཕན་གྱི་ཕུགས་རྒྱང་རིང་པོའི་ཐབས་ལམ་ཐོག་གྲོས་བསྡུར་རིམ་པར་གནང་བ་བརྒྱུད། ས་གནས་མཉམ་འབྲེལ་ནས་ས་ཆ་མཐུན་འགྱུར་དང་དེ་སྟེང་སྨན་རྩིས་ཁང་ནས་ཨར་ལས་གསར་རྒྱག་བྱ་རྒྱུ་གཉིས་མོས་བྱུང་བ་བཞིན་ཕྱི་ལོ་ ༡༩༩༨ ལོ་ནས་ཨར་ལས་གསར་རྒྱག་མགོ་འཛུགས་ཀྱིས་ཕྱི་ལོ་ ༡༩༩༩ ལོར་སྨན་ཁང་དང་། སྨན་ལས་པའི་སྡོད་ཤག་སོགས་ཐོག་རྩེག་གཉིས་ཅན་ཞིག་ལེགས་གྲུབ་བྱུང་བའི་ནང་གནས་སྤར་བྱས་པ་ནས་བཟུང་ཁང་ཁུངས་ཀྱི་དཀའ་ངལ་སེལ་ཐུབ་པ་བྱུང་བ་རེད། གཞིས་ཆགས་འདི་བཞིན་ཚ་བའི་ཁུལ་དུ་གཏོགས་པས་དུག་སྦྲང་ལས་བྱུང་བའི་འདར་ཚད་ Malaria ནི་ཆེས་རྒྱུན་མཐོང་གི་ནད་གཞི་ཞིག་ཡིན་པ་དང་། དེ་མིན་ད་དུང་ཕོ་སྨུག་དང་དྲེག་གྲུམ། དབུགས་བསགས། རྩ་དཀར་ཀྱི་ནད་གཞི་སོགས་ཕྱི་ལོ་ ༢༠༠༠ ཡས་མས་སུ་བསྟེན་གཏུགས་བྱེེད་མཁན་གྱི་ནད་པ་ཆ་སྙོམས་ཉིན་རེར་སུམ་བཅུ་ནས་བཞི་བཅུ་བར་ཡིན།

༣༽ ད་ལྟའི་གནས་སྟངས།

ད་ལྟའི་སྐབས་འདིར་སྨན་ཁང་འདིར་སྨན་པ་གཅིག་དང་། སྨན་སྤྲོད་རྩིས་པ་ལས་བྱེད་གཉིས། གླ་པ་གཅིག་བཅས་སྨན་ལས་གྲངས་བཞི་ཡོད། ཉིན་རེར་ཆ་སྙོམས་བྱས་ན་སྨན་པར་བསྟེན་གཏུགས་བྱེད་མི་རྒྱ་གར་དང་བོད་པ་གྲངས་ ༢༣ ཙམ་ཡོད། སྨན་ལས་པ་རྣམས་ལ་ལས་ཤག་དང་སྨན་ཁང་སྨན་ལས་འགྲུལ་བཞུད་དཀའ་སེལ་སླད་སྦག་སྦག་གཅིག་བཅས་ཀྱི་མཐུན་རྐྱེན་ཡོད།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་རིག་འཛིན་དབང་ཕྱུག ༡༩༨༢།༧།༥ ནས་ ༡༩༩༢།༥།༤ བར།

༢། སྨན་པ་བཀྲ་ཤིས་དབང་འདུས། ༡༩༩༢།༥།༡༥ ནས་ ༡༩༩༣།༤།༡༥ བར།

༣། སྨན་པ་པདྨ་དབྱངས་འཛོམས། ༡༩༩༣།༤།༢༠ ནས་ ༡༩༩༤།༢།༡༧ བར།

༤། སྨན་པ་ཚེ་རིང་མཚོ་མོ། ༡༩༩༤།༢།༢༠ ནས་ ༡༩༩༥།༩།༢༦ བར།

༥། སྨན་པ་བློ་བཟང་དོན་ལྡན། ༡༩༩༥།༡༠།༡ ནས་ ༢༠༠༠།༢།༡༠ བར།

༦། སྨན་པ་ཚེ་རིང་དོན་འགྲུབ། ༢༠༠༡།༢།༡༥ ནས་ ༢༠༠༢།༤།༢༥ བར།
༧། སྨན་པ་པ་སངས་ཚེ་རིང་། ༢༠༠༣།༩།༡༠ ནས་ ༢༠༠༦།༣།༢༦

༨། སྨན་པ་འཕྲིན་ལས་ཡོན་ཏན། ༢༠༠༦།༤།༡ ནས་ ༢༠༠༨།༤།༨ 

༩། སྨན་པ་བསྟན་འཛིན་མཁྱེན་རབ། ༢༠༠༨།༥།༡ ནས་གནང་མུས།

   

དིལླི་ནི་ཛ་མུ་དིན་ཡན་ལག་སྨན་ཁང་།

༡༽མགོ་བཙུགས་དུས་དང་ཆགས་ཡུལ།

          དིལླི་ནི་ཛ་མུ་དིན་ཡན་ལག་སྨན་ཁང་ནི་ཕྱི་ལོ་ ༡༩༨༢ ཟླ་ ༡༢ པའི་བདུན་ཕྲག་དང་པོར་ལྡི་ལི་བོད་ཁང་ནས་བོད་སྨན་གྱི་བདུན་ཕྲག་ཅེས་རྒྱ་གར་གཙོས་པའི་ཕྱི་ནང་གི་མི་རིགས་རྣམས་ལ་བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ངོ་སྤྲོད་དང་བརྟག་དཔྱད་སྨན་བཅོས་བྱས་པ་ཧ་ཅང་ལམ་ལྷོངས་ལྡན་པ་བྱུང་བར་བརྟེན། ཕྱི་ནང་གི་གནད་ཡོད་མི་སྣ་དང་ནད་པ་མང་པོས་རེ་སྐུལ་མཐའ་ནན་ཞུས་པ་བཞིན་ཆུ་ཕག་ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༡ ནས་བཟུང་དིལླིི་བོད་ཁང་དུ་གཏན་འཇགས་སྨན་ཁང་མགོ་འཛུགས་བྱས་པ་ནས་བཟུང་རིམ་གྱིས་འཕེལ་རྒྱས་བྱུང་བ་ཞིག་ཡིན་ལ། རྒྱལ་ས་ཆེ་ཁག་ནང་ཡན་ལག་སྨན་ཁང་མགོ་འཛུགས་བྱས་པ་དང་པོ་དེའང་ཡིན།

རྒྱལ་རབས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རྒྱལ་ས་དིལླིི་ནི་རྒྱ་གར་གྱི་དཀྱིལ་དབུས་སུ་ཆགས་ཡོད་ཅིང་། ནང་པ་དང་ཁ་ཆེ། ཧིན་དྷུ་སོགས་དུས་སྐབས་སོ་སོའི་རྒྱལ་རབས་རིམ་བྱོན་གྱིས་བཞེངས་སྐྲུན་བྱས་པའི་ཡུན་རིང་གི་ལོ་རྒྱུས་ལྡན་ཞིང་བརྗིད་ཉམས་ཀྱི་གཟི་དཔལ་འབར་བའི་མཁར་རྫོང་དང་། ཕོ་བྲང་།  གནའ་ཤུལ་གྲགས་ཅན་མང་པོ་ཡོད་ལ། ལོ་ཉིས་བརྒྱ་ཙམ་གྱི་རིང་ཨིན་ཇིས་རྒྱ་གར་ལ་དབང་བསྒྱུར་བྱས་པ་མཇུག་བསྒྲིལ་ཏེ་རྒྱ་གར་ལ་རང་བཙན་ཐོབ་རྗེས་ལྡི་ལི་རྒྱལ་སར་གཏན་འཁེལ་བ་ནས་བཟུང་།  རྒྱ་གར་རྒྱལ་ཡོངས་ཀྱི་ཆབ་སྲིད་དང་། རིག་གནས། འགྲིམ་འགྲུལ། བརྡ་འཕྲིན། ཚོང་འབྲེལ་སོགས་ཀྱི་ལྟེ་གནས་སུ་གྱུར་ཏེ་རྒྱ་གར་གྱི་གྲོས་ཚོགས་གོང་འོག་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་། དབུས་གཞུང་གི་འཛིན་སྐྱོང་ལས་ཁུངས་ཁག་དང་།  ཕྱི་རྒྱལ་གྱི་གཞུང་ཚབ་ལས་ཁུངས་ཁག་བཅས་ནས་ནམ་མཁའི་སྐར་ཚོགས་ས་ལ་འཕོས་པ་ལྟར་ཆགས་ཡོད། སྐད་རིགས་གཙོ་ཆེར་ཧིན་དྷི་དང་། ཨིན་ཇི། ཨུར་ཏུ། པན་ཇཱབ་སོགས་སྣ་མང་བེད་སྤྱོད་བྱེད་བཞིན་ཡོད་ལ། རྒྱལ་སྤྱིའི་དྲྭ་བར་སྤེལ་གསལ་ལྟར་ན་རྒྱུན་དུ་འདུས་སྡོད་བྱེད་མཁན་མི་གྲངས་ས་ཡ་བཅུ་དྲུག་དང་བདུན་འབུམ་ལྔ་ཁྲི་སུམ་སྟོང་ཉིས་བརྒྱ་སོ་ལྔ་ ༼༡༦༧༥༣༢༣༥༽ ཡོད་པའི་ལྷོ་ཨེ་ཤཱ་ཡའི་གྲོང་ཁྱེར་ཆེ་གྲས་དང་རྙིང་གྲས་ཤིག་ཀྱང་ཡིན།

གྲོང་ཁྱེར་འདིར་དབྱར་དུས་ཟླ་གསུམ་རིང་སྐམ་ཚད་དང་སྟོན་མགོར་རློན་ཚད་ཆེ་བས་དུས་ཚིགས་འདིར་གྲང་གློག་དང་རླུང་འཁོར་སོགས་ཤུགས་ཆེར་བེད་སྤྱོད་བྱེད་དགོས། ཚ་དྲོད་ཆེ་བའི་སྐབས་དྲོད་ཚད་ཨང་གྲངས་བཞི་བཅུ་ཞེ་ལྔ་ཡས་མས་སུ་འཕར་བཞིན་ཡོད་པ་དང་། དགུན་དུས་སུ་དྲོད་ཚད་ཨང་གྲངས་བཅོ་ལྔ་ཡས་མས་སུ་ཆགས་བཞིན་ཡོད། སྣུམ་འཁོར་ཆེ་ཆུང་སྣ་ཚོགས་ཀྱིས་འགྲིམ་འགྲུལ་འཁྲུགས་ཆ་དོད་པའི་ཁར། མི་འབོར་ཆེ་ཞིང་གཞུང་སྒེར་གྱི་བཟོ་གྲྭ་ཆེ་ཆུང་སྣ་ཚོགས་དང་ཚོང་ཁང་སྣ་ཚོགས་གྲོང་ཁྱེར་གྱི་མཐའ་དབུས་ཀུན་ཏུ་ཁྱབ་ཡོད་པས་མཁའ་རླུང་གི་གནད་དོན་དེ་གྲོང་ཁྱེར་འདིའི་དཀའ་གནད་ཆེ་ཤོས་ཤིག་ཆགས་ཡོད་ཀྱང་ཕྱི་ལོ་ ༢༠༠༠ ཙམ་ནས་དུད་རླངས་ཤུགས་ཆེ་བའི་རླུངས་འཁོར་ཉུང་དུ་བཏང་བ་སོགས་ལ་བརྟེན་དེང་སྐབས་གྲོང་ཁྱེར་མཁའ་དབྱིངས་སྔར་ལས་ཅུང་ཟད་ལེགས་སུ་ཕྱིན་ཡོད།

༢༽ འཕེལ་རིམ།

བོད་སྨན་གྱི་བདུན་ཕྲག་ཅེས་པའི་འགྲེམས་སྟོན་སྨན་བཅོས་ནས་འཕྲོས་ཏེ་གཏན་འཇགས་ཡན་ལག་སྨན་ཁང་མགོ་འཛུགས་སྐབས་དང་ཐོག་ལྡི་ལི་བོད་ཀྱི་ཁང་པར་ལོ་གཉིས་ཙམ་དང་། དེ་རྗེས་མཱ་ཡུར་ཝི་ཧར་ཞེས་པའི་ས་གནས་སུ་སྨན་ཁང་དང་སྨན་ལས་པའི་སྡོད་ཤག་གླ་བྱས་ཏེ་ནད་པར་བརྟག་དཔྱད་སྨན་བཅོས་རྒྱུན་འཁྱོངས་བྱས་པ་དང་། དེ་ནས་རིམ་གྱིས་ཡན་ལག་དེའི་སྨན་པ་དང་སྨན་ལས་དག་གིས་ནད་པ་རྣམས་ལ་ཕ་མ་སྤུན་མཆེད་ལས་ལྷག་པའི་འདུ་ཤེས་བཟུང་སྟེ་བྱམས་སྐྱོང་དང་བརྟག་དཔྱད་སྨན་བཅོས་བྱས་པ་དང་།  ལྷག་པར་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བྱིན་མཐུ་དང་བོད་སྨན་གྱི་ཕན་ནུས་བཅས་ལས་ཕྱི་ལུགས་ཀྱིས་བཅོས་ཐབས་མེད་པའི་གཅོང་ནད་མང་པོ་ཞིག་ལ་ཕན་འབྲས་མངོན་གསལ་ཐོན་པའི་རྐྱེན་གྱིས་ནད་པ་ཉིན་རེ་ལས་ཉིན་རེར་ལྡབ་འགྱུར་གྱིས་མང་དུ་ཕྱིན་པར་བརྟེན། སྨན་རྩིས་ཁང་ནས་གཞི་རྒྱ་ཆེ་ཙམ་གྱི་རང་བདག་ས་ཁང་ཞིག་དགོས་གལ་གཟིགས་ཏེ་རིམ་པས་ཐབས་འཚོལ་བྱས་པ་བརྒྱུད། དིལླིིའི་ལྷོ་ནུབ་ཁོངས་སུ་གཏོགས་པའི་ནི་ཛ་མུ་དིན་ཁུལ་དུ་ས་ཁང་སྤུས་གཟིགས་ཀྱིས་ས་ཁང་རང་བདག་ཐོག་མིང་བསྒྱུར་དང་། ཁྲིམས་ཐོག་དེབ་སྐྱེལ་སོགས་བྱས་ཏེ་ཕྱི་ལོ་ ༡༩༨༨ ཟླ་ ༡༢ ཚེས་ ༢༣ ཉིན་མཱ་ཡུ་ཝེ་ཧར་ནས་ནི་ཛ་མུ་དིན་སྨན་ཁང་གསར་པ་སྤོ་བཤུད་ཀྱིས་ནི་ཛ་མུ་དིན་ཡན་ལག་སྨན་ཁང་ཞེས་མིང་འདོགས་བྱས།

ཕྱི་ལོ་ ༢༠༠༠ ཡས་མས་སུ་སྨན་ཁང་འདིར་བསྟེན་གཏུགས་བྱེད་མཁན་གྱི་ནང་པའི་ཁྲོད་རྒྱ་གར་གྱི་ཞི་དྲག་དཔོན་རིགས་ཆེ་ཕྲ་དང་ཡུལ་མི་དཀྱུས་མ། དེ་བཞིན་དིལླིར་བཅའ་སྡོད་ཨ་རི་དང་། སུད་སི། སོག་པོ། ཨི་ཊ་ལི། ཕོ་ལནཌ། ཨུ་རུ་སུ། ཀོ་རི་ཡ། ཕི་རཱན་སི། ཊར་ཀི་བཅས་ཀྱི་གཞུང་ཚབ་ཁག རྒྱལ་ས་དིལླིི་གཙོས་པའི་ཉེ་འཁོར་གྱི་གྲོང་ཁྱེར་དང་མངའ་སྡེའི་ཁག་བི་ཧར་དང་། ཡུ་པི། ལཀ་ནའོ། ཀ་ཏ། མུམ་བཻ། ཨ་ལཱི་གར། མཻརཋ། ནེ་ནི་ཏཱལ། ཨག་རཱ། ཀཱན་པུར། ཧེདྲབཱད། རཱཇསྠཱན། པཌ་ན། པན་ཇཱབ་སོགས་མངའ་སྡེ་ཁག་དང་། ནུབ་ཕྱོགས་རྒྱལ་ཁབ་སོགས་ནས་ཉིན་རེར་བསྟེན་གཏུགས་བྱེད་མཁན་ནད་པ་ཆ་སྙོམས་བྱས་ན་སུམ་བརྒྱ་ལྔ་བཅུ་ནས་བཞི་བརྒྱ་བར་ཡོད་པ་རེད།

༣༽ ད་ལྟའི་གནས་སྟངས།

སྨན་ཁང་འདིར་སྨན་པ་གསུམ་དང་། སྨན་སྤྲོད་དང་རྩིས་པ་སོགས་ལས་བྱེད་བརྒྱད། གླ་པ་གཉིས་བཅས་ཁྱོན་བསྡོམས་སྨན་ལས་གྲངས་བཅུ་གསུམ་ཡོད། ཉིན་རེར་བསྟེན་གཏུགས་བྱེད་མཁན་རྒྱ་གར་བ་དང་བོད་པ་གྲངས་ ༡༢༧ ཙམ་ཡོང་བཞིན་ཡོད་ལ་ནད་པ་མང་ཆེ་ཤོས་རྒྱ་གར་ཡུལ་མི་མཐོ་འབྲིང་དམན་གསུམ་ཡིན། སྨན་ཁང་འདིར་མཐུན་རྐྱེན་གྱི་ཆ་ནས་སྨན་ལས་རྣམས་ལ་ལས་ཤག་དང་། སྤྱི་ཐབ། སྤྱི་སྤྱོད་རླངས་འཁོར་བཅས་ཀྱི་ཆ་རྐྱེན་ལྡན་ཡོད།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་ཟླ་བ་སྒྲོལ་མ། ༡༩༨༢།༡༢  ནས་ ༡༩༨༣

༢། སྨན་པ་བསོད་ནམས་ཚེ་རིང་། ༡༩༨༣ ནས་ ༡༩༨༣

༣། སྨན་པ་པདྨ་རྡོ་རྗེ། ༡༩༨༣ ནས་ ༡༩༨༤

༤། སྨན་པ་ཚེ་དབང་རྟ་མགྲིན། ༡༩༨༤།༡༠།༡༥ ནས་ ༢༠༠༡།༨།༢༠ བར།

༥། སྨན་པ་པདྨ་དབྱངས་ཅན། ༢༠༠༡།༨།༢༥ ནས་ ༢༠༠༦།༣།༣༠ བར།

༦། སྨན་པ་བསྟན་འཛིན་བདེ་བྱེད། ༢༠༠༦།༤།༡ ནས་གནང་མུས།

   

ཌལ་ཧོར་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

ཌལ་ཧོར་ཡན་ལག་སྨན་ཁང་ནི་དེ་སྔོན་མཉམ་ལས་བཟོ་གྲྭ་རང་ཁུངས་ནས་སྨན་ཁང་ཞིག་ཆེད་གཉེར་གནང་འདུག་པ་དེ་བཞིན་ཕྱི་ལོ་ ༡༩༨༤ ཟླ་ ༥ ཚེས་ ༢༣ ཉིན་བོད་གཞུང་སྨན་རྩིས་ཁང་གི་ཡན་ལག་ཏུ་མཚན་བསྒྱུར་རྩིས་བཞེས་གནང་པ་ཞིག་ཡིན། ཌལ་ཧོར་ནི་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁོངས་སུ་ཆགས་ཡོད་ལ། གནམ་གཤིས་བསིལ་པོ་ཡིན་པས་དབྱར་དུས་དང་སྟོན་དུས་སུ་རྒྱ་ཐང་ནས་ཚ་གཡོལ་དང་སྦྲགས་ཡུལ་སྐོར་སྤྲོ་འཁྱམ་དུ་ཕེབས་མཁན་དང་། དགུན་དུས་གངས་རྩེད་བྱེད་མཁན་མང་པོ་འདུས་སའི་རི་གྲོང་ཞིག་ཡིན་ལ། ཕྱི་ལོ་ ༡༩༥༩ ཟླ་ ༡༠ ཚེས་ ༢ ཉིན་ཌལ་ཧོར་བོད་མིའི་ལག་ཤེས་བཟོ་གྲྭ་གསར་འཛུགས་གནང་བ་མ་ཟད། རིམ་གྱིས་བོད་ནས་བཙན་བྱོལ་དུ་འབྱོར་བ་གང་འཚམས་ཤིག་ས་གནས་འདིར་ཆེད་གཏོང་གིས་གཞིས་ཆགས་པའི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་སོགས་ཀྱི་དགེ་འདུན་པས་གཙོས་གདན་སའི་དགེ་འདུན་པ་གང་མང་ཞིག་དུས་ཡུན་གང་འཚམས་རིང་བཞུགས་ཡོད་པ་དང་། དེ་ནས་རྒྱ་གར་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་ཌལ་ཧོར་བོད་གཞུང་གཏན་འཇགས་སློབ་གྲྭ་བཙུགས་ནས་ལོ་ཤས་རྗེས་མཁས་དབང་ཟམ་གདོང་རིན་པོ་ཆེ་སློབ་གྲྭ་འདིའི་ཆོས་དགེ་ནས་སློབ་སྤྱི་གནང་བའི་ལོ་རྒྱུས་ཀྱང་ཡོད་པ་རེད།

༢༽ འཕེལ་རིམ།

དེ་ཡང་ཕྱི་ལོ་ ༡༩༦༣ ཙམ་ནས་སྨན་སྦྱིན་ཁང་གི་སྨན་རྒྱུ་འཐུ་སྒྲུབ་དང་གཙང་སྦྱོར་སོགས་ཀྱི་ལས་གཞི་མགོ་འཛུགས་སྐབས་ནས་ས་གནས་དགེ་འདུན་པ་ཚོས་རོགས་འདེགས་གང་མང་གནང་ཡོད་པ་དང་།  དེ་ནས་ཕྱི་ལོ་ ༡༩༧༤ ལོ་ནས་བཟུང་།  ཌལ་ཧོར་མཉམ་ལས་བཟོ་གྲྭ་རང་ཁོངས་ནས་སྨན་ཁང་ཚུགས་ཡུལ་དང་།  སྨན་པའི་ལས་ཤག་སོགས་མཐུན་འགྱུར་དང་སྦྲགས་སྨན་པ་བསོད་ནམས་ལྷ་མོ་ལགས་གདན་འདྲེན་གྱིས་ Moti Tibba ཁུལ་དུ་སྨན་ཁང་མགོ་འཛུགས་གནང་འདུག་པ་དང་། དེ་ནས་ས་ཁུལ་དུ་ནད་པ་ཡོང་མིན་དང་འགྲུལ་བཞུད་སྟབས་བདེ་མིན་སོགས་ཀྱིས་ Spring Hotel ཞེས་པའི་མགྲོན་ཁང་ནང་གནས་སྤོས་ཀྱིས་སྨན་ཁང་ཚུགས་པ་སོགས་གནས་སྤོར་ཐེངས་འགར་བྱས་མྱོང་པའི་ལོ་རྒྱུས་ཡོད་ལ། ༡༩༨༤ ལོར་བོད་གཞུང་སྨན་རྩིས་ཁང་གི་ཡན་ལག་ཏུ་མཚན་བསྒྱུར་རྩིས་བཞེས་གནང་སྟེ་ཅང་མ་འགོར་བར་ Spring Hotel དེ་བཞིན་ཁང་གླ་ཆེ་དྲགས་པས་འགྲོ་སོང་གི་ཁ་འདུམ་མིན་སོགས་ཀྱིས་སླར་བཟོ་གྲྭའི་ཉེ་འགྲམ་ Amrit Dara ཁུལ་དུ་སྨན་རྩིས་ཁང་དང་འཕྲོད་བསྟེན་གཉིས་མཉམ་འབྲེལ་སྒོས་ཁང་མིག་གཉིས་གླ་གླས་ཀྱིས་ཁང་མིག་གཅིག་ནང་སྨན་རྩིས་ཁང་དང་། ཁང་མིག་གཅིག་ནང་འཕྲོད་བསྟེན་སྨན་ཁང་ཚུགས་པ་རེད།

སྐབས་དེར་སྨན་ལས་པའི་སྡོད་ཤག་ས་གནས་མཉམ་ལས་བཟོ་གྲྭ་ནས་མཐུན་འགྱུར་གནང་བཞིན་ཡོད་པར་བརྟེན། བཟོ་གྲྭའི་མི་མང་ལ་སྨན་རིན་ཕྱེད་བཅག་གནང་དགོས་ལུགས་ས་གནས་བཟོ་གྲྭའི་མགོ་འཛིན་དམངས་ནས་དབུས་སྨན་རྩིས་ཁང་ལ་རེ་སྐུལ་ཞུས་པ་བཞིན་ལོ་ངོ་གཉིས་ཙམ་གྱི་རིང་བཟོ་གྲྭའི་མི་དམངས་ལ་སྨན་རིན་བརྒྱ་ཆ་བཅུ་ཆག་ཡངས་གནང་འདུག་ཀྱང་། ཕྱི་ལོ་ ༡༩༨༧ ལོར་དབུས་སྨན་རྩིས་ཁང་ནས་ས་གནས་མཉམ་སྦྲེལ་ལ་སྨན་ཁང་དང་སྨན་ལས་པའི་སྡོད་ཤག་ངེས་གཏན་ཞིག་ས་གནས་ནས་དགོངས་བཞེས་གནང་ཐུབ་ཡོད་ཚེ། མི་མང་གི་འཕྲོད་བསྟེན་བདེ་རྩར་སོང་སྨན་རྩིས་ཁང་ལ་གྱོང་གུན་ཆེ་མིན་ལ་མ་ལྟོས་པར་སྨན་ཁང་མུ་མཐུད་ཚུགས་ཆེད་སྨན་པ་ཡང་འཕར་མ་གཏོང་འཆར་དང་། གལ་ཏེ་ས་གནས་ནས་ཁང་ཁུངས་བཀོད་སྒྲིག་བྱེད་མ་ཐུབ་ཚེ་སྨན་ཁང་ཕྱིར་བསྡུ་དང་ས་གནས་སུ་ཟླ་རེར་ཐེངས་གཉིས་ཇི་དགོས་སྨན་སྐོར་བྱ་རྒྱུ་ཡིན་ལུགས་གསུངས་པར་བརྟེན། ལོ་དེ་ནས་བཟུང་བཟོ་གྲྭའི་ཁང་ཁུངས་བཀོད་སྒྲིག་ཞུས་པ་བཞིན་བཟོ་གྲྭའི་ནང་ལོགས་སུ་གནས་སྤོ་བྱས་འདུག ཕྱི་ལོ་ ༡༩༩༤ ལོར་སྐབས་དེའི་དབུ་འཛིན་ཚེ་རིང་བཀྲ་ཤིས་ལགས་ས་གནས་སུ་གཟིགས་སྐོར་དུ་ཕེབས་ཏེ་སྨན་ཁང་གི་ཁང་ཁུངས་དང་འཛིན་ཆས། སྨན་ལས་པའི་སྡོད་ཤག་སོགས་གནས་སྟངས་ཤིན་ཏུ་སྐྱོ་པོ་ཡོད་པ་གཟིགས་ཏེ་ཛ་དྲག་གི་བརྟག་དཔྱད་ཁང་སོགས་རྒྱ་བསྐྱེད་དགོས་པའི་ལམ་སྟོན་དང་ཆོག་མཆན་བསྩལ་གནང་བ་དང་།  ས་གནས་ཀྱི་འབྲེལ་ཡོད་མི་སྣ་དང་བརྒྱ་འཐུས་རྣམས་བཞུགས་མོལ་ཚོགས་འདུ་བསྐོང་སྟེ་ཡན་ལག་སྨན་ཁང་རྒྱ་བསྐྱེད་དང་མ་འོངས་བྱ་ཕྱོགས་སྐོར་ལ་གོ་བསྡུར་ལྷུག་པོ་གནང་བ་བཅས་ལ་བརྟེན། སྨན་ཁང་གི་གནས་སྟངས་ཅུང་ཡར་རྒྱས་སུ་ཕྱིན་ཏེ་ Chamba ཁུལ་དང་། Pathankot ཁུལ་སོགས་སུ་སྐོར་སྐྱོད་བྱེད་མགོ་ཚུགས་པ་སོགས་བྱུང་འདུག་ཀྱང་། ཁང་ཁུངས་དང་འགྲུལ་བཞུད། མི་འགྲོ། ནད་པ་མང་པོ་ཡོང་མིན་སོགས་ཀྱིས་མི་འགྱང་པར་མཚམས་འཇོག་བྱེད་དགོས་བྱུང་བ་རེད།  

ཁུལ་འདིར་དགུན་དུས་གནམ་གཤིས་གྲང་ངར་ཆེ་བས་གནས་སུ་གཏན་སྡོད་བྱེད་མི་ཉུང་བར་བརྟེན། དབུས་ཀྱི་བཀའ་འབྲེལ་བཞིན་དེ་སྔོན་མ་ནཱ་ལི་ཡན་ལག་སྨན་ཁང་སྐོར་སྐྱོད་བྱེད་བཞིན་པའི་ཚབ་ཏུ་ ༢༠༠༢ ལོ་ནས་བཟུང་འཆར་ཅན་དགུན་དུས་ཟླ་གསུམ་རིང་གནས་མཆོག་རྡོ་རྗེ་གདན་དུ་སྐོར་སྐྱོད་བྱེད་མགོ་ཚུགས་ཤིང་།  ཕྱི་ལོ་ ༢༠༠༠ ཡས་མས་སུ་སྨན་ཁང་འདིར་མཁལ་གྲུམ་དང་། རྩ་དཀར། སྟོད་འཚངས། མ་ཞུ་བ། ཡ་མའི་ནད་གཞི་སོགས་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་ཉིན་རེར་ཆ་སྙོམས་བཅོ་ལྔ་ནས་ཉི་ཤུ་བར་སླེབ་བཞིན་ཡོད་པ་རེད།

༣༽ ད་ལྟའི་གནས་སྟངས།

ད་ལྟའི་ཆར་སྨན་ཁང་འདིར་སྨན་རྩིས་ཁང་གི་སྨན་པ་གཅིག་དང་།  སྨན་སྤྲོད་རྩིས་པ་བཅས་ལས་བྱེད་གཉིས། གླ་པ་གཅིག་བཅས་ཁྱོན་བསྡོམས་ལས་བྱེད་གྲངས་བཞི་ཡོད། ཉིན་རེར་ཆ་སྙོམས་བྱས་ན་བསྟེན་གཏུགས་བྱེད་མཁན་རྒྱ་གར་བ་དང་བོད་པ་གྲངས་ ༩ རེ་ཡོང་བཞིན་ཡོད། སྨན་ལས་རྣམས་ལ་ལས་ཤག་དང་། སྤྱི་ཐབ།  སྤྱི་སྤྱོད་རླངས་འཁོར་གཅིག སྦག་སྦག་གཅིག་བཅས་ཡོད།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་བསོད་ནམས་ལྷ་མོ། ༡༩༨༤།༥།༢༣ ནས་ ༡༩༨༥།༣།༣༡ བར།

༢། སྨན་པ་པདྨ་དབྱངས་འཛོམས། ༡༩༨༥།༤།༡ ནས་ ༡༩༩༣།༧།༡༠ བར།

༣། སྨན་པ་ཉི་མ་ཚེ་རིང་། ༡༩༩༣།༧།༡༡ ནས་ ༡༩༩༦།༥།༤ བར།

༤། སྨན་པ་བཤད་སྒྲུབ་ཚེ་རིང་། ༡༩༩༦།༥།༤ ནས་ ༡༩༩༨།༡༠།༥ བར།

༥། སྨན་པ་ཀུན་བཟང་སྒྲོལ་མ། ༡༩༩༨།༦།༡༦ ནས་ ༢༠༡༡།༤།༡༠ བར།

༦། སྨན་པ་བསོད་ནམས་རྡོ་རྗེ། ༢༠༡༡།༤།༡༥ ནས་གནང་མུས།

   

སྤོག་ར་བྱམས་པ་གླིང་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

ཡན་ལག་སྨན་ཁང་འདི་ནི་ཕྱི་ལོ་ ༡༩༨༤ ཟླ་ ༧ ཚེས་ ༡ ཉིན་གློ་སྒྲིགས་འཛུགས་ཀྱི་འཛིན་སྐྱོང་འོག་ཡོད་པའི་སྨན་ཁང་ནས་རང་གཞུང་སྨན་རྩིས་ཁང་གི་བྱམས་པ་གླིང་ཡན་ལག་སྨན་ཁང་དུ་མིང་བསྒྱུར་བྱས་པ་ཞིག་ཡིན། སྤོག་ར་བྱམས་པ་གླིང་བོད་མིའི་གཞིས་ཆགས་ནི་སྤོག་ར་གྲོང་ཁྱེར་ནས་ཤར་ཕྱོགས་སུ་ཀེ་ལོ་མི་ཊར་ཉི་ཤུ་ཙམ་གྱི་སར་ཆགས་ཡོད་ཅིང་། དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུ་བའི་ནང་བཙན་རྒོལ་རྒྱལ་སྐྱོབ་ཀྱི་གློ་དྲག་པོའི་སྒྲིག་འཛུགས་ཁུ་བསྡུ་གནང་རྗེས། རང་གཞུང་ནས་བལ་ཡུལ་གཞུང་ལ་རེ་སྐུལ་དང་།  བཀའ་མོལ་བྱས་པ་བརྒྱུད་སྒྲིག་འཛུགས་ཀྱི་ཁོངས་མི་ལྔ་བརྒྱ་ཙམ་ལ་བལ་གཞུང་ནས་སྡོད་ཁང་བཀོད་སྒྲིག་བྱས་པའི་གྲས་ཤིག་ཡིན། ས་ཁུལ་འདི་བཞིན་སྤོག་རའི་གཙང་པོ་དཀར་པོར་འབོད་པའི་རྒྱུགས་ཆུའི་འགྲམ་དུ་ཆགས་ཡོད་པས་ཚ་དྲོད་ཆེ་ཞིང་ཆར་ཆུ་འབེལ་པའི་ཡུལ་ཞིག་དང་། ལུང་གཤོང་འདིར་ས་བབ་དང་གནམ་གཤིས་སོགས་ཀྱི་དབང་གིས་ཞིང་ལས་ཀྱི་ཐོན་ཁུངས་བཟང་བས་སྒུ་རུང་དང་། ཤར་པ། རྟ་མང་སོགས་བལ་ཡུལ་གྱི་མི་རིགས་སྣ་ཚོགས་འཚོ་སྡོད་བྱེད་བཞིན་ཡོད་ལ། སྤོག་ར་གྲོང་ཁྱེར་དང་ཐག་ཉེ་འབྲེལ་གྱི་ཆ་ནས་ཡུལ་སྐོར་སྤྲོ་འཆམ་པ་འདུས་ཡུལ་གྱི་ས་གནས་ཤིག་ཀྱང་ཡིན་ནོ།།

༢༽ འཕེལ་རིམ།

དེ་ཡང་དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུ་བའི་ནང་བཙན་རྒོལ་རྒྱབ་སྐྱོར་ཀྱི་གློ་དྲག་པོའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་འོག་མངའ་རིས་སྐྲ་བདུན་སྨན་པ་འགྱུར་མེད་རྡོ་རྗེས་དགོས་མཁོའི་གསོལ་སྨན་ཁག་སྨན་རྩིས་ཁང་ནས་ཉོ་སྒྲུབ་ཀྱིས་གློ་སྒྲིག་གི་སྨན་སྦྱིན་པའི་ལས་ཁུར་ཞུས་ཤིང་། དེའི་རྗེས་འདི་ག་སྨན་སྦྱིན་སློབ་ཐོན་དང་པོའི་གྲས་སྨན་པ་ལྷ་དབང་ལགས་གློ་དམག་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་སྨན་པར་ཆེད་གཏོང་བྱས་འདུག གློ་དྲག་པོའི་སྒྲིག་འཛུགས་སྒྲིལ་ཏེ་གཞིས་ཆགས་ཀྱི་ངོ་བོར་བསྒྱུར་གནང་རྗེས་སྐབས་དེའི་བདེ་སྲུང་བཀའ་བློན་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་མཆོག་དང་།  སྨན་རྩིས་ཁང་གི་འགན་འཛིན་ཕྱག་རོགས་སྟག་ལྷ་རྣམ་རྒྱལ་ལྷ་མོ་གཉིས་གཟིགས་སྐོར་དུ་ཕེབས་སྐབས་དང་སྟབས་བསྟུན་ནས་ཕྱི་ལོ་ ༡༩༨༤ ཟླ་ ༧ ཚེས ༡ ཉིན་རང་གཞུང་སྨན་རྩིས་ཁང་གི་འཛིན་སྐྱོང་འོག་ཏུ་རྩིས་བཞེས་གནང་སྟེ་སྤོག་ར་བྱམས་པ་གླིང་ཡན་ལག་སྨན་ཁང་ཞེས་མཚན་གསོལ་གནང་།  དེ་ནས་བཟུང་གཞིས་ཆགས་མི་མང་གིས་གཙོས་པའི་སྒུ་རུང་དང་།  རྟ་མང་། ཤར་པ་སོགས་བལ་བོའི་མི་རིགས་སོགས་ཉིན་རེར་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་རྣམས་ལ་བརྟག་དཔྱད་སྨན་བཅོས་དང་། ཡང་སྤོག་ར་རྒྱལ་སར་ཡོད་པའི་གློ་སྒྲིག་ཁོངས་ཀྱི་བཟོ་གཞིས་དཔལ་འབྱོར་གླིང་དུ་འཆར་ཅན་ཟླ་རེར་ཐེངས་རེ་སྐོར་སྐྱོད་བྱེད་མགོ་བཙུགས་ཏེ་ལོ་ཤས་སོང་རྗེས། བསྟེན་གཏུགས་བྱེད་མཁན་གྱི་ནད་པའི་ཡོངས་སྟངས་དང་བསྟུན་འཆར་ཅན་ཟླ་རེར་སྐོར་སྐྱོད་ཐེངས་རེར་བྱེད་པ་དེ་གཟའ་འཁོར་རེར་ཐེངས་རེ་བསྒྱུར་བ་དང་། དེ་རྗེས་ཕྱི་ལོ་ ༡༩༩༨ ལོའི་ལོ་མགོ་ནས་བཟུང་དབུས་སྨན་རྩིས་ཁང་དང་བཀའ་བསྡུར་རིམ་པར་བྱས་པ་བརྒྱུད། བྱམས་པ་གླིང་ས་གནས་རང་ལ་མི་འབོར་དེ་ཙམ་མེད་པ་དང་། འགྲུལ་བཞུད་སྟབས་བདེ་པོ་མེད་པ། དཔལ་འབྱོར་གླིང་དེ་བཞིན་སྤོག་ར་རྒྱལ་སའི་དཀྱིལ་དུ་ཡོད་པ་དང་། འགྲུལ་བཞུད་སྟབས་བདེ་ཡོད་པས་བལ་ཡུལ་གྱི་ཡུལ་མི་རྣམས་ཀྱང་བསྟེན་གཏུགས་བྱེད་དུ་ཡོང་བདེ་བའི་ཆ་ནས་དཔལ་འབྱོར་གླིང་བཟོ་གཞིས་ལས་ཁུངས་དང་འབྲེལ་བ་བྱས་ཏེ་བརྟག་དཔྱད་ཁང་དང་སྨན་སྤྲོད་ཁང་ཆེད་ཁང་མིག་གཅིག་མཐུན་འགྱུར་གནང་བའི་ནང་སྨན་ཁང་གཏན་འཇགས་བཟོས་པ་དང་། བྱམས་པ་གླིང་དུ་འཆར་ཅན་རེས་གཟའ་ཕུར་བུ་དང་པ་སངས་ཉིན་ཕྱེད་བཅས་སུ་སྐོར་སྐྱོད་བྱེད་རྒྱུ་གཏན་འབེབས་གནང་།

ཕྱི་ལོ་ ༢༠༠༠ ཡས་མས་སུ་སྨན་ཁང་འདིར་བོད་རིགས་དང་བལ་བོའི་མི་རིགས་སོགས་ཉིན་རེར་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་བཅོ་ལྔ་ནས་ཉི་ཤུ་བར་སླེབས་བཞིན་པའི་ནང་ཁྲག་རླུང་སྟོད་འཚངས་དང་། བད་ཀན་སྨུག་པོ། པགས་ནད་ཆུ་སེར་། དྲག་གྲུམ་གྱི་ནད་གཞི་སོགས་ལུགས་གཞན་གྱིས་བཅོས་དཀའ་བའི་ནད་གཞིའི་རིགས་ལ་ཕན་སྐྱེད་མངོན་གསལ་ཐོན་འདུག

༣༽ ད་ལྟའི་གནས་སྟངས།

ད་ལྟའི་ཆར་སྨན་ཁང་འདིར་སྨན་རྩིས་ཁང་གི་སྨན་པ་གཅིག་དང་།   སྨན་སྤྲོད་དང་རྩིས་པ་གཅིག་ལྕོགས་གཅིག་བཅས་སྨན་ལས་གྲངས་གཉིས་ཡོད། ཁུལ་དེའི་ནད་པ་མང་ཆེ་བ་གློ་དམག་ཟུར་བ་ལོ་ན་ཆེ་བ་དག་ཡིན་པས་སྨན་རིན་མེད་པའི་ཐོག་སྨན་སྐོར་བྱེད་མུས་ཡིན་ལ། ཉིན་རེར་ཆ་སྙོམས་བྱས་ན་བསྟེན་གཏུགས་བྱེད་མི་ས་གནས་ཀྱི་ཡུལ་མི་དང་བོད་མི་གྲངས་ ༡༠ ལྷག་ཡིན། སྨན་ལས་གཉིས་ལ་ལས་ཤག་དང་ཡར་འགྲོ་མར་འགྲོའི་དཀའ་ངལ་སེལ་ཆེད་སྦག་སྦག་གཅིག་ཡོད།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་འགྱུར་མེད་རྡོ་རྗེ། ༡༩༨༤།༧།༡ ནས་ ༢༠༠༣།༤།༡༥ བར་ཡུན་རིང་གནང་ཡོད་ཅིང་། ཁོང་ནི་སྨན་རྩིས་ཁང་ནས་ཐོན་པའི་སྨན་པ་མིན།

༢། སྨན་པ་བསྟན་འཛིན་དགེ་ལེགས། ༢༠༠༣།༤།༡༨ ནས་ ༢༠༠༨།༤།༨

༣། སྨན་པ་བདེ་ཆེན་ཆོས་སྒྲོན། ༢༠༠༨།༥།༡༠ ནས་ ༢༠༡༠།༣།༣༠

༤། སྨན་པ་ཕུན་ཚོགས་བསྟན་དར། ཕྱི་ལོ་ ༢༠༡༠།༣།༣༠ ནས་གནང་མུས།

   

ཀ་ལོན་སྦུག་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

སྨན་ཁང་འདི་ནི་ཕྱི་ལོ་ ༡༩༨༥ ཟླ་ ༣ ཚེས་ ༣ ཉིན་གསར་འཛུགས་བྱས་པའི་གྲས་ཤིག་ཡིན། ཀ་ལོན་སྦུག་ནི་རྒྱ་གར་གྱི་མངའ་སྡེ་ནུབ་བྷང་ག་ལའི་བྱང་ཤར་ཕྱོགས་སུ་ཆགས་ཡོད་ཅིང་། ཕྱི་ལོ་ ༡༩༥༩ ལོའི་དུས་འགྱུར་མ་བྱུང་སྔོན་ནས་ཁུལ་འདིར་བོད་ཀྱི་སྐུ་དྲག་ཁག་གི་གཟིམ་ཤག་དང་།  སྤྲུལ་སྐུ་དང་དགོན་སྡེ་ཆེ་ཁག་གི་བླ་བྲང་། ཚོང་རིགས་སྣ་ཚོགས་གཉེར་མཁན་གྱི་འབྱོར་ལྡན་པ་སོགས་བོད་མི་སུམ་སྟོང་ཙམ་འདུས་སྡོད་བྱེད་བཞིན་ཡོད་པས། རྒྱ་གར་དང་བོད་དབར་འགྲིམ་འགྲུལ་དང་། ཚོང་ཟོག་བརྗེ་རེས་བྱེད་ཡུལ་གྱི་འགག་སྒོའི་ས་གནས་གལ་ཆེན་ཞིག་ཡིན་པར་མ་ཟད། བོད་ཀྱི་ཉེ་རབས་ལོ་རྒྱུས་སྟེང་སྲིད་དོན་གྱི་འཁྲུག་ཆ་དོད་ཅིང་། འཛམ་གླིང་གིས་བོད་ལ་བལྟ་སའི་སྒེའུ་ཁུང་དང་འགྲོ་སའི་སྒོ་ཆེན་ཞིག་ཀྱང་ཡིན།

ཡིན་ནའང་དུས་འགྱུར་བྱུང་རྗེས་དགོས་དབང་གིས་གཟིམ་ཤག་དང་།  བླ་བྲང་།  ཚོང་རིགས་སོགས་བོད་རིགས་མང་ཆེ་བ་ས་གནས་གཞན་དུ་གནས་སྤོས་བྱས་ཟིན་མོད། དེང་སང་ཡང་ཁུལ་འདིར་གནས་སྡོད་བྱེད་མཁན་ཁོངས་བྷོ་ཊ་ཡ་ཞེས་བོད་མ་ཤོར་གོང་ནས་སླེབས་པའི་བོད་རིགས་ཁག་ཅིག་དང་བོད་ཤོར་རྗེས་སླེབས་པའི་བོད་རིགས་བཅས་བོད་མི་སྟོང་ཕྲག་ཁ་ཤས་ཡོད་ལ། ད་དུང་ས་གནས་འདིར་སྲད་རྒྱུད་གྲྭ་ཚང་དང་ཐར་བ་ཆོས་གླིང་སོགས་དགོན་སྡེ་ཁག་ཅིག་དང་། རྒྱ་གར་དབུས་བོད་སློབ་ཚོགས་པའི་འཛིན་སྐྱོང་འོག་ཡོད་པའི་ཀ་སྦུག་བོད་གཞུང་གཏན་སློབ་བཅས་ཡོད། ཁུལ་འདིར་གཙོ་བོ་བལ་པོའི་མི་རིགས་དང་། བྷང་ག་ལི། རྟ་མང་། ཡོལ་མོ། ཤར་པ་དང་འབྲས་ལྗོངས་པ་སོགས་ཧ་ལམ་མི་གྲངས་ཉིས་འབུམ་ཙམ་གནས་སྡོད་བྱེད་བཞིན་ཡོད་པའི་རི་སྟེང་གི་གྲོང་ཁྱེར་ཞིག་ཏུ་ཡོད་ལ། སྐད་རིགས་ཀྱང་ནེ་པ་ལི་དང་། ཧིན་དྷི། ཨིན་ཇི་སོགས་བེད་སྤྱོད་བྱེད་བཞིན་པ་རེད།  

གྲོང་ཁྱེར་འདིའི་མཐོ་ཚད་རྒྱ་མཚོའི་ངོས་ལས་མི་ཊར་ཆིག་སྟོང་ཉིས་བརྒྱ་ལྔ་བཅུ་ཙམ་གྱི་སར་ཆགས་ཡོད་པས་གནམ་གཤིས་བརླན་གཤེར་ཆེ་ལ་སྟོན་དཔྱིད་གཉིས་སུ་དྲོ་གྲང་སྙོམས་ཤིང་ཚ་དྲོད་ཆེ་བའི་སྐབས་སུའང་དྲོད་ཚད་ཨང་གྲངས་ ༢༧ ཙམ་ལ་སླེབ་བཞིན་ཡོད་པ་དང་། དབྱར་དུས་ཆར་ཆུ་འབེལ་བ་དང་། དགུན་དུས་གྲང་བའི་སྐབས་སུ་དྲོད་ཚད་ཨང་གྲངས་ ༧ ཡས་མས་སུ་མར་འཆག་བཞིན་ཡོད།

༢༽འཕེལ་རིམ།

ཕྱི་ལོ་ ༡༩༨༥ ལོར་བོད་གཞུང་སྨན་རྩིས་ཁང་ནས་སྨན་པ་བློ་བཟང་བཀྲ་ཤིས་ལགས་ཆེད་གཏོང་གིས་ཀ་ལོན་སྦུག་གྲོང་ཁྱེར་གྱི་ཁྲོམ་གཞུང་ཉེ་འཁྲིས་བྷག་རྡ་ར་ཞེས་པར་ཁང་མིག་གཉིས་ཁང་གླར་བླངས་ཏེ་སྨན་ཁང་དབུ་འབྱེད་བྱས་པ་ནས་བཟུང་ལོ་བཅུ་ཙམ་གྱི་རིང་ལ་ཁང་གླའི་སྟེང་གནས་འདུག་པ་དང་།  དེ་རྗེས་ཕྱི་ལོ་ ༡༩༩༥ ལོར་ལྕམ་སྐུ་ནོར་དབྱངས་ནོར་བུ་ལགས་ཟེར་བའི་ལག་ནས་ས་སྟོང་ཌི་སཱི་མ་ལ་བརྒྱ་དང་དྲུག་ཅུ་རེ་གསུམ་དང་།  མི་རབས་གཉིས་ཙམ་སོང་བའི་ཤིང་ཁང་རྙིང་པ་ཁང་མིག་བདུན་ཅ་དངོས་བཅས་པར་ཧིན་སྒོར་ས་ཡ་གཅིག་དང་འབུམ་ལྔ་སྤྲད་དེ་སྤུས་གཟིགས་ཀྱིས་ཕྱི་ལོ་ ༡༩༩༥ ཟླ་ ༩ ཚེས་ ༡༣ ཉིན་སྨན་རྩིས་ཁང་གི་མིང་ཐོ་དེབ་སྐྱེལ་བྱེད་ཐུབ་པ་བྱུང་ཡང་།  ས་ཁོངས་གཞི་ཁྱོན་ཆེ་བས་ཡུལ་མིས་བཙན་འཕྲོག་བྱ་འདོད་ཀྱི་ཧམ་སེམས་ཀྱིས་ལྕགས་རིར་གཏོར་སྐྱོན་ཡང་ཡང་བྱེད་བཞིན་ཡོད་པས་བདག་སྐྱོང་བྱེད་རྒྱུར་དཀའ་ངལ་ཆེ་བ་དང་།  སྨན་ཁང་གཤམ་དུ་དེ་སྔོན་ནས་གནས་འཆའ་བཞིན་པའི་ཡུལ་མི་མི་ཚང་བདུན་ཙམ་ཕྱིར་འབུད་གཏོང་མ་ཐུབ་པར་དེ་མུར་ལུས་ཡོད་པ་རེད།

དེ་སྔོན་ཕྱི་ལོ་ ༡༩༩༥ ལོར་སྤུས་གཟིགས་གནང་བའི་ཤིང་ཁང་རྙིང་པ་དེ་བཞིན་རུལ་སུངས་སུ་གྱུར་ཟིན་པའི་ཁར། སྨན་ལས་པ་རིམ་འཕར་གྱིས་སྨན་ཁང་དང་སྨན་ལས་པའི་ལས་ཤག་མ་འདང་བ་དང་ཆུང་སྐྱོན་ལ་བརྟེན་རྒྱ་སྐྱེད་དགོས་པར་གཟིགས་ཏེ། ཕྱི་ལོ་ ༢༠༠༠ ལོར་དབུས་སྨན་རྩིས་ཁང་ནས་བཀའ་འཁྲོལ་བྱུང་བ་བཞིན་ཁང་མིག་ལྔ་ཅན་གྱི་སྨན་ཁང་གསར་རྒྱག་བྱས་པ་དང་།  ཤིང་ཁང་རྙིང་པ་དེ་བཞིན་བཟོ་བཅོས་ཀྱིས་སྨན་ལས་པའི་ལས་ཤག་བཟོས་པར་བརྟེན། ལས་ཤག་མ་འདང་བའི་དཀའ་ངལ་དེ་སེལ་ཐུབ་པ་བྱུང་འདུག  

ཕྱི་ལོ་ ༢༠༠༠ ཡས་མས་སུ་ཡན་ལག་སྨན་ཁང་འདིར་ཀ་སྦུག་ཙམ་དུ་མ་ཟད། ཉེ་འཁོར་གྱི་ལ་ཝ་དང་། པད་དོང་། ཨ་ལ་ཀཱ་ར། རི་སྣ། ཀཱ་ཀ་པེ་ཏ་སོགས་ནས་ཕོ་བ་སྨུག་པོ་དང་། རྩ་གྲུམ། ཡ་མཁྲིས་མགོ་གཟེར། མཁལ་གྲང་། ཁྲག་རླུང་གི་ནད་གཞི་སོགས་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་ཉིན་རེར་ཆ་སྙོམས་བཅོ་ལྔ་ནས་ཉི་ཤུ་བར་སླེབ་བཞིན་ཡོད་པ་དང་།  ལུགས་གཞན་གྱིས་བཅོས་དཀའ་བའི་ནད་གཞི་རྙིང་པ་རིགས་ལ་བོད་སྨན་གྱིས་ཕན་སྐྱེད་མངོན་གསལ་འབྱུང་བཞིན་ཡོད་པས་ཡུལ་མི་རྣམས་ཀྱི་སྨན་ཁང་ལ་རྒྱབ་སྐྱོར་དང་དགའ་མོས་ཆེན་པོ་བྱེད་བཞིན་ཡོད་པ་རེད།

༣༽ ད་ལྟའི་གནས་སྟངས།

ད་ལྟའི་སྐབས་སྨན་ཁང་འདིར་སྨན་པ་གཅིག་དང་། སྨན་སྤྲོད་རྩིས་པ་སོགས་ལས་བྱེད་གསུམ་བཅས་ཁྱོན་བསྡོམས་སྨན་ལས་གྲངས་བཞི་ཡོད། ཉིན་རེར་ཆ་སྙོམས་བྱས་ན་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་རྒྱ་གར་བ་དང་བོད་པ་ ༡༥ ལྷག་ཙམ་ཡོང་བཞིན་ཡོད། གཞན་ཡང་སྨན་ཁང་འདི་ནས་རྒྱུན་ལྡན་གྱི་ལས་ཞོར་དུ་དབུས་སུ་སྨན་རྒྱུ་མཁོ་སྒྲུབ་བྱེད་བཞིན་ཡོད། སྨན་ལས་པ་ཚོར་ལས་ཤག་གི་མཐུན་རྐྱེན་ལས་གཞན་རླངས་འཁོར་སོགས་མེད།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་བློ་བཟང་བཀྲ་ཤིས། ༡༩༨༥།༣།༣ ནས་ ༢༠༠༠།༢།༡ བར།

༢། སྨན་པ་ངག་དབང་བཟོད་པ། ༢༠༠༠།༢།༢ ནས་ ༢༠༠༣།༣།༢༦

༣། སྨན་པ་བསྟན་འཛིན་ཆོས་སྒྲོན། ༢༠༠༣།༥།༥ ནས་ ༢༠༠༥།༨།༢༥

༤། སྨན་པ་དབང་འདུས། ༢༠༠༥།༨།༢༦ ནས་ ༢༠༠༦།༡༡།༢༩

༥། སྨན་པ་དཀར་འཚོ་སྐྱིད། ༢༠༠༧།༡།༡ ནས་གནང་མུས།

   

སིམ་ལ་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

སིམ་ལ་ཡན་ལག་སྨན་ཁང་ནི་མདོ་སྨད་པ་རྒན་སྦྱིན་པ་ལགས་དམ་པ་དེ་ཉིད་ཀྱིས་ཁང་ཁུངས་མཐུན་འགྱུར་འོག་ཕྱི་ལོ་ ༡༩༨༥ ཟླ་ ༤་ཚེས ༡ ཉིན་་གསར་འཛུགས་བྱས་པ་ཞིག་ཡིན། སིམ་ལ་ནི་ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་པའི་རྒྱ་གར་གྱི་གྲོང་ཁྱེར་ཆེ་གྲས་ཤིག་ཡིན་པར་མ་ཟད། ཨིན་ཇིས་རྒྱ་གར་ལ་དབང་བསྒྱུར་སྐབས་དབྱར་དུས་ཀྱི་རྒྱལ་སའང་ཡིན་པ་བཞིན་ད་ལྟ་ཧི་མ་ཅལ་མངའ་སྡེའི་དབྱར་དུས་ཀྱི་རྒྱལ་ས་ཡིན། ཉེ་རབས་ལོ་རྒྱུས་སྟེང་གྲགས་པའི་རྒྱ་བོད་ཨིིན་གསུམ་གྱིས་སིམ་ལར་ཆིངས་ཡིག་བཞག་པའི་ལས་ཁུངས་ཀྱིས་མཚོན་པའི་ཨིིན་ཇིའི་སྐབས་ཀྱི་གཞུང་གི་ལས་ཁུངས་ཆེ་ཕྲ་དང་ཡེ་ཤུའི་ལྷ་ཁང་སོགས་ལོ་རྒྱུས་རང་བཞིན་ལྡན་པའི་ནུབ་ཕྱོགས་ཀྱི་བཟོ་དབྱིབས་དང་རྣམ་པ་ལྡན་པའི་འཛུགས་སྐྲུན་ཁག་ཡོད་ལ། རྒྱ་གར་རང་བཙན་ཐོབ་སྟེ་ཧི་མ་ཅལ་མངའ་སྡེའི་རྒྱལ་སར་གཏན་འཁེལ་བ་ནས་བཟུང་སིམ་ལ་དེ་བཞིན་དེང་རབས་ཅན་གྱི་རྣམ་པ་ཡོངས་སུ་ཚང་ཞིང་རྒྱ་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་ལྔ་བཅུ་ལྷག་ཡོད་པའི་རི་སྟེང་གི་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་ཞུས་ཡོད། རི་གྲོང་འདིར་གཉུག་མར་གནས་པའི་མི་འབོར་འབུམ་གཉིས་ཙམ་ཡོད་པ་དང་། ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་ཤིང་མཐོ་ཚད་རྒྱ་མཚོའི་ངོས་ནས་མི་ཊར་ཉིས་སྟོང་ཉིས་བརྒྱ་ཙམ་ཡོད་པར་བརྟེན་དབྱར་དུས་གནམ་གཤིས་བསིལ་ཞིང་། ཡུལ་ལྗོངས་མཛེས་སྡུག་ལྡན་པས་འཛམ་གླིང་ཡུལ་གྲུ་ཁག་དང་། ལྷག་པར་དུ་རྒྱ་གར་མངའ་སྡེ་སོ་སོ་ནས་ལོ་ལྟར་ཡུལ་སྐོར་སྤྲོ་འཆམ་པ་འབུམ་ཕྲག་མང་པོ་འདུ་བཞིན་ཡོད།

༢༽ འཕེལ་རིམ།

རྒན་སྦྱིན་པ་ལགས་དམ་པ་དེ་ཉིད་ཀྱིས་སཱན་ཇོ་ལི་ཞེས་པའི་ས་གནས་སུ་སངས་རྒྱས་ཆོས་གླིང་ ༼ད་ལྟ་ཇོ་ནང་དགོན་པར་ཕུལ༽ དགོན་པ་གསར་རྒྱག་དང་འབྲེལ་ཁང་བརྩེགས་འོག་མ་དེ་བཞིན་སྨན་ཁང་ལ་མཐུན་འགྱུར་གནང་བ་དེའི་ནང་སྨན་ཁང་དང་སྨན་ལས་པའི་སྡོད་ཤག་བཟོས་ཏེ་ལོ་ངོ་བཅུ་གཅིག་ཙམ་གྱི་རིང་ནད་མནར་གྱི་ཉམ་ཐག་ནད་པ་མང་པོར་ཐུགས་བརྩེ་བ་ཆེན་པོས་སྨན་བཅོས་དང་།  ཀི་ལོ་མི་ཊར་དྲུག་ཅུ་ཙམ་གྱི་རྒྱང་ཁད་དུ་ཡོད་པའི་སོ་ལན་བོན་གཞིས་སོགས་སུ་སྐོར་སྐྱོད་སྨན་བཅོས་རྒྱུན་འཁྱོངས་བྱས་འདུག་ཀྱང་།  སྨན་ཁང་ཡོད་ས་དེ་བཞིན་རི་སྟེང་ཁེལ་ཡོད་པས་འགྲུལ་བཞུད་སྟབས་བདེ་མེད་པ་དང་། ལྷག་པར་དུ་ནད་གཅོང་རིགས་དང་གྲུམ་བུའི་ནད་གཞི་ཡོད་པའི་ནད་པ་རྣམས་བསྟེན་གཏུགས་བྱེད་དུ་ཡོང་བར་དཀའ་ངལ་ཆེ་བ་སོགས་དབུས་སུ་སྙན་འབུལ་རིམ་པ་ཞུས་འབྲས་སུ། དབུ་འཛིན་ཚེ་རིང་བཀྲ་ཤིས་མཆོག་གི་བཀའ་འབྲེལ་ལམ་སྟོན་བཞིན་ཀའོ་སུམ་ཀྲི་ཁྲོམ་གཞུང་དུ་སྨན་ཁང་དང་སྨན་ལས་པའི་སྡོད་ཤག་སྤུས་གཟིགས་ཀྱིས་ཕྱི་ལོ་  ༡༩༩༦ ཟླ་ ༡༠ ཚེས་ ༡ ཉིན་གནས་སྤོས་བྱེད་ཐུབ་པ་བྱུང་བ་དེས་ནད་པ་རྣམས་བསྟེན་གཏུགས་བྱེད་དུ་ཡོང་བར་འགྲུལ་བཞུད་བདེ་པོ་དང་སྨན་ཁང་རང་ལའང་ཕྱི་ནང་གི་མི་རིགས་བསྟེན་གཏུགས་མཁན་ནད་པ་མང་དུ་ཕྱིན་ཡོད། ཕྱི་ལོ་ ༢༠༠༠ ཡས་མས་སུ་སྨན་ཁང་འདིར་གཙོ་ཆེར་ཕོ་སྨུག་དང་གྲུམ་བུ། རྩ་དཀར། ཁྲག་རླུང་སྟོད་འཚངས། མོ་ནད་སོགས་ཉིན་རེར་ཆ་སྙོམས་བསྟེན་གཏུགས་བྱེད་མཁན་ཕྱི་ནང་ནད་པ་སུམ་ཅུ་སོ་ལྔ་ནས་བཞི་བཅུ་བར་སླེབས་བཞིན་པའི་ཁར། སཱན་ཇོ་ལི་རྒན་གསོ་ཁང་ལ་ཟླ་རེར་ཐེངས་གསུམ་ལ་སྐོར་སྐྱོད་སྨན་བཅོས་ཀྱང་བྱེད་བཞིན་ཡོད།

༣༽ ད་ལྟའི་གནས་སྟངས།

ད་ལྟ་སྨན་ཁང་འདིར་སྨན་པ་གཅིག་དང་། སྨན་སྤྲོད་དང་རྩིས་པ་ལས་བྱེད་གཉིས། གླ་པ་གཅིག་བཅས་ཁྱོན་བསྡོམས་སྨན་ལས་གྲངས་བཞི་ཡོད། ཉིན་རེར་བསྟེན་གཏུགས་བྱེད་མཁན་ནད་པ་གྲངས་ ༢༩ ཙམ་དང་།  བསྟེན་གཏུགས་བྱེད་མི་རྒྱ་གར་བ་དང་བོད་པ་གཉིས་ཡིན། སྨན་ཁང་གི་མཐུན་རྐྱེན་ལ་སྤྱི་ཐབ་དང་། སྦག་སྦག་གཅིག་ཡོད།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་བསོད་ནམས་ལྷ་མོ། ༡༩༨༥།༤།༡ ནས་ ༡༩༩༥།༣།༢༥

༢། སྨན་པ་པདྨ་དབྱངས་འཛོམས།   ༡༩༩༥།༤།༡ ནས་ ༡༩༩༦།༡༡།༢༡

༣། སྨན་པ་རྡོ་རྗེ་ཚེ་བརྟན། ༡༩༩༦།༩།༡ ནས་ ༢༠༠༠།༧།༡

༤། སྨན་པ་ཀརྨ་སྒྲོལ་མ། ༢༠༠༠།༦།༢༠ ནས་ ༢༠༠༢།༩།༡༥

༥། སྨན་པ་པ་སངས་དབང་འདུས། ༢༠༠༢།༩།༡༦ ནས་ ༢༠༠༥།༩།༢༩

༦། སྨན་པ་འཇམ་དབྱངས་སྒྲོལ་མ། ༢༠༠༥།༡༠།༡ ནས་ ༢༠༠༨།༤།༨

༧། སྨན་པ་ཆོས་དབྱིངས་སྒྲོལ་མ། ༢༠༠༨།༥།༡ ནས་ ༢༠༡༠།༡།༡

༨། སྨན་པ་བསྟན་འཛིན་ངག་སྒྲོན། ༢༠༡༠།༡།༡ ནས་གནང་མུས།

   

བདེ་སྐྱིད་གླིང་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

བདེ་སྐྱིད་གླིང་ཡན་ལག་སྨན་ཁང་ནི་དེ་གར་གནས་སྡོད་མགོ་དམངས་ཡོངས་ནས་རང་གཞུང་ནང་སྲིད་ལས་ཁུངས་བརྒྱུད་དབུས་སྨན་རྩིས་ཁང་ལ་རེ་བསྐུལ་ཡང་ཡང་ཞུས་པ་ལྟར་ཕྱི་ལོ་ ༡༩༨༦ ཟླ་ ༥ ཚེས་ ༡༤ ཉིན་དབུ་འཛུགས་བྱས་པ་ཞིག་ཡིན། བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ནི་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཨུཏ་རན་ཅལ་གྱི་རྒྱལ་ས་ཌེ་རཱ་ཌུན་གྲོང་ཁྱེར་ནས་བྱང་ཤར་དུ་ཀི་ལོ་མི་ཊར་བཅུ་ཙམ་གྱི་སར་ཨུཏྟར་ཀ་ཤིའིི་རི་རྒྱུད་ཀྱི་ལྷོ་ངོས་སུ་ཆགས་ཡོད་པ་དང་། དབྱར་དུས་ཚ་དྲོད་ཅུང་ཆེ་བ་དང་དགུན་དཔྱིད་སོགས་གནམ་གཤིས་སྙོམ་པོ་ཡོད། དེ་ནི་ལོ་རབས་བརྒྱད་ཅུ་བའི་ནང་འབྲུག་ཏུ་ཡོད་པའི་བོད་མི་བཙན་བྱོལ་བ་ཁག་ཅིག་ལ་འབྲུག་གཞུང་གིས་དཀའ་ངལ་སྣ་ཚོགས་སྤྲད་དེ་རྒྱ་གར་ལ་སྐྱབས་བཅོལ་གཉིས་པ་མི་ཞུ་ཐབས་མེད་ཀྱི་གནས་སུ་གྱར་བར་བརྟེན། བོད་གཞུང་ནས་རྒྱ་གར་གཞུང་ལ་རེ་སྐུལ་ཞུས་པ་ལྟར་ཕྱི་ལོ་ ༡༩༨༣ ཙམ་ལ་གསར་འཛུགས་བྱས་པའི་གཞིས་ཆགས་གསར་བའི་གྲས་ཤིག་ཡིན་ལ། གནམ་གཤིས་དང་འགྲིམ་འགྲུལ་སོགས་སྟབས་བདེ་ཡོད་པའི་རྐྱེན་གྱིས་གཞུང་ཞབས་རྒས་ཡོལ་ཁག་ཀྱང་དེ་གར་གཞིས་ཆགས་བྱེད་མགོ་ཚུགས་ཏེ་ད་ཆར་གཞིས་ཆགས་འདི་བཞིན་རྒྱ་གར་བྱང་ཕྱོགས་ཁུལ་གྱི་བོད་མིའི་གཞིས་ཆགས་ཆེ་གྲས་སུ་གྱུར་ཡོད་པ་རེད།

༢༽ འཕེལ་རིམ།

སྨན་ཁང་ཐོག་མར་གསར་འཛུགས་སྐབས་རང་གཞུང་ནང་སྲིད་ལས་ཁུངས་ཀྱི་བཀའ་འབྲེལ་བཞིན། ས་གནས་བདེ་དོན་དང་སྨན་རྩིས་ཁང་གཉིས་ཀས་བཀའ་བསྡུར་ཞུས་ཏེ་སྨན་ཁང་ཚུགས་ཡུལ་ལ་ལྔ་ཁང་གཅིག་དང་།  སྨན་ལས་པའི་ལས་ཤག་ལ་བཅུ་ཁང་གཉིས་བཅས་ཁྱོན་བསྡོམས་སྨན་རྩིས་ཁང་ལ་ས་གནས་དེ་གའི་གཞིས་ཆགས་ཀྱི་གཏན་འབེབས་མི་གྲངས་ཉེར་ལྔའི་ཁང་ཁུངས་གསོལ་བསྩལ་གནང་བའི་ནང་སྨན་ཁང་མགོ་འཛུགས་ཞུས་ཤིང་། དང་པོའི་མགོ་སྐབས་ཉིན་རེར་བསྟེན་གཏུགས་བྱེད་མཁན་ནད་པ་བཅུ་གྲངས་ལས་མེད་ཀྱང་།  རིམ་པས་ཡུལ་མི་རྣམས་ཀྱང་ས་ཐག་རིང་ཐུང་ཅི་རིགས་ནས་བོད་སྨན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཕན་ཡོན། བོད་ཀྱི་གསོ་དཔྱད་སྨན་པའི་མཁས་སྙན་སོགས་གསན་ཏེ་ཡོང་མགོ་ཚུགས་ནས་ད་ཆར་བསྟེན་གཏུགས་བྱེད་མཁན་ནད་པ་ཉིན་རེར་བདུན་ཅུ་ནས་བརྒྱད་ཅུ་བར་འཕེལ་ཡོད་པའི་ནང་རྒྱ་གར་ཡུལ་མིས་མཚོན་པའི་ཕྱིའི་མི་རིགས་ཀྱི་གྲངས་འབོར་དེ་ནད་པ་སྤྱིའི་སྡོམས་འབོར་གྱི་བརྒྱ་ཆ་དྲུག་ཅུ་ཡན་ཟིན་ཡོད་ལ།

དེ་དག་གི་ཁྲོད་མངའ་སྡེའི་སྤྱི་ཁྱབ་དྲུང་ཡིག་ཆེན་མོ་དང་། ཌེེ་ཌུན་དུ་ཡོད་པའི་རྒྱ་གར་སྐམ་སའི་དམག་སྒར་གྱི་དཔོན་རིགས་སོགས་ཞི་དྲག་དཔོན་རིགས་དང་། སྲིད་དོན་མི་སྣ་མང་པོ་ཞིག་ཕེབས་བཞིན་པ་འདིས་བོད་དང་བོད་མི་རིགས་ཀྱི་རྩ་དོན་དང་བདེ་དོན་ཕྱོགས་ལ་ཕན་ནུས་གང་འཚམས་ཐོན་གྱི་ཡོད། ཡན་ལག་སྨན་ཁང་འདིས་ཨོ་ཏར་ཀེ་ཤའི་རི་རྩེར་བརྗིད་རྔམ་ངང་ཆགས་པའི་མ་སུ་རི་ཞེས་པའི་གྲོང་ཁྱེར་དང་། ཀལ་མཎ་ཀྲོན་དོན་འགྲུབ་གླིང་བོད་མིའི་གཞིས་ཆགས་གཉིས་སུ་ཟླ་རེར་ཐེངས་སྐོར་སྐྱོད་བྱེད་བཞིན་ཡོད་པར་མ་ཟད། རང་གཞུང་འཕྲོད་བསྟེན་ལས་ཁུངས་ནས་གསར་འཛུགས་གནང་བའི་དབང་བོ་སྐྱོན་ཅན་གྱི་སློབ་གྲྭ་མངོན་དགའ་ཞེས་པར་གཟའ་འཁོར་རེར་ཐེངས་རེ་བརྟག་དཔྱད་སྨན་བཅོས་ཞུ་བར་འགྲོ་བཞིན་ཡོད།

༣༽ ད་ལྟའི་གནས་སྟངས།

སྨན་ཁང་འདིར་སྨན་པ་གསུམ་དང་། སྨན་སྤྲོད་རྩིས་པ་སོགས་ལས་བྱེད་བཞི། གླ་པ་གཉིས་བཅས་ཁྱོན་བསྡོམས་སྨན་ལས་གྲངས་དགུ་ཡོད། ཉིན་རེར་བསྟེན་གཏུགས་བྱེད་མཁན་ཆ་སྙོམས་བྱས་ན་ནད་པ་གྲངས་ ༧༧ བསྟེན་གཏུགས་བྱེད་མུས་ཡིན་པའི་ཁོངས་རྒྱ་གར་བ་དང་བོད་པ་གཉིས་མང་ཤོས་ཡིན། མཐུན་རྐྱེན་སྤྱི་སྤྱོད་རླངས་འཁོར་གཅིག་འདུག་པ་ལས་སྨན་ལས་རྣམས་ལ་སྤྱི་ཐབ་སོགས་ཀྱི་མཐུན་རྐྱེན་མེད།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་མིག་དམར། ༡༩༨༦།༥།༤ ནས་ ༡༩༩༣།༤།༢༤ བར།

༢། སྨན་པ་ཚེ་རིང་རྡོ་རྗེ། ༡༩༩༣།༤།༢༦ ནས་ ༡༩༩༩།༥།༣༠ བར།

༣། སྨན་པ་བསོད་ནམས་ལྷ་མོ། ༡༩༩༩།༦།༡ ནས་གནང་མུས།

   

སྦིར་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་དང་ཆགས་ཡུལ།

སྦིར་ཡན་ལག་སྨན་ཁང་ནི་ཕྱི་ལོ་ ༡༩༨༧ ཟླ་ ༢ ཚེས་ ༤ ཉིན་དབུ་འཛུགས་བྱས་པ་ཞིག་ཡིན། སྦིར་ནི་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ་ཀངྒ་ར་རྫོང་ཁོངས་སུ་ཆགས་ཡོད་ལ། ཁམས་སྡེ་དགེ་གཞིས་ཆགས་དང་ནང་ཆེན་གཞིས་ཆགས། སྦིར་བལ་བཟོ་གཞིས་ཁག་གསུམ་དུ་དབྱེ་ཡོད་ཅིང་། ཕྱི་ལོ་ ༡༩༦༠ ནང་གསར་འཛུགས་བྱས་པ་ཞིག་ཡིན། ཁྱབ་ཁོངས་སུ་དགོན་སྡེ་ཁག་དང་བཀྲ་ཤིས་ལྗོངས། སུ་ཇ་བོད་ཁྱིམ་སོགས་ཡོད་པས་རྒྱ་གར་བྱང་ཕྱོགས་ཀྱི་བོད་མིའི་འདུས་སྡོད་ཆེ་ཤོས་ཀྱི་ས་གནས་གྲས་ཤིག་ཡིན་པ་དང་། སྨན་རྩིས་ཁང་གི་ཡན་ལག་དེ་བཞིན་གཞིས་ཁག་གསུམ་གྱི་དཀྱིལ་དབུས་སུ་ཡོད་པ་རེད།

༢༽ འཕེལ་རིམ།

བཀའ་ཤག་ངེས་མེད་ཡིག་ཆ་ཉར་ཚགས་ཁང་སོགས་སྨན་རྩིས་ཁང་དང་འབྲེལ་བའི་ཡིག་ཆ་ཁ་ཤས་ནང་དུ་སྦིར་གཞིས་ཆགས་སུ་ཕྱི་ལོ་ ༡༩༦༠ ནང་སྨན་ཁང་ཅིག་སྒོ་ཕྱེས་པའི་སྐོར་འཁོད་འདུག་ཀྱང་ངྷ་ས་ནས་སྨན་སྐོར་དུ་སོང་སྟེ་སྨན་བཅོས་བྱས་པའི་ཆ་ནས་སྨན་ཁང་སྒོ་ཕྱེས་པ་ཞེས་དོན་ནོར་དུ་སོང་བ་ཡིན་ནམ་སྙམ།

ད་ལྟའི་སྨན་རྩིས་ཁང་གིས་ཡོངས་གྲགས་ངོས་འཛིན་ལྟར་ན། སྦིར་བཟོ་གཞིས་ལས་ཁང་ནས་སྦིར་གཞིས་ཁག་གསུམ་གྱི་མི་མང་གི་འཕྲོད་བསྟེན་བདེ་དོན་སླད་ས་གནས་སུ་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཞིག་གང་མྱུར་གསར་འཛུགས་ཡོང་བ་ཞེས་རང་གཞུང་ནང་སྲིད་ལས་ཁུངས་བརྒྱུད་ཞུས་དོན་ལྟར། ཕྱི་ལོ་ ༡༩༨༧ ཟླ་ ༢ ཚེས་ ༤ ཉིན་དངོས་སུ་སྨན་ཁང་དབུ་འཛུགས་བྱས་པ་ཡིན་འདུག སྐབས་དེར་སྨན་ཁང་ཚུགས་ཡུལ་ཁང་ཁུངས་ངན་ངོན་ཙམ་ས་གནས་བཟོ་གཞིས་ལས་ཁུངས་ནས་མཐུན་འགྱུར་གནང་བ་ཙམ་ལས་དེ་རྗེས་སྨན་ཁང་དང་། སྨན་ལས་པའི་སྡོད་ཤག་སྨན་རྩིས་ཁང་ནས་ཐད་འབྲེལ་ཁང་གླ་སྤྲོད་མུས་ཀྱང་། སྨན་ཁང་དང་ལས་ཤག་ཧ་ཅང་ཁུག་ཀྱོག་དང་དགོས་ངེས་ཀྱི་མཐུན་རྐྱེན་ཇི་བཞིན་མེད་པའི་དཀའ་ངལ་ཡོད་པའི་ཁར། ལོ་ངོ་གཅིག་ཙམ་རིང་ལ་སྨན་པ་ཡང་ངེས་གཏན་མེད་པར་ཟླ་རེར་འཆར་ཅན་མ་ནཱ་ལི་སྨན་ཁང་ནས་སྐོར་སྐྱོད་བྱེད་དགོས་པར་བརྟེན། གཞིས་མགོ་བློ་བཟང་ཐར་འདོད་ལགས་ཀྱི་སྐབས་འཕྲོད་བསྟེན་སྨན་ཁང་གསར་རྒྱག་བྱས་པ་དང་ཆབས་ཅིག བོད་སྨན་སྨན་ཁང་དང་སྨན་ལས་པའི་ལས་ཤག་ཀྱང་གསར་སྐྲུན་བྱེད་རྒྱུའི་ཁས་ལེན་དང་བཅས་རོགས་དངུལ་སོགས་ཐབས་འཚོལ་གང་མང་བྱས་ནའང་ལག་ལེན་བྱེད་ཐུབ་མེད་པར་བརྟེན། སྨན་རྩིས་ཁང་ནས་སླར་ཡང་གཞིས་མགོ་སྣང་ས་ལགས་སུ་སྨན་གཏུག་བྱེད་མཁན་དང་ལས་ཤག་སོགས་ཀྱི་དཀའ་ངལ་རྣམས་ལ་དགོངས་བཞེས་ཡོང་བ་ཞེས་ཞུས་དོན་ལྟར། ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས ༡༡ ཉིན་སྐབས་དེའི་སྨན་རྩིས་ཁང་གི་དབུ་འཛིན་ཞེ་བོ་བློ་བཟང་དར་རྒྱས་ལགས་དང་། སྡེ་དགེ་གཞིས་མགོ་སྲས་དོན་ཡོད།  

ནང་ཆེན་གཞིས་མགོ་མཐུ་སྟོབས་རྡོ་རྗེ། བལ་ལས་གཞིས་མགོ་ཚེ་རིང་དོན་འགྲུབ་བཅས་ལྷན་ཚོོགས་ཀྱིས་འཕྲོད་བསྟེན་སྨན་ཁང་རྙིང་པ་བོད་གཞུང་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་དུ་ཁང་གླར་བེད་སྤྱོད་བྱ་རྒྱུར་རྩ་འཛིན་དོན་ཚན་བཞི་ལ་མཚན་རྟགས་བཀོད་པའི་ནང་སྨན་རྩིས་ཁང་ནས་ད་ཡོད་ཁང་ཁུངས་ཡོངས་རྫོགས་ལ་ཟླ་རེར་སྐོར་དྲུག་བརྒྱ་རེ་ཚོགས་པ་གསུམ་ལ་གནང་རྒྱུ་དང་ལོ་ལྔ་རེའི་མཚམས་བརྒྱ་ཆ་བཅོ་ལྔ་རེ་སྤར་ཆ་གནང་རྒྱུ། ཁང་པའི་ཉམས་གསོ་དང་རྒྱ་སྐྱེད་ཇི་དགོས་ཀྱི་འགྲོ་གྲོན་སྨན་རྩིས་ཁང་ནས་གཏོང་རྒྱུ་དང་། ཁང་པ་འདི་བཞིན་ས་གནས་སྨན་རྩིས་ཁང་ལ་དགོས་མཁོ་མ་བྱུང་བར་དུ་རྩ་འཛིན་དོན་གནད་ཁག་ལ་ཕྱོགས་གཉིས་ཀས་སྲུང་བརྩི་དགོས་རྒྱུ་བཅས་འཁོད་ཡོད། དེ་རྗེས་སྨན་རྩིས་ཁང་ནས་ཁང་ཁུངས་རྣམས་ལ་དགོས་ངེས་ཀྱིས་བཟོ་བཅོས་དང་། ཕྱི་ལ་ལྕགས་རྭ་བསྐོར་བ་སོགས་བྱས་ཡོད་པ་རེད། ཕྱི་ལོ་ ༢༠༠༠ ཡས་མས་སུ་སྨན་ཁང་འདིར་གྲུམ་བུ་དང་།  རྩ་དཀར། ཕོ་སྨུག མཁལ་གྲང་།  ཡ་ཆམ་སོགས་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་ཉིན་རེར་ཆ་སྙོམས་སུམ་ཅུ་ནས་བཞི་བཅུ་བར་སླེབས་བཞིན་ཡོད་ལ། ཉེ་འཁོར་གྱི་ས་གནས་བཀྲ་ཤིས་ལྗོངས་དང་། ཤེས་རབ་གླིང་། པོོན་ཊ། མཚོ་པདྨ་སོགས་ལའང་དཀྲིག་འཆར་གྱིས་སྨན་སྐོར་བྱེད་བཞིན་ཡོད་པ་རེད།

༣༽ ད་ལྟའི་གནས་སྟངས།

ད་ལྟའི་སྐབས་སྨན་ཁང་འདིར་སྨན་པ་གཉིས་དང་། སྨན་སྤྲོད་དང་རྩིས་པ་སོགས་ལས་བྱེད་གསུམ། གླ་པ་གཅིག་བཅས་སྨན་ལས་གྲངས་དྲུག་ཡོད།  ཉིན་རེར་ཆ་སྙོམས་བྱས་ན་བསྟེན་གཏུགས་བྱེད་མི་ནད་པ་རྒྱ་གར་བ་དང་བོད་པ་གྲངས་ ༣༢ ཡོད། སྨན་ཁང་ལ་ལས་ཤག་དང་སྤྱི་སྤྱོད་རླངས་འཁོར་གཅིག་བཅས་ཡོད་པ་བཅས་སོ།།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་བློ་བཟང་ཚུལ་ཁྲིམས། ༼བསྟན་འཛིན་དཔལ་མཆོག༽ ༡༩༨༩།༣།༢༩ ནས་༡༩༩༦།༡༡།༢༠

༢། སྨན་པ་པདྨ་དབྱངས་འཛོམས། ༡༩༩༦།༡༡།༢༡ ནས་ ༢༠༠༥།༣།༣༠

༣། སྨན་པ་ཚེ་རིང་རྡོ་རྗེ། ༢༠༠༥།༤།༡༠ ནས་ ༢༠༠༧།༧།༡༠

༤། སྨན་པ་པདྨ་དབྱངས་འཛོམས། ༢༠༠༧།༧།༡༥ ནས་གནང་མུས།

   

མ་ནཱ་ལི་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

མ་ནཱ་ལི་ཡན་ལག་སྨན་ཁང་ནི་ཕྱི་ལོ་ ༡༩༨༧ ཟླ་ ༥ ཚེས་ ༡ ཉིན་གསར་འཛུགས་བྱས་པ་ཞིག་ཡིན། མ་ནཱ་ལི་ནི་ཧི་མ་ཅལ་མངའ་སྡེའི་བྱང་ཤར་ཕྱོགས་སུ་ཆགས་ཡོད་པས་གནམ་གཤིས་ཅུང་གྲང་བའི་ཁུལ་དུ་གཏོགས་པ་དང་། ཁུལ་འདིར་རྒྱ་གར་དང་། གར་ཞ། སྤི་ཏི། ལ་དྭགས། ཁུ་ནུ། རྒྱ་གར་ཁམས་པ། བོད་རིགས་སོགས་མི་འབོར་ཧ་ལམ་ཆིག་འབུམ་ལ་ཉེ་བ་གཏན་སྡོད་བྱེད་ཡུལ་གྱི་གྲོང་བརྡལ་ཞིག་ཡིན་ལ། ས་གནས་དེ་ནི་ལ་དྭགས་ཕྱོགས་སུ་འགྲོ་སའི་གཞུང་ལམ་ཆེ་ཤོས་དེ་ཡིན་པ་མ་ཟད། ས་བབས་ཀྱི་ཆ་ནས་གཡས་གཡོན་དུ་རི་རྒྱུད་མཐོ་པོ་གཉིས་ཀྱིས་ཡོངས་བསྐོར་བའི་གྲོག་རུང་ཁོ་ར་ཁོར་ཡུག་ཀུན་གསོམ་ཤིང་དང་ལྷ་ཤིང་ཤུག་པ་སོགས་ཀྱིས་ཀུན་ནས་བསྐོར་ཞིང་རི་རྩེ་ཐམས་ཅད་གངས་ཀྱིས་བཟུང་ཡོད་ལ། ཕྱོགས་བཞི་མཚམས་བརྒྱད་ནས་རྦབ་ཆུ་ཤག་ཤག་ཏུ་འབབ་པས་མཁའ་རླུང་གཙང་ཞིང་མཛེས་སྡུག་ཡིད་དུ་འོང་བའི་ས་གནས་ཅིག་ཡིན་པས། དགུན་དུས་མ་གཏོགས་འཛམ་གླིང་ཤར་ནུབ་ཀུན་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་དྲི་ངད་ལྡང་པའི་པདྨ་ལ་བུང་བའི་ཚོགས་ལྟར་འཁོར་བཞིན་ཡོད་པ་རེད།

༢༽ འཕེལ་རིམ།

མ་ནཱ་ལི་ཡན་ལག་སྨན་ཁང་ཐོག་མར་གསར་འཛུགས་སྐབས་སྨན་རྩིས་ཁང་ནས་སྨན་པ་བློ་བཟང་ཚུལ་ཁྲིམས་ལགས་ཆེད་གཏོང་གནང་བ་ལྟར། བུ་དྷ་མགྲོན་ཁང་ཞེས་པའི་ཤིང་ཁང་ཐོག་རྩེག་གཉིས་ཅན་ཞིག་ཡོད་པ་དེ་ཁང་གླར་བླངས་ཏེ་སྨན་ཁང་ཚུགས་ཤིང་།  དེ་རྗེས་ཕྱི་ལོ་ ༡༩༩༥ལོར་སྐབས་དེའི་སྨན་རྩིས་ཁང་གི་དབུ་འཛིན་ཚེ་རིང་བཀྲ་ཤིས་མཆོག་ས་གནས་སུ་གཟིགས་སྐོར་བསྐྱངས་སྐབས་མ་ནཱ་ལི་རྙིང་དགོན་ཉེ་འགྲམ་དུ་ཡོད་པའི་མགྲོན་ཁང་ Hotel Heena དུ་འོག་ཁང་ཁང་མིག་གཉིས་དང་། སྟེང་ཁང་ཁང་མིག་བཞི་བཅས་ལ་ཁང་གླང་ལོ་རེར་ཧིན་སྒོར་ཆིག་འབུམ་བཞི་ཁྲི་བྱས་ཏེ་ལོ་ཤས་བསྡད་པ་དང་།  དེ་ནས་ཕྱི་ལོ་ ༡༩༩༩ ཟླ་ ༤ ཚེས་ ༡ ཉིན་ནས་བཟུང་དེའི་ཉེ་འགྲམ་དུ་ཡོད་པའི་མགྲོན་ཁང་ Smt. Mathura Devi ནང་གནས་སྤོས་ཀྱིས་ཟླ་རེར་ཁང་གླ་ཧིན་སྒོར་ ༢༥༠༠ རེ་སྤྲོད་རྒྱུ་གཉིས་མོས་བྱུང་བར་ཆོད་གན་སྟེང་གནས་ཡོད་པ་རེད། མ་ནཱ་ལི་ས་ཁུལ་འདི་བཞིན་གྲང་ངར་ཆེ་བས་དགུན་དུས་ཟླ་གསུམ་རིང་གཏན་སྡོད་བྱེད་མཁན་མང་པོ་མེད་པ་མ་ཟད། མ་ནཱ་ལི་བྱང་རྒྱབ་ཀྱི་རོ་ཐང་ལ་རྩེ་སོགས་ཁ་བས་བཀག་སྟེ་གར་ཞ་དང་སྤེ་ཏི་ས་ཁུལ་སོགས་ནས་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་ཡང་ཡོང་མི་ཐུབ་པར་བརྟེན། འཆར་ཅན་དགུན་ཟླ་གསུམ་རིང་གནས་མཆོག་རྡོ་རྗེ་གདན་དུ་སྨན་སྐོར་རྒྱུན་འཁྱོངས་བྱས་ཡོད་ཀྱང་། མི་འགྲོ་སོགས་གང་ཅིའི་དཀའ་ངལ་ལ་བརྟེན་དབུས་ཀྱི་བཀའ་འབྲེལ་བཞིན་ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་ཚབ་ཏུ་ཌལ་ཧོར་ཡན་ལག་སྨན་ཁང་གཏོང་མགོ་ཚུགས་པ་རེད། སྨན་ཁང་འདི་ནས་པཏ་ལི་ཀུལ་དང་། མེ་ལེ་བཅོ་ལྔ། ཌོ་པི། སྤང་སྒང་རི་ཁྲོད་སོགས་ལ་འཆར་ཅན་སྨན་སྐོར་བྱེད་བཞིན་ཡོད།

ཕྱི་ལོ་ ༢༠༠༠ ཡས་མས་སུ་སྨན་ཁང་འདིར་ཕོ་སྨུག་དང་། དྲེག་གྲུམ། མཁལ་གྲང་།  ཁྲག་རླུང་སྟོད་འཚངས། ཚིགས་གྲུམ་གྱི་ནད་གཞི་སོགས་ལ་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་བོད་རིགས་དང་། རྒྱ་གར། གར་ཞ། སྤེ་ཏི། བལ་བོའི་མི་རིགས་སོགས་ཉིན་རེར་ཆ་སྙོམས་སུམ་ཅུ་ནས་བཞི་ཅུ་བར་སླེབ་བཞིན་ཡོད་པ་རེད།

༣༽ ད་ལྟའི་གནས་སྟངས།

སྨན་རྩིས་ཁང་འདིར་སྨན་རྩིས་ཁང་གི་སྨན་པ་གཅིག་དང་། སྨན་སྤྲོད་རྩིས་པ་བཅས་ལས་བྱེད་གཉིས། གླ་པ་གཅིག་བཅས་ཁྱོན་བསྡོམས་སྨན་ལས་གྲངས་བཞི་ཡོད། ཉིན་རེར་ནད་པ་བསྟེན་གཏུགས་བྱེད་མཁན་རྒྱ་གར་བ་དང་བོད་པ་གྲངས་ ༢༡ ཙམ་རེ་ཡོད་མུས་ཡིན། སྨན་ཁང་འདིར་སྨན་ལས་རྣམས་ལ་ལས་ཤག་གི་མཐུན་རྐྱེན་དང་སྦག་སྦག་གཅིག་བཅས་ཡོད།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་བློ་བཟང་ཚུལ་ཁྲིམས། ༡༩༨༧།༥།༡ ནས་ ༡༩༨༨།༢།༢༩ བར།

༢། སྨན་པ་བསྟན་འཛིན་ལྷ་སྒྲོན། ༡༩༨༨།༣།༡ ནས་ ༢༠༠༡།༧།༧ བར།

༣། སྨན་པ་དཀོན་མཆོག་དཔལ་འཛོམས། ༢༠༠༡།༧།༡༥ ནས་ ༢༠༠༧།༨།༡༨

༤། སྨན་པ་ཀླུ་རྒྱལ། ༢༠༠༧།༩།༡ ནས་གནང་མུས།

   

ཨག་གླིང་ཡན་ལག་སྨན་ཁང༌།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

ཨག་གླིང་ཡན་ལག་སྨན་ཁང་ནི་བོད་ཕྱི་ལོ་ ༡༩༨༧ ཟླ་ ༧ ཚེས་ ༢༢ ཉིན་དབུ་འཛུགས་བྱས་པ་ཞིག་ཡིན། ཨག་གླིང་ནི་ལ་དྭགས་ཀྱི་རྒྱལ་ས་གླེ་གྲོང་ཁྱེར་གྱི་ལྷོ་སྣེ་སེང་གེ་གཙང་བོའི་ཉེ་འགྲམ་དུ་ཆགས་ཡོད་ཅིང༌། གླེ་གྲོང་ཁྱེར་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་མི་ཌར་སུམ་སྟོང་ལྔ་བརྒྱ་བཅུ་མེད་ལྔ་ཙམ་གྱི་སར་ཆགས་ཡོད་པས་སྤྱིར་གནམ་གཤིས་སྐམ་ཞིང་གྲང་ངར་ཆེ་བ་དང༌། མི་འབོར་ཉིས་ཁྲི་བཞི་སྟོང་ཙམ་ཡོད་པའི་ལ་དྭགས་ཀྱི་ཚོང་ལས་དང༌། འགྲིམ་འགྲུལ། རིག་གཞུང་གི་ལྟེ་གནས་དེ་ཡིན་ལ། མཐོ་སྒང་གི་ཐུན་མོང་མ་ཡིན་པའི་གནམ་གཤིས་ཀྱི་འགྱུར་ལྡོག་དང༌། ས་དབྱིབས་ཀྱི་ཆགས་ཚུལ་སོགས་ལྕོག་ལམ་ས་དང་གཅིག་མཚུངས་ཡིན།

༢༽ འཕེལ་རིམ།

ཨག་གླིང་ཡན་ལག་སྨན་ཁང་ནི་ལ་དྭགས་ཁུལ་གྱི་སྨན་ཁང་རྙིང་ཤོས་དེ་ཡིན་ལ། སྨན་ཁང་འདི་ཐོག་མར་ཕ་རན་སིའི་སྦྱིན་བདག་ཨ་ནཱའེ་སོ་ཏར་ཀྲི་ (Anne Sudrat) ནས་ས་གནས་མི་དམངས་ཀྱི་འཕྲོད་བསྟེན་ལ་དམིགས་ཏེ་ཨག་གླིང་དུ་ས་ཆ་ཉོ་སྒྲུབ་དང་ཨར་ལས་གསར་རྒྱག་གིས་ཕྱི་ལུགས་སྨན་ཁང་ཞིག་སྒོ་འབྱེད་གནང་བ་དང༌། ས་གནས་མི་དམངས་ལ་སྨན་བཅོས་ཞབས་ཞུ་སྒྲུབ་སྟེ་རིང་པོ་མ་སོང་བར་སྨན་ཁང་དེར་སྨན་པ་དང༌། སྨན་ཞབས་པ་གཏན་འཇགས་སྡོད་མཁན་མ་རེག་པ་དང༌། འཛིན་སྐྱོང་ཚགས་ཚུད་མ་བྱུང་བ་སོགས་ཀྱིས་སྦྱིན་བདག་ཨ་ནའེ་སོ་ཏར་ཀྲི་ (Anne Sudrat) འདོད་བློ་མ་ཁེངས་པར་བརྟེན། སྨན་ཁང་དེ་ས་གནས་འཕྲོད་བསྟེན་ཚོགས་ཆུང་ས་ནས་ཕྱིར་བསྡུ་གནང་བ་དང༌། མ་འོངས་པར་རང་ཉིད་ཀྱི་ཁང་ཁུངས་དེ་བེད་མེད་དང་བདག་མེད་དུ་མ་ལུས་པ་ཞིག་ཡོང་ཆེད། སྨན་རྩིས་ཁང་ལ་བོད་སྨན་གྱི་སྨན་ཁང་ཞིག་གསར་འཛུགས་ཡོང་བའི་རེ་སྐུལ་དང་བཅས་ས་ཁང་ཡོངས་རྫོགས་ཞལ་འདེབས་སུ་ཕུལ་བ་ཞིག་རེད།

སྨན་རྩིས་ཁང་ནས་སྦྱིན་བདག་གི་ཐུགས་རེ་བཞིན་སྨན་ཁང་གསར་འཛུགས་ཀྱིས་ལ་དྭགས་ཁུལ་དུ་གནས་སྡོད་བོད་མི་བཙན་བྱོལ་བ་དང༌། དེ་བཞིན་ལ་དྭགས་པ་གཙོས་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཁག ས་ཁུལ་དེར་ཡུལ་སྐོར་སྤྲོ་འཆམ་ལ་ཕེབས་པའི་ཕྱི་རྒྱལ་མི་རིགས་རྣམས་ལ་བརྟག་དཔྱད་སྨན་བཅོས་བྱས་ཏེ་མཐའ་ཁུལ་གྱི་མི་དམངས་ལ་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད་པ་རེད། ཡིན་ནའང་ས་ཁུལ་འདིར་འགྲིམ་འགྲུལ་སྟབས་བདེ་མེད་པ་དང༌། ལྷག་པར་དུ་དགུན་དུས་ཟླ་གསུམ་རིང་ས་གཞི་ཡོངས་སུ་གངས་དང་འཁྱག་རུམ་གྱིས་བཟུང་སྟེ་མཁའ་ལམ་ཁོ་ནར་བསྟེན་དགོས་པས་དགོས་མཁོའི་སྨན་སྣེ་ཁག་ཡང་ཡང་ཆད་པའི་གནས་ཚུལ་འབྱུང་བཞིན་པ་སོགས་སྐབས་དེའི་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་མཆོག་ཕྱི་ལོ་ ༡༩༩༦ ཟླ་ ༡༠ པའི་ནང་ས་གནས་སུ་གཟིགས་སྐོར་ལ་ཕེབས་སྐབས་མཁྱེན་རྟོགས་བྱུང་ཞིང༌། དབུ་འཛིན་མཆོག་ནས་དུས་ཀྱི་འགྱུར་འགྲོས་དང་ཡར་རྒྱས་ལ་གཞིགས་ཏེ་རྒྱ་བལ་ཁུལ་གྱི་གྲོང་ཁྱེར་ཆེ་ཁག་ནང་སྨན་ཁང་གསར་འཛུགས་བྱ་རྒྱུ་དང༌། མི་དམངས་ཀྱི་འཕྲོད་བསྟེན་བདེ་རྩ་ཁོ་ནར་དམིགས་པའི་སྨན་ཁང་ཁག་ཚགས་ཚུད་དང་སྲ་བརྟན་བཟོ་རྒྱུ། སྨན་ལས་པའི་ནུས་པ་འཕྲོ་བརླག་ཏུ་མི་འགྲོ་བའི་ཆེད་ས་གནས་ཉེ་འབྲེལ་ཁག་ལ་དེ་བསྟུན་གྱི་སྐོར་སྐྱོད་རྒྱ་བསྐྱེད་གནང་བཞེད་ལྟར། ཅོག་ལམ་སའི་ཡན་ལག་སྨན་ཁང་གསར་རྒྱག་རྒྱ་བསྐྱེད་དང་ཡར་རྒྱས་སུ་གཏོང་རྒྱུ་དང༌། ས་གནས་ཀྱི་མི་འབོར་དང་ཐག་ཉེ་འབྲེལ་མཚུངས་ཀྱི་ཆ་ནས་གླེ་གྲོང་ཁྱེར་དུ་སྨན་ཁང་གཉིས་མ་དགོས་པར་ཨག་གླིང་ཡན་ལག་སྨན་ཁང་དེ་ལྕོག་ལམ་སར་ཟླ་བསྒྲིལ་གྱིས་ཅོག་ལམ་ས་ཡན་ལག་ནས་རེས་གཟའ་ལྷག་པ་ནམ་འཆར་ལ་ཨག་གླིང་ས་གནས་སུ་སྐོར་སྐྱོད་བྱེད་རྒྱུ་ཐུགས་གཏན་འཁེལ་བ་བཞིན་ཕྱི་ལོ་ ༡༩༩༦ ཟླ་ ༡༠ ཚེས་ ༢༦ ནས་བཟུང་ལྕོག་ལམ་སར་ཟླ་བསྒྲིལ་བཏང་བ་རེད།

༣༽ ཟླ་བསྒྲིལ་མ་བཏང་བར་གྱི་འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་ཚུལ་ཁྲིམས་རྒྱ་མཚོ། ༡༩༨༧།༧།༢༢ ནས ༡༩༩༠།༣།༡

༢། སྨན་པ་ཐོགས་མེད་དཔལ་འབྱོར། ༡༩༩༠།༣།༢ ནས ༡༩༩༣།༤།༢༠

༣། སྨན་པ་བློ་བཟང་དོན་ལྡན། ༡༩༩༣།༤།༢༡ ནས ༡༩༩༥།༣།༣༠

༤། སྨན་པ་བསོད་ནམས་རྡོ་རྗེ། ༡༩༩༥།༤།༢ ནས ༡༩༩༦།༡༠།༢༦

   

ཆཱ་ཏ་པ་ཌི་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

ཆཱ་ཏ་པ་ཌི་ཡན་ལག་སྨན་ཁང་ནི་ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༡ ཉིན་གསར་ཏུ་མགོ་འཛུགས་བྱས་པ་ཞིག་ཡིན་ཞིང་། ཆཱ་ཏ་པ་ཌི་ནི་བལ་ཡུལ་དཔལ་ལྔ་ལྡན་རྒྱལ་ཁབ་ཀྱི་རྒྱལ་ས་ཀ་ཐཱ་མན་ཀྲུ་གྲོང་ཁྱེར་ནང་དུ་ཆགས་ཡོད་ལ། རྒྱལ་ས་ཀ་ཐཱ་མན་ཀྲུ་ནི་དཔལ་ལྔ་ལྡན་རྒྱལ་བོ་རིམ་བྱོན་གྱི་རྒྱལ་ས་ཡིན་པས། རྔམ་བརྗིད་ལྡན་ཞིང་ཡིད་དབང་འཕྲོག་པའི་རྒྱལ་རབས་རིམ་བྱོོན་གྱི་ཕོ་བྲང་གིས་གཙོས་པའི་གནའ་མཁར་དང་གནའ་ཤུལ་གྲགས་ཅན། མཆོད་རྟེན་བྱ་རུང་ཁ་ཤོར་དང་འཕགས་པ་ཤིང་ཀུན་གྱིས་མཚོན་པའི་ནང་པའི་གནས་ཆེན་མང་པ་མ་ཟད། ཕྱི་རོལ་བའི་གནས་ཆེན་སོགས་གང་མང་ཡོད་པའི་ཆོས་ལྡན་གྱི་ཡུལ་ལུང་ཞིག་ཡིན་ལ། དཔལ་ལྔ་ལྡན་གཞུང་གི་དབུས་ལས་ཁུངས་ཁག་དང་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་ཚབ། སྤྱི་སྒེར་ཁག་གི་བཟོ་ཚོང་སྡེ་ཚན་ལས་རིགས་སོགས་ནམ་གང་མང་ཡོད་པའི་གྲོང་ཁྱེར་ཞིག་ཡིན། གྲོང་ཁྱེར་འདིར་བལ་བོའི་མི་རིགས་སྣ་ཚོགས་དང་། རྒྱ་གར་བ། བོད་རིགས་སོགས་མི་གྲངས་ཧ་ལམ་བཞི་འབུམ་ཙམ་གནས་སྡོད་བྱེད་བཞིན་པའི་གྲོང་ཁྱེར་འདིར་མི་རིགས་སྣ་མང་འདུས་སྡོད་བྱེད་བཞིན་ཡོད་པར་བརྟེན་སྐད་རིགས་ཀྱང་མང་པོ་ཡོད་པ་དང་། ནེ་པཱ་ལའི་སྐད་དང་ཨིན་སྐད་ནི་གཞུང་འབྲེལ་གྱི་སྐད་ཡིག་ལ་གཏན་འབེབས་བྱས་ཡོད་པ་རེད། ས་ཁུལ་འདིར་དབྱར་དུས་ཅུང་ཚ་དྲོད་ཆེ་བ་ལས་གཞན་གནམ་གཤིས་དྲོ་གྲང་སྙོམས་པའི་བྱིན་ལྡན་གྱི་གྲོང་ཁྱེར་ཞིག་ཡིན། རྒྱལ་ཁབ་འདིའི་གནས་སྟངས་ཞིབ་ཕྲ་ཅ་སྤེལ་ཡན་ལག་སྨན་ཁང་གི་སྐབས་སུ་གསལ།

༢༽ འཕེལ་རིམ།

ཆཱ་ཏ་པ་ཌི་ཡན་ལག་སྨན་ཁང་ནི་བལ་ཡུལ་ནང་ཡོད་པའི་བོད་མི་དང་།  ནང་པའི་ཆོས་ཚོགས། གཞོན་ནུ་དང་བུད་མེད་ཚོགས་པ་སོགས་ཐུན་མོང་གིས་ྋགོང་ས་ྋསྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་ལ་གསོལ་འདེབས་ཞུས་པ་ལྟར། ྋགོང་ས་མཆོག་གི་བཀའ་དགོངས་བཞིན་བལ་ཡུལ་དུ་གསར་འཛུགས་བསྐྱངས་པའི་བོད་གཞུང་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་རྙིང་ཤོས་དེ་ཡིན་ལ། སྨན་ཁང་འདི་གསར་འཛུགས་བྱས་རྗེས་བོད་མི་དང་བལ་བོའི་ཡུལ་མི་རྣམས་ལ་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་སྟེ་དགའ་གུས་དང་བསྔགས་བརྗོད་ཚད་མེད་ཐོབ་པར་བརྟེན། རིམ་བཞིན་ཡར་རྒྱས་དང་གྲངས་མང་དུ་བཏང་ནས་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཡན་ལག་སྨན་ཁང་དང་། ཇོ་ལ་ཁེལ་ཡན་ལག་སྨན་ཁང་། སྤོག་ར་ཁུལ་གྱི་ཡན་ལག་སྨན་ཁང་ཁག་སོགས་གསར་འཛུགས་ཀྱིས་ཉེས་གསུམ་ནད་ཀྱིས་གཙེས་པའི་ནད་པ་རྣམས་ལ་ཕན་ཐོགས་རླབས་པོ་ཆེ་བྱུང་བ་རེད།

ཡིན་ནའང་ཕྱི་ལོ་ ༡༩༩༣ ལོར་སྨན་རྩིས་ཁང་གིས་ཅ་སྤེལ་ཁུལ་དུ་ས་ཁང་སྤུས་གཟིགས་གནང་སྟེ་ཅ་སྤེལ་ཡན་ལག་རྒྱ་བསྐྱེད་པ་དང་།  ཆཱ་ཏ་པ་ཌི་ཡན་ལག་ཏུ་སྨན་པ་གཏན་སྡོད་མ་བྱུང་བ་དང་འཛིན་སྐྱོང་ཚགས་ཚུད་མ་བྱུང་བའི་དབང་གིས་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་ཉུང་དུ་ཕྱིན་པར་བརྟེན། ཆཱ་ཏ་པ་ཌི་ཡན་ལག་སྨན་ཁང་གནས་སྐབས་རིང་སྒོ་བརྒྱབ་སྟེ་སྨན་ལས་རྣམས་ཅ་སྤེལ་ཡན་ལག་ཏུ་ཁུ་བསྡུ་བྱས་ཤིང་། སྐབས་དེའི་ཅ་སྤེལ་ཉམས་གསོག་སྨན་པ་བཙུན་ཐར་རྒྱལ་གཟའ་འཁོར་རེར་ཐེངས་གཉིས་རེ་འཆར་ཅན་སྐོར་སྐྱོད་བྱས་ཏེ་ལོ་གཅིག་ཙམ་བསྡད་པའི་གནས་ཚུལ་ཡང་བྱུང་འདུག འོན་ཀྱང་ཕྱིེས་སུ་སྨན་རྩིས་ཁང་གི་འཛིན་སྐྱོང་མི་སྣ་འགྱུར་བ་ཕྱིན་པ་དང་ཆབས་ཅིག་སྨན་རྩིས་ཁང་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་མགོ་ཚུགས་ཏེ་སྨན་ཁང་འདི་ཡང་བསྐྱར་ཏུ་གཏན་འཇགས་ཀྱི་ངོ་བོར་བསྒྱུར་བ་དང་། དུས་མཚུངས་རང་གཞུང་སྨན་རྩིས་ཁང་ནས་ཀྱང་བལ་གཞུང་གི་སྲིད་བྱུས་དེ་བཞིན་རྙོག་ཟིང་ཆེ་བས་འབྱུང་འགྱུར་བལ་ཡུལ་ནང་ཡོད་པའི་སྨན་ཁང་ཁག་ཕུགས་འཕེར་དང་། བརྟན་བརླིང་།  ཁྲིམས་མཐུན་གྱི་ངོ་བོར་བསྒྱུར་ཆེད་ཕྱི་ལོ་ ༡༩༩༥ ཟླ་ ༦ ཚེས་ ༢༣ ཉིན་བལ་ཡུལ་གཞུང་ལ་ Kailash Medical & Astro Sociaty གངས་ལྗོངས་སྨན་དང་རྩིས་ཀྱི་ཚོགས་པའི་མིང་ཐོག་དེབ་སྐྱེལ་བྱེད་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༢༠༠༠ ཡས་མས་སུ་སྨན་ཁང་འདིར་ཉེ་ཤིང་དང་། རྟ་མང་།  ཁ་ཙ་ར། ཤར་པ། ཨིན་ཇི། བོད་རིགས་སོགས་ཉིན་རེར་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་ཆ་སྙོམས་སུམ་ཅུ་ནས་བཞི་བཅུ་དབར་སླེབ་ཀྱིན་པའི་ནང་ནད་གཞི་མང་ཆེ་བ་ནི་ཕོ་སྨུག་དང་། གྲུམ་བུ། མཁྲིས་པ། ཡ་མ། དབུགས་མི་བདེ་བ་སོགས་ཡིན་པ་རེེད། སྐབས་དེར་སྨན་ཁང་འདི་ཁང་གླའི་སྟེང་གནས་ཡོད་ཀྱང་།  ཕྱིེས་སུ་སྨན་པ་བདེ་སྐྱིད་ལགས་ནས་ཁང་བདག་འདས་པོ་ནད་མནར་སྐབས་ནད་གཡོགས་སོགས་ཞབས་ཕྱི་ཧུར་ཐག་ཞུས་པར་བརྟེན་ཁོང་མ་གྲོངས་གོང་ནས་ས་ཁང་དེ་བཞིན་སྨན་རྩིས་ཁང་ལ་རིན་མེད་ཐོག་གནང་ཡོད་པས་ད་ཆ་སྨན་ཁང་དང་ལས་ཤག་བཅས་ཀྱི་དཀའ་ངལ་མེད་པར་གྱུར་འདུག

༣༽ ད་ལྟའི་གནས་སྟངས།

ད་ལྟའི་ཆར་སྨན་ཁང་འདིར་སྨན་པ་གཅིག་དང་། སྨན་སྤྲོད་དང་རྩིས་པ་བཅས་ལས་བྱེད་གཉིས། གླ་པ་གཅིག་བཅས་ཁྱོན་བསྡོམས་སྨན་ལས་གྲངས་བཞི་ཡོད། ཉིན་རེར་ཆ་སྙོམས་བྱས་ན་བསྟེན་གཏུགས་བྱེད་མཁན་བོད་པ་དང་ས་གནས་ཀྱི་ཡུལ་མི་གྲངས་ ༡༨ ལྷག་ཡོང་བཞིན་ཡོད། སྨན་ལས་རྣམས་ལ་ལས་ཤག་དང་། སྤྱི་ཐབ། སྦག་སྦག་གཅིག་བཅས་ཀྱི་མཐུན་རྐྱེན་ཡོད་པ་བཅས་སོ།།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་ལྷ་དབང་།  ༡༩༨༧།༩།༡ ནས་ ༡༩༨༨།༣།༡༥ བར།

༢། སྨན་པ་ཚེ་རིང་ཆོས་སྐྱིད། ༡༩༨༨།༣།༡༦ ནས་ ༡༩༩༢།༦།༥བར།

༣། སྨན་པ་བློ་བཟང་ཆོས་འབྱོར། ༡༩༩༣།༡།༡༠ ནས་ ༡༩༩༨།༥།༣༠ བར།

༤། སྨན་པ་བློ་བཟང་བསྟན་པ། ༡༩༩༨།༥།༡ ནས་ ༢༠༠༠།༣།༣༠ བར།

༥། སྨན་པ་བསྟན་འཛིན་དབྱངས་ཅན། ༢༠༠༠།༤།༡ ནས་ ༢༠༠༡།༡༠།༢༠ བར།

༦། སྨན་པ་བདེ་སྐྱིད་དབྱངས་འཛོམ། ༢༠༠༡།༡༠།༢༡ ནས་ ༢༠༠༥།༧།༡༡

༧། སྨན་པ་བཀྲ་ཤིས་རྡོ་རྗེ། ༢༠༠༥།༡༢།༡༠ ནས་ ༢༠༠༨།༡༠།༡

༨། སྨན་པ་བསྟན་འཛིན་ཀུན་དགའ། ༢༠༠༨།༡༠།༧ ནས་གནང་མུས།

   

ཀོལླི་གལ་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

དོན་གླིང་འདི་བཞིན་བོད་མིའི་གཞིས་ཆགས་ཆེ་གྲས་ཤིག་ཡིན་པར་སོང་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཞིག་གསར་འཛུགས་ཡོང་བའི་རེ་སྐུལ་གཞིས་གྲོང་ཉེར་གཉིས་དང་དགོན་ཁག་ལྔའི་མི་དམངས་ནས་གཞིས་མགོ་བརྒྱུད་དབུས་སྨན་རྩིས་ཁང་ལ་རིམ་པས་ཞུས་པ་དང་། ས་གནས་མཉམ་འབྲེལ་ནས་ཁང་ཁུངས་མཐུན་འགྱུར་གནང་བ་སོགས་ལ་བརྟེན་ཕྱི་ལོ་ ༡༩༨༧ ཟླ་ ༡༠ ཚེས་ ༡ ཉིན་སྐབས་ལྔ་བའི་སློབ་ཐོན་སྨན་པ་ཐུབ་བསྟན་རྒྱལ་མཚན་ལགས་བསྐོ་གཏོང་གནང་སྟེ་ཡན་ལག་སྨན་ཁང་དངོས་སུ་དབུ་འཛུགས་ཐུབ་པ་བྱུང་ཡོད།

ཀོལླི་གལ་གྲོང་བརྡལ་ནི་རྒྱ་གར་ལྷོ་ཕྱོགས་ཀཱརནཱ་ཊ་ཀ་མངའ་སྡེའི་རྒྱལ་ས་བེངྒ་ལོར་གྲོང་ཁྱེར་ནས་ཀི་ལོ་མི་ཊར་བརྒྱ་དང་ལྔ་བཅུ་ཙམ་གྱི་སར་ཡོད་ཅིང་། ཁུལ་འདིར་ཀཱརནཱ་ཊ་ཀ་དང་ཏ་མིལ་ནཱཌུའི་མངའ་སྡེ་གཉིས་ཀྱི་སྐད་རིགས་ཐུན་མོང་དུ་བེད་སྤྱོད་བྱེད་བཞིན་ཡོད། ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སྲིད་བློན་ནཱེ་རུ་ལ་བོད་མི་རིགས་ཀྱི་རིག་གཞུང་དང་། ཡུལ་སྲོལ་གོམས་གཤིས་བཟང་པོ་རྣམས་མི་ཉམས་རྒྱུན་འཛིན་དང་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་ཏུ་མི་འགྲོ་བའི་ཆེད་དུ་བཙན་བྱོལ་བོད་མི་རྣམས་ཁ་འཐོར་དུ་སྡོད་མི་དགོས་པར་བོད་པའི་གཞིས་ཆགས་ཟུར་འཛུགས་ཡོང་བའི་རེ་སྐུལ་གནང་བ་བཞིན། དོན་ལྡན་གླིང་གཞིས་ཆགས་འདི་ཀོལླི་གལ་གྲོང་བརྡལ་ནས་བྱང་ཕྱོགས་སུ་ཀི་ལོ་མི་ཀྲར་སུམ་ཅུ་ཙམ་གྱི་སར་ཡོད་པའི་ཨོ་ཌི་པཱ་ལ་ཞེས་པའི་ས་གནས་སུ་ཆགས་ཡོད་ལ། ལོ་རེའི་སྤྱི་ཟླ་བདུན་པ་དང་བརྒྱད་པར་རླུང་འཚུབ་ཅུང་རྒོད་པ་ལས་གཞན། གཞིས་ཆགས་འདིའི་མཐའ་བཞི་ནགས་ཚལ་གྱིས་ཁེངས་པའི་རི་ཚོགས་ཀྱིས་བསྐོར་ཞིང་།  གནམ་གཤིས་དྲོ་གྲང་སྙོམས་པའི་དབེན་གནས་ཤིག་ཡིན་པས་བོད་ཡུལ་ལྷོ་རྒྱུད་ཀྱི་བཀོད་པ་དང་ཆ་འདྲ་བ་ཡོད།

 ༢༽ འཕེལ་རིམ།

སྨན་ཁང་བཙུགས་ནས་ལོ་བརྒྱད་ཙམ་རིང་གཞིས་ཆགས་མི་དམངས་ལ་འཕྲོད་བསྟེན་ཞབས་ཞུ་གཟེངས་སུ་ཐོན་པ་ཞུས་པ་དང་། ལྷག་པར་ཏུ་ཉམ་ཐག་དང་། སློབ་ཕྲུག གྲྭ་བཙུན་སོགས་ལ་སྨན་སྦྱིན་དང་ཕྱེད་བཅག་གནང་སྟེ་སྨན་བཅོས་བྱས་པར་མི་མང་ནས་དགའ་མོས་ཆེན་པོ་བྱས་ཤིང་།  བོད་རིགས་ཙམ་མ་ཡིན་པར་རྒྱ་གར་གྱི་འབྲེལ་ཡོད་དཔོན་རིགས་ཁག་དང་། ཡུལ་མི་དཀྱུས་མ་སོགས་ཀྱང་རིམ་པས་བོད་སྨན་བསྟེན་གཏུགས་བྱེད་པར་ཡོང་རྒྱུ་མགོ་ཚུགས་པར་བརྟེན། སྨན་རྩིས་ཁང་ནས་ཀྱང་རང་བདག་ཁང་པ་དང་། སྨན་ཁང་གི་མཐུན་རྐྱེན་སོགས་དུས་བསྟུན་ཡར་རྒྱས་སུ་གཏོང་དགོས་པ་གལ་ཆེར་གཟིགས་ཏེ། ས་གནས་མཉམ་འབྲེལ་ལ་སྨན་ཁང་རྒྱག་ས་དང་མ་འོངས་པའི་ལས་གཞི་ཁག་ཅིག་གི་ཆེད་ས་ཆ་མཐུན་འགྱུར་ཡོང་བའི་རེ་སྐུལ་གནང་བ་བཞིན་བོད་གཞུང་ནང་སྲིད་ལས་ཁུངས་དང་ས་གནས་མཉམ་འབྲེལ་ནས་ས་ཁྱོན་ཕི་ཀྲི་གྲུ་བཞི་མ་ལྔ་སྟོང་སྨན་རྩིས་ཁང་ལ་ཡན་ལག་སྨན་ཁང་གསར་རྒྱག་དང་། ལས་གཞི་གཞན་དག་གི་ཆེད་གནང་སོན་བྱུང་བ་ལྟར། བོད་ཕྱི་ལོ་ ༡༩༩༧ ཟླ་ ༨ ཚེས་ ༢༣ ཉིན་དབུ་འབྱེད་གནང་བ་ནས་བཟུང་ཆར་དུས་ནད་པས་སྒུག་སྡོད་བྱེད་ས་མེད་པའི་དཀའ་ངལ་དང་། སྨན་ལས་པར་ལས་ཤག་མེད་པའི་དཀའ་ངལ་སོགས་སེལ་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༢༠༠༠ ཡས་མས་སུ་སྨན་ཁང་འདིར་ཉིན་རེར་བསྟེན་གཏུགས་བྱེད་མཁན་བོད་རིགས་དང་རྒྱ་གར་བ་ཆ་སྙོམས་ཉིན་རེར་དྲུག་ཅུ་ནས་བདུན་ཅུ་བར་སླེབ་བཞིན་པ་དང་། ད་དུང་སྨན་ཁང་འདིས་ཕྱི་ལོ་ ༡༩༩༧ ཟླ་ ༩ པ་ནས་བཟུང་དགུན་ཟླ་གསུམ་ཕུད་པའི་ཟླ་རེ་བཞིན་འཆར་ཅན་ཏ་མལ་ན་གྲུའི་མངའ་ཁོངས་སུ་ཡོད་པའི་ཨུ་ཊི་སུད་ཚོང་སྐྱིད་སྡུག་གིས་རེ་སྐུལ་ལྟར་ས་གནས་དེར་སྨན་སྐོར་བྱེད་བཞིན་ཡོད་པ་རེད།

༣༽ ད་ལྟའི་གནས་སྟངས།

ད་ལྟ་སྨན་ཁང་འདིར་སྨན་རྩིས་ཁང་གི་སྨན་པ་གཉིས་དང་། སྨན་སྤྲོོད་རྩིས་པ་གཅིག་ལྕོགས་གཅིག་བཅས་ལས་བྱེད་གསུམ། གླ་པ་གཅིག་བཅས་ཁྱོན་སྨན་ལས་དྲུག་ཡོད། ཉིན་རེར་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་རྒྱ་གར་བ་དང་བོད་པ་གྲངས་ ༤༤ ལྷག་ཡོད། སྨན་ཁང་ལ་མཐུན་རྐྱེན་སྤྱི་སྤྱོད་རླངས་འཁོར་གཅིག་ཡོད་པ་ལས་གཞན་གང་ཡང་མེད། སྨན་ཁང་འདི་ནས་དབུས་སུ་སྨན་རྒྱུ་མཁོ་སྒྲུབ་ཀྱི་ལས་དོན་འཕར་མ་གནང་བཞིན་ཡོད།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་ཐུབ་བསྟན་རྒྱལ་མཚན། ༡༩༨༧།༡༠།༡ ནས་ ༡༩༩༡ བར།

༢། སྨན་པ་ལྷ་དབང་། ༡༩༩༡ ནས་ ༡༩༩༣ བར།

༣། སྨན་པ་པ་སངས་སྒྲོལ་དཀར། ༡༩༩༣ ནས་ ༡༩༩༤།༧།༣༠ བར།

༤། སྨན་པ་ཆོས་ལོ་ཐར། ༡༩༩༤།༨།༡ ནས་ ༡༩༩༩།༤།༢༥ བར།

༥། སྨན་པ་བསྟན་འཛིན་ནོར་བུ། ༡༩༩༩།༤།༢༦ ནས་ ༢༠༠༢།༧།༡ བར།

༦། སྨན་པ་ཐུབ་བསྟན་ནོར་བུ། ༢༠༠༢།༧།༢ ནས་ ༢༠༠༣།༤།༢༠

༧། སྨན་པ་སྐྱིད་འཛོམས། ༢༠༠༣།༥།༡ ནས་ ༢༠༠༥།༢།༡༩

༨། སྨན་པ་རྟ་མགྲིན་བཟང་མོ། ༢༠༠༥།༤།༥ ནས་གནང་མུས།

 

སྒང་ཏོག་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

ཡན་ལག་སྨན་ཁང་འདི་ནི་འབྲས་ལྗོངས་གཞུང་མི་དམངས་དང་།  ལྷག་པར་དུ་གསོ་བ་རིག་པས་གཙོས་པའི་བོད་ཀྱི་རིག་གཞུང་ལ་རྒྱུས་མངའ་ཡོད་པའི་གནད་ཡོད་མི་སྣ་ཁག་ཅིག་གིས་རེ་སྐུལ་ཤུགས་ཆེར་ཞུས་པ་བཞིན་ཕྱི་ལོ་ ༡༩༨༨ ཟླ་ ༡ ཚེས་ ༡ ཉིན་གསར་འཛུགས་བྱས་པ་ཞིག་ཡིན། སྒང་ཏོག་ནི་འབྲས་ལྗོངས་ཀྱི་རྒྱལ་ས་ཡིན་ལ། དེ་ཡང་བོད་ཀྱི་ལོ་རྒྱུས་ཁག་ཅིག་ནང་སྦས་ཡུལ་འབྲས་མོ་ལྗོངས་ཞེས་གསང་བ་དང་སྦས་པའི་ཡུལ་གྲུ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། དེང་དུས་རྒྱ་གར་དང་ཨིན་སྐད་ཀྱིས་སིཀྐིིམ་ Sikkim ཞེས་འབོད་བཞིན་པ་དེ་ནི་གནའ་དུས་འབྲས་ལྗོངས་ཡུལ་གྱི་ཁང་ཁྱིམ་ཕལ་མོ་ཆེ་སྨྱུག་མ་ལས་བཟོས་པ་ཡིན་པས། ཧ་ཅང་བསིལ་པོ་ཡོད་པར་བརྟེན་བོད་སྐད་དུ་བསིལ་ཁྱིམ་ཞེས་འབོད་པ་དེའི་སྒྲ་ཟུར་ཆགས་པ་ཞིག་ཡིན་པ་རེད། རྒྱལ་པོ་འུ་དུམ་བཙན་པོ་ནས་བཟུང་སྟོབས་འབྱོར་མངའ་ཐང་ལྡན་པའི་བཙན་པོའི་རྒྱལ་རབས་མཇུག་སྒྲིལ་ཏེ་བོད་སིལ་བུར་འཐོར་བ་དང་བསྟུན། འབྲས་ལྗོངས་དེ་ཡང་འབྲས་ལྗོངས་རྒྱལ་རྒྱུད་རིམ་བྱོན་གྱིས་དབང་བསྒྱུར་བའི་རྒྱལ་ཕྲན་ཞིག་ཏུ་གྱུར་ཅིང་། ལོ་ངོ་བརྒྱ་ཕྲག་དུ་མའི་དུས་རིམ་གྱི་འགྱུར་ལྡོག་དང་དམངས་གཙོའི་འཕེལ་རིམ་གྱི་འགྱུར་འགྲོས་སྣ་ཚོགས་བརྒྱུད་དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུ་བའི་ནང་རྒྱ་གར་དམངས་གཙོ་མནའ་འབྲེལ་གཞུང་གི་ཁོངས་གཏོགས་མངའ་སྡེ་རང་དབང་ཆེ་ཤོས་ཤིག་ཏུ་གྱུར་ཡོད། རྒྱལ་ས་སྒང་ཏོག་གི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་ཕི་ཁྲི་ ༥༥༠༠ ཙམ་ཡིན་ལ་གནམ་གཤིས་ཀྱི་དྲོད་གྲང་སྙོམས་པས་དབྱར་དུས་ཚ་དྲོད་ཆེ་བའི་སྐབས་ལའང་དྲོད་ཚད་ཨང་གྲངས་ ༡༨ ལས་བརྒལ་བཞིན་མེད་པ་དང་། དགུན་དུས་གྲང་ངར་ཆེ་བའི་སྐབས་སུའང་དྲོད་ཚད་ཨང་གྲངས་ ༥ ལས་ཆགས་མི་ཐུབ་པ་ཡིན།

སྒང་ཏོག་ནི་འབྲས་ལྗོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། འགྲིམ་འགྲུལ། ཚོང་ལས་དཔལ་འབྱོར་སོགས་ཀྱི་ལྟེ་གནས་དེ་ཡིན་ཞིང་། འདུས་སྡོད་བྱེད་མཁན་གྱི་མི་རིགས་ཀྱང་འབྲས་ལྗོངས་པ་དང་། བལ་བོ། ཤར་བ་དང་རྟ་མང་། ཡོལ་མོ་དང་ལེབ་ཅ། བོད་རིགས་སོགས་མི་གྲངས་ཆིག་འབུམ་ཙམ་འདུས་སྡོད་ཡོད་པའི་ས་གནས་ཤིག་ཡིན་ལ། སྔ་མོའི་འབྲས་ལྗོངས་རྒྱལ་བོའི་རྒྱལ་རྒྱུད་རྒྱུན་བཞུགས་གནང་སའི་རྒྱལ་ཁང་སོགས་སྔོན་བྱོན་མཁས་པའི་བཟོ་བཀོད་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་བརྗིད་ཉམས་ལྡན་པའི་ཁང་བརྩེགས་ཀྱང་གང་མང་མཐོང་རྒྱུ་ཡོད་ཅིང་། ཁུལ་དེར་སློབ་དཔོན་པདྨའི་སྒྲུབ་གནས་བྱིན་ཆེན་མང་པོ་ཡོད་པ་མ་ཟད། དཔལ་རྒྱལ་ཀརྨ་བའི་གདན་ས་གཉིས་པ་རུམ་བཏེགས་དགོན་པས་གཙོས་ནང་པའི་ཆོས་རྒྱུད་འཛིན་པ་ཕལ་མོ་ཆེའི་དགོན་སྡེ་གང་མང་ཡོད་པ་མ་ཟད་རང་གཞུང་ཤེས་རིག་ལས་ཁུངས་ཁྱབ་ཁོངས་སློབ་གྲྭ་འཛིན་རིམ་བཅུ་ཅན་ཞིག་ཀྱང་ཡོད། འབྲས་ལྗོངས་ནི་རང་སྐྱོང་གི་ཐོབ་ཐང་ཡོད་པའི་མངའ་སྡེ་ཞིག་ཡིན་པའི་ཆ་ནས་མངའ་སྡེའི་བློན་ཆེན་དེ་ས་གནས་རང་གི་ཡུལ་མི་ཡིན་དགོས་པ་སོགས་ཀྱི་གནས་བབ་འོག་མི་རིགས་རང་གི་ཆོས་དང་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་སོགས་གང་ཅིའི་ཐད་ཡར་ལྡན་ཡོད་པའི་ས་ཁུལ་ཞིག་ཡིན། གྲོང་ཁྱེར་ནང་དུ་ཡོད་པའི་འཚོ་རྟེན་གཙོ་བོ་ཡུལ་སྐོར་སྤྲོ་འཁྱམ་དང་འབྲེལ་བའི་ལས་རིགས་ཏེ་མགྲོན་ཁང་དང་ཟ་ཁང་། ཚོང་ཁང་སོགས་དེང་རབས་ཅན་གྱི་ཁེ་གཉེར་ཡར་རྒྱས་རྣམ་པ་མངོན་གསལ་དོད་ཅིང་། ཁོར་ཡུག་གི་བཀོད་པ་རྣམས་མཛེས་སྡུག་ཡིད་དུ་འོང་བའི་གྲོང་ཁྱེར་ཞིག་ཀྱང་ཡིན་པ་རེད། སྐད་ཡིག་ནི་གཙོ་ཆེར་བལ་བོའི་སྐད་དང་། འབྲས་ལྗོངས་སྐད། ཨིན་ཇི། ཧིན་དྷི་སོགས་སྤྱོད་བཞིན་ཡོད།

༢༽ འཕེལ་རིམ།

སྨན་ཁང་སྒོ་འབྱེད་སྐབས་འབྲས་ལྗོངས་རྒྱལ་བོའི་གཉེན་ཚན་ཡིན་པ་སྐུ་དྲག་རཱཀ་ཤག་ནས་གནམ་སྣང་སྲང་ལམ་དུ་ཁང་མིག་གསུམ་དང་། ཐབ་ཚང་གཅིག གསང་སྤྱོད་ཁྲུས་ཁང་གཅིག་བཅས་ཁང་གླའི་སྟེང་མཐུན་འགྱུར་གནང་བའི་ནང་མགོ་བརྩམས་ཤིང་། སྤྱིར་འབྲས་ལྗོངས་མངའ་ཁུལ་འདིར་བོད་ཀྱི་ཆོས་དང་རིག་གཞུང་གི་ཤན་ཤུགས་ད་དུང་མ་ཉམས་པར་ཡོད་པས། ཡུལ་མིའི་ཁྲོད་དུའང་བོད་སྨན་ལག་ལེན་བྱེད་མཁན་མི་ཉུང་ཙམ་ཡོད་པའི་ཁར། འབྲས་ལྗོངས་གཞུང་གི་སྨན་ཁང་ཆེན་མོའི་ནང་བོད་སྨན་སྡེ་ཚན་ཞིག་ཟུར་འཛུགས་ཀྱིས་དགོས་མཁོའི་གསོལ་སྨན་རྣམས་སྨན་རྩིས་ཁང་ནས་སྤུས་གཟིགས་གནང་སྟེ་ཡུལ་མི་རྣམས་ལ་རིན་མེད་ཐོག་སྨན་བཅོས་བྱེད་བཞིན་ཡོད་ཀྱང་། ཕྱི་ནང་མི་རིགས་ཚང་མས་ྋགོང་ས་མཆོག་གིས་དབུ་ཁྲིད་པའི་བོད་གཞུང་སྨན་རྩིས་ཁང་གི་སྨན་པ་དང་གསོལ་སྨན་རྣམས་ཚད་ལྡན་དུ་ངོས་འཛིན་གྱིས་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་ལོ་རེ་བཞིན་ཇེ་མང་དུ་སོང་སྟེ་རྩ་དཀར་དང་། མཆིན་ནད། མཁྲིས་སྐྲན། ཡ་མ་དང་གྲུམ་བུ་སོགས་ཀྱི་ནད་གཞིར་ཕན་འབྲས་མངོན་གསལ་ཐོན་པར་བརྟེན་ཕྱི་ལོ་ ༢༠༠༠ ཡས་མས་སུ་ཉིན་རེར་ཆ་སྙོམས་ནད་པ་ལྔ་བཅུ་ནས་དྲུག་ཅུ་དབར་འཕར་ཡོད་པ་རེད།

བོད་གཞུང་སྨན་རྩིས་ཁང་ལ་ཡན་ལག་སྨན་ཁང་གྲངས་ལྔ་བཅུ་ལྷག་ཡོད་པའི་ནང་ལོ་རེར་བསྟེན་གཏུགས་བྱེད་མཁན་ནད་པ་གྲངས་འབུམ་ལྔ་ཡས་མས་སླེབ་བཞིན་པ་དེ་དག་གི་དགོས་མཁོའི་གསོལ་སྨན་ཁག་བཟོ་སྐྲུན་བྱེད་པར་སྨན་རྒྱུའི་ཐོན་ཁུངས་མ་འཛོམས་པ་དང་། དབོར་འདྲེན་གྱི་དཀའ་ངལ་ཡོད་པ་དེ་དག་ཡན་ལག་སྨན་ཁང་འདི་བརྒྱུད་ནས་འབྲེལ་ཡོད་མངའ་སྡེའི་གཞུང་གི་དཔོན་རིགས་ཁག་ལ་འབྲེལ་གཏུགས་ཀྱིས་དགོས་གལ་སྨན་རྒྱུ་མི་ཉུང་བ་ཞིག་སྒང་ཏོག་ཁུལ་དང་། ལྷོ་ནག་ཁུལ། ལ་ཆེན་ལ་ཆུང་། སྣ་ཐོད་ལ་སོགས་ནས་མཁོ་སྒྲུབ་ཀྱིས་དབུས་སྨན་སྦྱོར་སྡེ་ཚན་དུ་གཏོང་མུས་ཡིན་པ་རེད། ཡན་ལག་སྨན་ཁང་འདི་ནས་ཉེ་འགྲམ་དུ་ཆགས་པའི་དཔལ་རྒྱལ་ཀརྨ་བའི་གདན་ས་གཉིས་པ་རུམ་བཏེགས་དགོན་པ་ནས་ཇི་ལྟར་རེ་སྐུལ་ཞུས་པ་ལྟར། རེས་གཟའ་སྤེན་པ་གཉིས་པ་ནམ་ཡིན་ལ་སྐོར་བསྐྱོད་བྱེད་བཞིན་ཡོད་པ་རེད།

༣༽ ད་ལྟའི་གནས་སྟངས།

ད་ལྟའི་སྐབས་སྨན་ཁང་འདིར་སྨན་པ་གཅིག་དང་། སྨན་སྤྲོད་དང་རྩིས་པ་བཅས་ལས་བྱེད་གཉིས། གླ་པ་གཅིག་བཅས་ཁྱོན་བསྡོམས་སྨན་ལས་གྲངས་བཞི་ཡོད། ཉིན་རེར་ཆ་སྙོམས་ནད་པ་རྒྱ་གར་བ་དང་བོད་པ་གྲངས་ ༡༧ ཙམ་གྱིས་བསྟེན་གཏུགས་གནང་མུས་ཡིན།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་བློ་བཟང་བཀྲ་ཤིས། ༡༩༨༨།༡།༡ ནས་ ༡༩༨༩།༤།༢༤ བར།

༢། སྨན་པ་ངག་དབང་མཁྱེན་བརྩེ། ༡༩༨༩།༤།༢༤ ནས་ ༡༩༩༦།༡༠།༥ བར།

༣། སྨན་པ་པ་སངས་ཕུན་ཚོགས། ༡༩༩༦།༡༠།༦ ནས་ ༡༩༩༧།༧།༡༨ བར།

༤། སྨན་པ་ངག་དབང་མཁྱེན་བརྩེ། ༡༩༩༧།༨།༡ ནས་ ༡༩༩༨།༤།༡༠ བར།

༥། སྨན་པ་ཉི་སྒྲོན། ༡༩༩༨།༥།༡༧ ནས་ ༢༠༠༡།༡༠།༡༥ བར།

༦། སྨན་པ་དབྱངས་ཅན། ༢༠༠༡།༡༠།༢༥ ནས་ ༢༠༠༢།༣།༡༩

༧། སྨན་པ་སྐལ་བཟང་རྡོ་རྗེ། ༢༠༠༢།༤།༡༦ ནས་ ༢༠༠༣།༧།༢༠

༨། སྨན་པ་ཚེ་རིང་ཐར།   ༢༠༠༣།༧།༢༥ ནས་ ༢༠༠༤།༥།༢༦

༩། སྨན་པ་དབང་འདུས། ༢༠༠༤།༦།༢༥ ནས་ ༢༠༠༥།༨།༡༥

༡༠། སྨན་པ་བསྟན་འཛིན་ཆོས་སྒྲོན། ༢༠༠༥།༨།༡༦ ནས་ ༢༠༠༩།༤།༣

༡༡། སྨན་པ་ཚེ་རིང་གཡུ་སྒྲོན། ༢༠༠༩།༤།༢༥ ནས་གནང་མུས།

   

བྷུབ་ནེ་ཤྭར་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

ཡན་ལག་སྨན་ཁང་འདི་ནི་ཕྱི་ལོ་ ༡༩༨༨ ཟླ་ ༡ ཚེས་ ༡༨ ཉིན་མངའ་སྡེ་གཞུང་གི་ཐད་ཀའི་མཛུབ་སྟོན་འོག་དབུ་འབྱེད་གནང་བ་ཞིག་རེད་འདུག བྷུབ་ནེ་ཤྭར་ནི་རྒྱ་གར་གྱི་ལྷོ་ཤར་ས་ཁུལ་ཨོ་རི་ས་མངའ་སྡེའི་རྒྱལ་ས་ཡིན་ལ། རྒྱ་གར་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་རྗེས་རྒྱལ་ཁབ་ཀྱིས་འཆར་འགོད་འཛུགས་སྐྲུན་བྱས་པའི་གྲོང་ཁྱེར་གྲས་ཤིག་ཡིན་པས་ད་བར་ལོ་ངོ་ལྔ་བཅུ་ལྷག་ཙམ་གྱི་ལོ་རྒྱུས་ལས་མེད་པའི་གྲོང་ཁྱེར་གསར་པ་ཞིག་ཡིན། གྲོང་ཁྱེར་འདི་ཚ་བ་ཆེ་བའི་ས་ཁུལ་དུ་གཏོགས་པས་དབྱར་དུས་ཚ་དྲོད་ཆེ་སྐབས་ཚ་ཚད་ཨང་གྲངས་ ༤༧ ཙམ་ལ་སླེབས་ཀྱི་ཡོད་པ་དང༌། དེ་མིན་དགུན་དཔྱིད་སྟོན་གསུམ་ལ་གནམ་གཤིས་ཀྱི་འགྱུར་ལྡོག་དེ་ཙམ་མེད། ཨོ་རི་ས་མངའ་སྡེ་འདི་བཞིན་ཉེ་འཁོར་གྱི་ཨནདྲ་དང་ནུབ་བངྒལ་སོགས་དང་བསྡུར་ན་སྤྱིར་ཡར་རྒྱས་དེ་ཙམ་མེད་པ་ཞིག་ལ་ངོས་འཛིན་བྱེད་བཞིན་པ་དང༌། ཡུལ་སྐད་ཨུ་རི་ཡ་མ་གཏོགས་སྐད་རིགས་གཞན་བེད་སྤྱོད་དེ་ཙམ་མེད་པའི་མངའ་སྡེ་ཞིག་ཡིན་པ་སོགས་ཞིབ་ཕྲ་ཨོ་རི་ས་ཡན་ལག་སྨན་ཁང་གི་ལོ་རྒྱུས་བཤད་པའི་སྐབས་སུ་བཀོད་ཟིན་པས་དེར་གཟིགས་པར་འཚལ།

༢༽ འཕེལ་རིམ།

ཨོ་རི་ས་མངའ་སྡེའི་མཐོ་རིམ་དཔོན་རིགས་ཁྲོད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་བོད་ཀྱི་རིག་གཞུང་ལ་རྒྱུས་མངའ་ཡོད་མཁན་མང་པོ་ཡོད་ལ། མངའ་སྡེའི་བློན་ཆེན་ཇི་བྷི་པེན་ན་ཁི (J.B Patnaik) སྐབས་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བྷུབ་ནེ་ཤྭར་གྲོང་ཁྱེར་ནང་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཞིག་གསར་འཛུགས་ཡོང་བའི་སྙན་གསོལ་དོན་སྨན་བྱུང་བ་དང་སྦྲགས་མངའ་སྡེ་དབུས་འཛིན་སྐྱོང་གི་ཐད་ཀའི་བལྟ་རྟོགས་འོག་མངའ་སྡེའི་མཐོ་རིམ་གཞུང་ཞབས་པ་བཞུགས་སའི་ཁང་པ་རྒྱ་ཁྱོན་ཆེ་བ་ཞིག་སྨན་རྩིས་ཁང་གི་ཆེད་གསོལ་བསྩལ་གྱིས་ཕྱི་ལོ་ ༡༩༨༨ ལོར་དངོས་སུ་དབུ་འབྱེད་ཞུས་འདུག་པ་དང་།  སྨན་ཁང་འདི་དབུ་འབྱེད་བྱས་པ་ནས་བཟུང་ད་བར་མངའ་སྡེ་དབུས་གཞུང་འཛིན་སྐྱོང་གི་ལྟ་རྟོགས་འོག་ཡོད་པས་ཆུ་གློག་དང་རྒྱུན་ལྡན་གྱི་བཟོ་བཅོས་ཙག་ཙིག་རིགས་མངའ་སྡེ་གཞུང་གི་འབྲེལ་ཡོད་ཚན་པ་སོ་སོར་ཐད་ཀར་འབྲེལ་བ་ཞུས་ཆོག་ཅིང་། ཁྲིམས་ལུགས་གཞིར་བཟུང་ཁང་བའི་ས་རིན་ནམ་ས་ཁྲལ་ལྟ་བུར་ལོ་ལྟར་སྒོར་ ༢༡༩།༠༠ མངའ་སྡེ་གཞུང་ལ་འབུལ་ལམ་ཞུ་དགོས་པ་དང་། ཁང་ཁོངས་དེ་བཞིན་ལོ་དུས་རྒྱས་བཅད་ཀྱི་གན་རྒྱའི་འོག་གནས་ཡོད་སྟབས་ལོ་དུས་རྫོགས་མཚམས་སླར་ཁྲིམས་ཁང་བརྒྱུད་ལོ་དུས་ཀྱི་གན་རྒྱ་བཟོ་དགོས། སྨན་ཁང་གི་ཁང་ཁོངས་རྣམས་རྙིང་སོང་ཡིན་པས་བཟོ་བཅོས་དགོས་གལ་ཤིན་ཏུ་ཆེ་བའི་ཁར། ས་ཁུལ་འདིར་ལོ་རེའི་ཆར་དུས་རྫོགས་མཚམས་དང་སྐབས་ངེས་མེད་དུ་རླུང་འཚུབ་ཀྱིས་རྐྱེན་ངན་ཐེངས་མང་བྱུང་མྱོང་བ་དང་།  ལྷག་པར་དུ་ཕྱི་ལོ་ ༡༩༩༩ ལོར་ཚབས་ཆེའི་རླུང་འཚུབ་ཀྱིས་རྐྱེན་གྱིས་མངའ་སྡེའི་ས་ཆ་མང་ཆེ་བའི་ཁང་ཁོངས་དང་ཁོར་ཡུག་ལ་གནོད་སྐྱོན་ཤུགས་ཆེ་ཐེབས་པར་བརྟེན། སྨན་ཁང་ནས་མངའ་སྡེ་གཞུང་ལ་ཐེག་པ་རིམ་འཛེགས་ཀྱིས་སྙན་ཞུ་ཕུལ་བ་དང་ཁང་ཁོངས་པར་དུ་བླངས་ཏེ་ཞིབ་ཞུས་ཐེངས་མང་བྱས་པ་བརྒྱུད་ཕྱི་ལོ་ ༢༠༠༣ ཟླ་ ༡ ཚེས ༡༤ ཉིན་གྲོན་དངུལ་སྒོར་ ༡༤༩༩༠༠།༠༠ ཞིག་ཆོག་མཆན་ཐོབ་པ་ལྟར། ལོ་དེའི་ཕྱི་ཟླ ༤ པའི་ནང་བཟོ་བཅོས་ཉམས་གསོ་བྱེད་ཐུབ་ཡོད་པ་རེད། ཕྱི་ལོ་ ༢༠༠༠ ཡས་མས་སུ་སྨན་ཁང་འདིར་གྲུམ་བུ་དང་། དབུགས་བསགས། གཞང་འབྲུམ། རྩ་དཀར། གཅིན་སྙི་སོགས་ཀྱི་ནད་གཞི་ཡོད་པའི་རྒྱ་གར་གཙོས་པའི་ཕྱི་ནང་ནད་པ་བསྟེན་གཏུགས་བྱེད་མཁན་ཆ་སྙོམས་ཉིན་རེར་བཅུ་ནས་ བཅོ་ལྔ་ཙམ་སླེབས་བཞིན་ཡོད་ལ། ཉེ་མཁྲིས་ཀྱི་ (A.P) མངའ་སྡེའི་གྲོང་ཁྱེར་ཝེ་ཤི་ཀ་པ་ནམ་ (Vishakapatnam) ནང་འཆར་ཅན་ཟླ་རེར་སྨན་སྐོར་ཐེངས་རེར་སྐྱོད་བཞིན་ཡོད།

༣༽ ད་ལྟའི་གནས་སྟངས།

ད་ལྟའི་སྐབས་སྨན་ཁང་འདིར་སྨན་པ་གཅིག་དང་། སྨན་སྤྲོད་དང་རྩིས་པ་བཅས་ལས་བྱེད་གཉིས། གླ་པ་གཅིག་བཅས་ཁྱོན་བསྡོམས་སྨན་ལས་གྲངས་བཞི་ཡོད། ཉིན་རེར་བསྟེན་གཏུགས་བྱེད་མི་རྒྱ་གར་བ་དང་བོད་པ་གྲངས་ ༦ ཙམ་ཡོང་བཞིན་ཡོད། སྨན་ལས་རྣམས་ལ་ལས་ཤག་དང་སྤྱི་ཐབ་ཀྱི་མཐུན་རྐྱེན་ཡོད།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་པདྨ་དབྱངས་ཅན། ༡༩༨༨།༣།༨ ནས་ ༡༩༨༩།༧།༡

༢། སྨན་པ་བཀྲ་ཤིས་དབང་འདུས། ༡༩༨༩།༧།༢ ནས་ ༡༩༩༢།༤།༢༩

༣། སྨན་པ་ཀརྨ་སྒྲོལ་མ། ༡༩༩༢།༤།༣༠ ནས་ ༡༩༩༤།༢།༡༧

༤། སྨན་པ་པདྨ་དབྱངས་འཛོམས། ༡༩༩༤།༢།༢༠ ནས་ ༡༩༩༤།༧།༡༠

༥། སྨན་པ་ཉི་མ་གཡུ་སྒྲོན། ༡༩༩༤།༧།༡༥ ནས ༡༩༩༤།༡༠།༩

༦། སྨན་པ་བསྟན་འཛིན་དབྱངས་སྐྱིད། ༡༩༩༤།༡༠།༡༠ ནས་ ༢༠༠༠།༨།༢༨

༧། སྨན་པ་ཡེ་ཤེས་དགེ་ལེགས། ༢༠༠༠།༩།༡༥ ནས་ ༢༠༠༡།༢།༥

༨། སྨན་པ་བདེ་སྐྱིད་བཟང་མོ། ༢༠༠༡།༢།༡༢ ནས་ ༢༠༠༣།༡༡།༡

༩། སྨན་པ་པ་སངས་དོན་འགྲུབ། ༢༠༠༣།༡༡།༡ ནས་ ༢༠༠༨།༤།༨

༡༠། སྨན་པ་བསྟན་འཛིན་རྡོ་ལགས། ༢༠༠༨།༥།༢༠ ནས་ ༢༠༠༩།༤།༣

༡༡། སྨན་པ་ངག་དབང་རྡོ་རྗེ། ༢༠༠༩།༤།༡༥ ནས་གནང་མུས།

   

བྷན་དཱ་ར་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

ཡན་ལག་སྨན་ཁང་འདི་ནི་ཕྱི་ལོ་ ༡༩༨༨ ཟླ་ ༣ ཚེས་ ༢༨ ཉིན་དབུ་འབྱེད་བྱས། བྷན་དཱ་ར་ནོར་རྒྱས་གླིང་བོད་མིའི་གཞིས་སྒར་ནི་ཕྱི་ལོ་༡༩༧༢ ཟླ་ ༢ པར་གསར་འཛུགས་བྱས་པ་ཞིག་ཡིན་ཞིང༌། མ་ཧཱ་རཱཥཏྲ་མའང་སྡེ་འདི་བཞིན་སྤྱིར་རྒྱ་གར་གྱི་དཀྱིལ་དབུས་ཁོངས་སུ་གཏོགས་པས་དུས་བཞིར་གནམ་གཤིས་ཚ་དྲོད་ཆེན་པོ་ཡོད་པའི་ས་ཁུལ་ཞིག་ཡིན། ཡན་ལག་སྨན་ཁང་དེ་བཞིན་བྷན་ད་ར་ནོར་རྒྱས་གླིང་གཞིས་ཆགས་ཀྱི་གཞིས་གྲོང་གཉིས་ཀྱི་བར་དཀྱིལ་དང༌། གཏན་འཇགས་སློབ་གྲྭའི་རྭ་བའི་ནང་ཟུར་དུ་ཆགས་ཡོད་པ་རེད།

༢༽ འཕེལ་རིམ།

ས་གནས་མི་དམངས་ནས་རང་གཞུང་སྨན་རྩིས་ཁང་ལ་ས་གནས་སུ་ཡན་ལག་སྨན་ཁང་ཞིག་གསར་འཛུགས་ཡོང་བའི་རེ་སྐུལ་སྔ་ཕྱིར་ཞུས་སྐབས་དེ་དུས་སྨན་རྩིས་ཁང་ལ་སྨན་པ་འདང་ངེས་མེད་པའི་དཀའ་ངལ་འོག་དུས་ཡུན་གང་འཚམས་རིང་སྨན་ཁང་གསར་རྒྱུགས་ཀྱི་རེ་འདུན་སྐོང་ཐུབ་མེད་ཀྱང༌། ངྷརྨ་ཤཱ་ལཱ་ནས་སྨན་བསྐོར་དུ་ཐེངས་འགར་བསྐྱོད་འདུག དེ་རྗེས་སྨན་རྩིས་ཁང་ནས་སློབ་ཐོན་སྐབས་ལྔ་བའི་ཁོངས་ནས་སྨན་པ་ཡེ་ཤེས་རྡོ་རྗེ་ཆེད་གཏོང་གནང་བ་ལྟར། ས་གནས་ནས་སྨན་ཁང་ཁང་མིག་གཉིས་མཐུན་འགྱུར་གནང་བ་དང༌། སྨན་པའི་ལས་ཤག་ཀྱང་ཁང་གླ་ཆུང་ངུའི་ཐོག་གཞིས་ཁོངས་ནས་གནང་འདུག ཡིན་ནའང་སྨན་ཁང་དང་ལས་ཤག་བར་ཐག་རིང་བའི་རྐྱེན་གྱིས་ནམ་རྒྱུན་འགྲུལ་བཞུད་འགོར་འགྱངས་ཆེ་བ་དང༌། ཆར་ཞོད་སྐབས་ལས་བྱེད་རྣམས་ལ་དེ་བས་ཀྱང་འདམ་རྙོག་སོགས་ཀྱིས་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པར་བརྟེན། སྨན་པ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་སྨན་ཁང་དང་སྨན་ལས་པའི་ལས་ཤག་བཅས་གསར་རྒྱག་ཆེད་ཉི་ཧོང་རོགས་ཚོགས་ (Dana International Center) ལ་རེ་སྐུལ་ཞུས་ཏེ་ཧིན་སྒོར་བཞི་འབུམ་བདུན་ཁྲི་གནང་སོན་བྱུང་བ་དང༌། དེ་རྗེས་སྐབས་དེའི་ཡན་ལག་སྤྱི་ཁྱབ་འགན་འཛིན་ལྷ་རྩེ་རྡོ་རྗེ་དང་སྨན་པ་ཡེ་ཤེས་རྡོ་རྗེ་འཕོས་ཚབ་ཏུ་བསྐོ་གཏོང་གནང་བའི་སྐབས་དྲུག་པའི་སྨན་པ་བློ་བཟང་ཆོས་དར་རྣམ་གཉིས་ཀྱིས་ས་གནས་འབྲེལ་ཡོད་མི་སྣ་སྐོང་ཚོགས་གིས་ཚོགས་འདུའི་སྟེང་ད་ལྟའི་སྨན་ཁང་ཆགས་ཡུལ་དེ་བཞིན་འགྲུལ་བསྐྱོད་མི་བདེ་བས་གཞིས་ལས་ཁང་གི་ཉེ་མཁྲིས་སུ་སྨན་ཁང་གསར་རྒྱག་བྱ་ཆོག་པའི་རེ་འདུན་བཏོན་ཡང་ས་གནས་མི་འཐུས་ཁག་ཅིག་ནས་དགག་བྱ་གནང་བའི་རྐྱེན་གྱིས་རེ་འདོད་མ་གྲུབ་པར་ལུས། དེ་རྗེས་སྨན་རྩིས་ཁང་གི་འགན་འཛིན་བརྒྱད་པ་རིན་ཆེན་སྒྲོལ་མ་མཆོག་ནས་ད་ལྟའི་སྨན་ཁང་ཆགས་ཡུལ་དེ་རང་དུ་སྨན་ཁང་གསར་རྒྱག་དགོས་པའི་ཐག་གཅོད་བྱུང་བ་ལྟར། ཕྱིལོ་ ༡༩༩༤ ཟླ་ ༤ བ་ནས་བཟུང་ཨར་ལས་གསར་རྒྱག་གི་ལས་གཞི་མགོ་འཛུགས་ཀྱིས་ཕྱི་ལོ་ ༡༩༩༥ ཟླ་ ༡༡ ཚེས་ ༣༠ ཉིན་སྨན་ཁང་ཐོག་བརྩེགས་གཉིས་ལྡན་ཁང་མིག་བཅུ་དྲུག་ཅན་དང༌། དེ་བཞིན་ཁྲོན་པ་དང་རང་འགྲིག་ཁང་པ་བཅས་ལེགས་གྲུབ་ཟིན་པ་དང༌། ཡང་ཨི་ཊ་ལིར་བཅའ་བཞུགས་མཆོག་གྲུབ་ལགས་ཀྱིས་ཐབས་འཚོལ་གནང་བའི་སྦྱིན་བདག་ (Mrs. Castelli) འདས་གྲོངས་སུ་གྱུར་བའི་དྲན་རྟེན་དུ་གནང་བའི་ཧིན་སྒོར་དྲུག་ཁྲི་ཉིས་སྟོང་ལྔ་བརྒྱ་བཅོ་བརྒྱད་ ༦༢༥༡༨།༠༠ དེས་སྨན་ཁང་གི་སྣུམ་འཁོར་འཇོག་ས་དང་ཐབ་ཚང་ཁང་མིག་གཉིས། དེ་བཞིན་ནད་པའི་ཆེད་དུ་གསང་སྤྱོད་གཅིག་བཅས་ཕྱི་ལོ་ ༡༩༩༦ ཟླ་ ༤ ཚེས་ ༡ ནས་བཟུང་མགོ་འཛུགས་ཀྱིས་ཕྱི་ལོ་ ༡༩༩༧ ཟླ་ ༣ ཚེས་ ༣༡ ཉིན་གསར་རྒྱག་གྲུབ་པ་དང༌། སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་མཆོག་ཕྱི་ལོ་ ༡༩༩༤ ལོར་ས་གནས་སུ་གཟིགས་སྐོར་དུ་ཕེབས་སྐབས། ནོར་རྒྱས་གླིང་གཞིས་ཆགས་སུ་མི་འབོར་མང་པོ་མེད་པ་དང་ཕྱི་མི་རྣམས་བསྟེན་གཏུགས་བྱེད་དུ་ཡོང་བར་འགྲུལ་བཞུད་སྟབས་བདེ་མེད་པར་བརྟེན། ཉེ་འཁོར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཁག་ལ་སྐོར་སྐྱོད་ཆེད་སྣུམ་འཁོར་ (Tata Sumo) གཅིག་བཀའ་འཁྲོལ་གནང་བ་ལྟར། ནཱག་པུར་དང་འོག་གླིང༌། ཝ་ཟར་གསུམ་ལ་སྐོར་སྐྱོད་བྱེད་མགོ་ཚུགས་ཤིང༌། ཕྱི་ལོ་ ༡༩༩༧ ལོ་ནས་བཟུང་གོང་གསལ་ས་ཁུལ་གསུམ་གྱི་སྟེང་རཱ་ཡེ་པུར་དང༌། བི་ལཱས་པུར། བྷན་དཱ་ར་གསུམ་ལ་སྐོར་སྐྱོད་གསར་འཛུགས་གནང༌། ཕྱི་ལོ་ ༡༩༩༩ ལོ་ནས་བཟུང་གོང་གསལ་ས་གནས་ཁག་གི་སྟེང་ཅམ་ཏ་པུར་དང༌། གེ་དེ་ཡ་གཉིས་ལ་སྐོར་སྐྱོད་བྱེད་མགོ་ཚུགས་པར་མ་ཟད། ནག་སྤུར་སྦྱིན་བདག་(Shri Maratrao Shivaji Khobragade) མཆོག་ལ་རེ་སྐུལ་ཞུས་པ་བཞིན་ཕྱི་ལོ་ ༢༠༠༠ ཟླ་ ༨ ཚེས་ ༢༧ ཉིན་ནག་པུར་ས་གནས་སུ་ཁང་མིག་བཞི་དང་གསང་སྤྱོད་ཁྲུས་ཁང་རང་འགྲིག་བཅས་སྨན་རྩིས་ཁང་ལ་ཞལ་འདེབས་སུ་ཕུལ་ཡོད། ཡན་ལག་སྨན་ཁང་འདིས་གཞིས་ཆགས་བོད་མི་ཙམ་མ་ཡིན་པར། སྨན་ལས་རྣམས་ཀྱིས་གཞུང་འབྲེལ་གུང་གསེང་ཁག་དང་སོ་སོའི་ཐོབ་གསེང་བློས་བཏང་གིས་ཉེ་འཁོར་གྱི་གྲོང་ཁྱེར་དང་གྲོང་གསེབ་མང་པོར་སྐོར་སྐྱོད་རྒྱ་ཆེར་བྱེད་བཞིན་ཡོད་པས་ས་གནས་ཡུལ་མི་རྣམས་ཀྱིས་དགའ་གུས་ཧ་ཅང་ཆེན་པོ་ཞུ་བཞིན་ཡོད་པ་རེད།

༣༽ ད་ལྟའི་གནས་སྟངས།

ད་ལྟ་སྨན་པ་གཅིག་དང་། སྨན་སྤྲོད་རྩིས་པ་སོགས་ལས་བྱེད་གསུམ། གླ་བ་གཅིག་བཅས་ཡོད་ལ། ཉིན་རེར་ཆ་སྙོམས་ནད་པ་གྲངས་ ༢༡ ཡོང་མུས་དང་ནད་པ་ཕལ་ཆེ་བ་རྒྱ་གར་བ་དང་བོད་པ་ཡིན། སྨན་ཁང་འདིར་མཐུན་རྐྱེན་གྱི་ཆ་ནས་ལས་ཤག་ཡོད་པ་མ་ཟད་སྤྱི་ཐབ་དང་།  སྤྱི་སྤྱོད་རླངས་འཁོར་དང་སྦག་སྦག་བཅས་ཡོད་འདུག

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་ཡེ་ཤེས་རྡོ་རྗེ། ༡༩༨༨།༣།༢༨ - ༡༩༩༣།༤།༢༦

༢། སྨན་པ་བློ་བཟང་ཆོས་དར། ༡༩༩༣།༤།༢༧ - ༡༩༩༧།༦།༡༠

༣། སྨན་པ་བསོད་ནམས་རྡོ་རྗེ། ༡༩༩༧།༦།༡༡ - ༡༩༩༩།༤།༡༦

༤། སྨན་པ་ཚེ་བརྟན་རྡོ་རྗེ། ༡༩༩༩།༤།༡༧ - ༢༠༠༡།༢།༢༧

༥། སྨན་པ་ཡེ་ཤེས་དགེ་ལེགས། ༢༠༠༡།༢།༢༨ - ༢༠༠༢།༡༢།༡༤

༦། སྨན་པ་ཉི་མ་རྒྱལ་མཚན། ༢༠༠༢།༡།༢ -༢༠༡༠།༦།༡

༧། སྨན་པ་ཀུན་དགའ་ཆོས་སྐྱིད། ༢༠༡༠།༧།༡ - ༢༠༡༡།༩།༥

༨། སྨན་པ་ངག་དབང་བློ་གྲོས། ༢༠༡༡།༩།༥ ནས་གནང་མུས།

   

དིལླི་བོད་སྒར་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

དིལླིི་བོད་སྒར་ཡན་ལག་སྨན་ཁང་ནི་ཁུལ་དེར་གནས་སྡོད་མགོ་མང་ཡོངས་ནས་ཡང་ཡང་རེ་སྐུལ་ཞུས་པ་གཞིར་བཟུང་ཕྱི་ལོ་ ༡༩༨༨ ཟླ་ ༧ ཚེས་ ༡༧ ཉིན་ད་ལྟའི་རླུང་རྟ་མགྲོན་ཁང་ཞེས་པ་དེར་མགོ་འཛུགས་བྱས་པ་ཞིག་ཡིན། དིལླིི་བོད་སྒར་བསམ་ཡས་གླིང་ནི་རྒྱལ་ས་དིལླིི་གྲོང་ཁྱེར་གྱི་བྱང་ཕྱོགས་མཇ་ནུ་ཀྲི་ལ་ཞེས་པའི་ཁུལ་དེར་ཆགས་ཡོད་ཅིང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་ཀླ་ཀློའི་ངན་དགུ་འཛོམས་པའི་བརླང་སྤྱོད་དང་། དྲག་པོའི་དཔུང་ཤུགས་ཀྱིས་ྋགོང་ས་མཆོག་གིས་དབུ་ཁྲིད་པའི་བོད་གཞུང་གི་དབང་ཆ་མཐའ་དག་བཙན་འཕྲོག་དང་། བོད་ས་ཡོངས་རྫོགས་བཙན་བཟུང་། ཉམ་ཆུང་ཉེས་མེད་ཀྱི་བོད་མི་སྟོང་ཕྲག་མང་པོ་དམར་གསོད་བཏང་བ་སོགས་ཀྱི་བོད་མི་ཆིག་འབུམ་ལ་ཉེ་བ་རྒྱ་གར་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་བའི་ཁོངས་ནས་བོད་མི་ཉུང་ཤོས་ཤིག་དིལླི་བྱང་ཕྱོགས་སུ་ཡོད་པའི་བྷུདྷ་བི་ཧར་ཞེས་ལ་དྭགས་ནང་པའི་གཙུག་ལག་ཁང་ཡོད་ས་དེར་ཟ་ཁང་དང་། ཁྲོམ་རྭ་གཉེར་བ་སོགས་ཚོང་རིགས་ཆུང་ཙག་བསྟེན་ནས་འཚོ་འཁོས་བྱེད་མགོ་ཚུགས་པ་རེད།

དེ་རྗེས་གྲོང་ཁྱེར་རྒྱ་སྐྱེད་དང་གཞུང་ལམ་གསར་བཟོ་བྱས་པ་སོགས་ཀྱིས་བོད་མི་རྣམས་གནས་སྤོ་མི་བྱེད་ཐབས་མེད་བྱུང་སྟེ། བྷུངྷ་བི་ཧར་ནས་བྱང་ཕྱོགས་སུ་ཀི་ལོ་མི་ཊར་འགའི་མཚམས་སུ་ཡོད་པའི་མཇ་ནུ་ཀྲི་ལ་ཞེས་ཡ་མུ་ན་གཙང་པོའི་འགྲམ་ཀྱི་ས་སྟོང་དེར་སྔར་བཞིན་ཟ་ཁང་དང་།  ཆང་ཁང་།  མགྲོན་ཁང་སོགས་ལ་བསྟེན་ནས་འཚོ་ཐབས་བྱེད་མགོ་ཚུགས་ཤིང་།  དེ་ནས་ལོ་རེ་བཞིན་རིམ་གྱིས་རྒྱ་བསྐྱེད་དང་ཡར་རྒྱས་ཕྱོགས་སུ་ཕྱིན་ཏེ་ད་ཆ་གཞིས་གསར་རྙིང་གཉིས་སུ་ཆགས་ཡོད་པ་དང་། རྒྱ་བལ་འབྲུག་གསུམ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག བོད་ཡུལ་བཅས་རྒྱ་གར་ནང་གཉེན་འཕྲད་དང་ྋགོང་ས་མཆོག་ལ་མཇལ་བཅར་དུ་ཕེབས་མཁན་རྣམས་ལམ་བརྒྱུད་དང་འདུ་འཛོམས་བྱེད་སའི་ལྟེ་གནས་ཤིག་ཏུ་གྱུར་བ་མ་ཟད། མགྲོན་ཁང་དང་ཟ་ཁང་།  འགྲིམ་འགྲུལ་ལས་ཁང་། དེ་བཞིན་དུ་དེང་དུས་ཀྱི་གློག་ཀླད་དྲ་ཁང་དང་ཁ་པར་སོགས་འཕྲུལ་རིགས་འདྲ་མིན་གྱི་ཁེ་གཉེར་སོགས་དཔལ་འབྱོར་གྱི་འཕྲོ་འདུ་རྒོད་ཅིང་ལྷ་སའི་བར་སྐོར་ཆ་འདྲ་བ་ཞིག་ཏུ་གྱུར་ཡོད། གནམ་གཤིས་ནི་དིལླི་གྲོང་ཁྱེར་སྤྱི་དང་འདྲ་བར་དབྱར་དུས་ཟླ་གསུམ་རིང་སྐམ་ཚད་དང་།  སྟོན་མགོར་རློན་ཚད་ཆེ་བས་དུས་ཚིགས་འདིར་གྲང་གློག་དང་རླུང་འཁོར་སོགས་ཤུགས་ཆེར་བེད་སྤྱོད་བྱེད་དགོས། ཚ་དྲོད་ཆེ་བའི་སྐབས་དྲོད་ཚད་ཨང་གྲངས་ ༤༥ ཡས་མས་སུ་འཕར་བཞིན་ཡོད་པ་དང་།  དགུན་དུས་སུ་དྲོད་ཚད་ཨང་གྲངས་བཅོ་ལྔ་ཡས་མས་སུ་ཆགས་བཞིན་ཡོད་པས་ས་བབ་མཐོ་སའི་གནམ་གཤིས་ཀྱི་གྲང་ཚད་དང་གཅིག་མཚུངས་ཆགས་པའི་སྐབས་ཡོད་པས་གནམ་གཤིས་ནི་ཧ་ཅང་ཆ་མི་སྙོམས་པའི་ས་གནས་ཤིག་ཡིན།

༢༽ འཕེལ་རིམ།

སྨན་ཁང་འདི་ཐོག་མར་འཛུགས་སྐབས་བསྟེན་གཏུགས་བྱེད་མཁན་ནད་པ་ཉུང་ངུ་ལས་མེད་པ་དེ་ཡང་བོད་རིགས་དང་བོད་ཀྱི་རིག་གཞུང་དང་འབྲེལ་ཡོད་ལ་དྭགས་དང་། གར་ཤ་བ། ཁུ་ནུ། རྒྱ་གར་ཁམས་པ་ཞེས་དུས་འགྱུར་མ་བྱུང་བའི་སྔོན་ནས་རྒྱ་གར་བྱང་ཕྱོགས་ས་ཁུལ་དུ་གནས་འཆའ་བའི་བོད་རིགས་དེ་དག་ལས་མེད་ཀྱང་།བོད་སྨན་གྱི་རླབས་ཆེ་བའི་ཕན་ནུས་དང་སྨན་པ་རྣམས་ཀྱིས་ནད་པ་རྣམས་ལ་རང་གི་ཕ་མ་ལྟ་བུའི་འདུ་ཤེས་བཟུང་སྟེ་བསམ་པའི་ཀུན་སློང་དང་། ངག་གི་སྨྲ་སྒོ། ལུས་ཀྱི་རྣམ་འགྱུར་སོགས་ཀྱིས་ཞབས་ཞུ་གང་ལེགས་བསྒྲུབ་པར་བརྟེན། ནད་པ་ནས་ནད་པ་བརྒྱུད་ཉེ་འཁོར་ཡུལ་མི་རྣམས་ཀྱིས་ཤེས་རྟོགས་བྱུང་སྟེ་ནད་པས་ནད་པ་ཁྲིད་དེ་རིམ་གྱིས་བསྟེན་གཏུགས་བྱེད་མཁན་རིམ་པས་ཇེ་མང་དུ་སོང་།

ཕྱི་ལོ་ ༡༩༩༥ ལོར་རྒྱ་གར་ནང་ཆར་ཆུ་མང་བ་དང་། གཙང་བོ་ཡ་མུ་ན་རྒྱས་པའི་རྐྱེན་གྱིས་སྨན་ཁང་དང་། སྨན་ལས་པའི་ལས་ཤག་སོགས་ལ་གས་སྐྱོན་ཤོར་བར་བརྟེན། ཁང་པ་དེར་མུ་མཐུད་གནས་རྒྱུར་དཀའ་ཁག་བྱུང་སྟེ། འབྲེལ་ཡོད་སྨན་ལས་རྣམས་ཀྱིས་དབུས་འཛིན་སྐྱོང་ལ་སྙན་སེང་ཞུས་པ་བཞིན། སྐབས་དེའི་དབུ་འཛིན་ཚེ་རིང་བཀྲ་ཤིས་མཆོག་ས་གནས་སུ་ཆེད་ཕེབས་ཀྱིས་བོད་སྒར་བདེ་དོན་དང་།  ས་གནས་འགན་འཛིན་སྨན་པ། བརྒྱ་འཐུས་རྣམས་ལ་ཇི་དགེ་བཀའ་བསྡུར་གནང་བ་དང་སྦྲགས། སྨན་ཁང་དང་ལས་ཤག་ས་ཁང་གཞན་ཞིག་ཏུ་གནས་སྤོར་བྱ་རྒྱུའི་ཐག་གཅོད་གནང་དོན་ལྟར། སྨན་རྩིས་ཁང་རང་གི་ས་ཁང་ཚོགས་ཆུང་ས་གནས་སུ་ཕེབས་ཏེ་སྐབས་དེའི་རྣམ་གླིང་མགྲོན་ཁང་ཞེས་པ་སྤུས་གཟིགས་ཀྱིས་སྨན་ཁང་དང་། སྨན་ལས་པའི་སྡོད་ཤག་བཅས་ཕྱི་ལོ་ ༡༩༩༥ ཟླ་ ༡༠ ཚེས་ ༢༦ ཉིན་རྣམ་གླིང་མགྲོན་ཁང་གནས་སྤར་བྱས།

ཡིན་ནའང་ནད་པ་ལོ་རེ་བཞིན་ཇེ་མང་དུ་སོང་སྟེ་རྒྱལ་ས་དིལླི་དང་ཉེ་འཁོར་གྱི་མངའ་སྡེ་ཁག་ནས་ཀྱང་ཡོང་མགོ་ཚུགས་ཏེ་ཉིན་རེར་ཆ་སྙོམས་བསྟེན་གཏུགས་བྱེད་མཁན་ནད་པའི་གྲངས་བརྒྱད་ཅུ་ནས་དགུ་བཅུ་བར་འཕར་བར་བརྟེན། སྨན་ཁང་རྒྱ་བསྐྱེད་དང་སྔར་ཡོད་སྨན་པ་དང་སྨན་ལས་པའི་སྟེང་སྨན་པ་དང་སྨན་ལས་པ་འཕར་མ་དགོས་གལ་ཆེ་བར་སོང་ཐོག་རྩེག་དང་པོའི་ཁང་པ་བཅོས་བསྒྱུར་གྱིས་བརྟག་དཔྱད་ཁང་གཉིས་དང་།  ནད་པས་སྒུག་སྡོད་བྱེད་ས། སྨན་སྤྲོད་ཁང་། དངུལ་གཉེར་དང་ལས་དྲུང་ཡིག་ཚང་བཅས་བཟོ་བཅོས་ལེགས་གྲུབ་ཀྱིས་ཕྱི་ལོ་ ༡༩༩༨ ལོའི་ཟླ་ ༧ ཚེས་ ༡༧ ཉིན་རང་གཞུང་དི་ལླིི་དོན་གཅོད་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་དབུ་འབྱེད་ཞུས་ཏེ་ནད་པ་ཉམ་ཐག་རིགས་ལ་བརྟག་དཔྱད་སྨན་བཅོས་དུས་ནས་དུས་སུ་མཛད་བཞིན་པ་དང་། འཆར་ཅན་ཟླ་རེ་བཞིན་ཀི་ལོ་མི་ཊར་སུམ་བརྒྱ་ལྷག་ཡོད་པའི་ནེ་ནི་ཏཱལ་ཞེས་པའི་ས་གནས་དང་མཻརཋ་གྲོང་ཁྱེར་གཉིས་སུ་སྐོར་སྐྱོད་བྱེད་བཞིན་པ་དེ་ལྟར་ཡང་།  སྨན་ཁང་འདིར་རྒྱུན་ལྡན་ཉིན་རེར་བསྟེན་གཏུགས་བྱེད་མཁན་ནད་པ་ཇེ་མང་དུ་སོང་བའི་རྐྱེན་གྱིས་དུས་ཚོད་མི་འགྲོ་གཉིས་ཀྱི་ཆ་ནས་ལྕོགས་མིན་དང་།  གཉིས་ནས་མི་རཱཌ་གྲོང་ཁྱེང་དུ་ཡན་ལག་སྨན་ཁང་གསར་འཛུགས་བྱས་པ་བཅས་ཀྱིས་ཕྱི་ལོ་ ༢༠༠༡ ཟླ་ ༨ ཚེས་ ༡ ནས་བཟུང་ནེ་ནི་ཏཱལ་ཏུ་སྐོར་སྐྱོད་བྱེད་བཞིན་པ་དེ་མངའ་སྡེ་གཅིག་པའི་གནས་སྟངས་ཆ་མཻརཋ་ཡན་ལག་སྨན་ཁང་ལ་རྩིས་སྤྲོད་བྱས་པ་རེད།

༣༽ ད་ལྟའི་གནས་སྟངས།

ད་ལྟ་སྨན་ཁང་འདིར་སྨན་པ་གཉིས་དང་། སྨན་སྤྲོད་རྩིས་པ་སོགས་ལས་བྱེད་དྲུག གླ་པ་གཉིས་བཅས་ཁྱོན་བསྡོམས་སྨན་ལས་གྲངས་ ༡༠ ཙམ་ཡོད། ཉིན་རེར་བསྟེན་གཏུགས་བྱེད་མི་ནད་པ་གྲངས་ ༩༩ ལྷག་ཙམ་ཡོང་བཞིན་ཡོད་ལ་ཕལ་ཆེ་བ་རྒྱ་གར་བ་དང་བོད་པ་གཉིས་ཆ་ཡིན། སྨན་ཁང་འདིར་མཐུན་རྐྱེན་སྤྱི་ཐབ་ཙམ་ལས་རླངས་འཁོར་སོགས་མཐུན་རྐྱེན་གཞན་མེད།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་ཀརྨ་སྒྲོལ་མ། ༡༩༨༨།༧།༡༧ ནས་ ༡༩༩༢།༤།༣༠ བར།

༢། སྨན་པ་བསྟན་འཛིན་བདེ་བྱེད། ༡༩༩༢།༥།༡ ནས་ ༡༩༩༦།༨།༡༨ བར།

༣། སྨན་པ་ཉི་མ་ཚེ་རིང་། ༡༩༩༦།༨།༡༩ ནས་ ༢༠༠༡།༨།༤ བར།

༤། སྨན་པ་ཡེ་ཤེས་མཁའ་འགྲོ། ༢༠༠༡།༨།༥ ནས་གནང་མུས།

   

པོན་ཊ་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

པོོན་ཊ་ཡན་ལག་སྨན་ཁང་ནི་པོན་ཌ་གཞིས་ཆགས་མི་མང་ནས་རེ་སྐུལ་ཞུས་པ་བཞིན་སྨན་རྩིས་ཁང་ནས་ས་གནས་དེ་དང་། དེའི་ཉེ་འཁོར་གྱི་བོད་རིགས་མི་མང་གི་འཕྲོད་བསྟེན་བདེ་རྩར་དམིགས་ཏེ་ཕྱི་ལོ་ ༡༩༨༨ ལོའི་ཟླ་ ༡༠ ཚེས་ ༢༥ ཉིན་མགོ་འཛུགས་བྱས་པ་ཞིག་ཡིན། པོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་ནི་ཧི་མ་ཅལ་དང་ཨུཏ་རན་ཅལ་མངའ་སྡེ་གཉིས་ཀྱི་ས་མཚམས་ཇཱ་མུ་ནཱ་གཙང་བོའི་ཉེ་འགྲམ་གྱི་བཱུག་པུར་ཞེས་པའི་ས་གནས་སུ་ཆགས་ཡོད་ཅིང་། ས་གནས་དེ་བཞིན་ལུང་གཤོང་དུ་ཁེལ་ཡོད་པས་དབྱར་སྟོན་གཉིས་ལ་ཚ་དྲོད་ཆེ་ཞིང་དགུན་དཔྱིད་དུས་དུ་ཚ་གྲང་སྙོམས་པོ་ཡོད། ས་གནས་འདིར་སམ་བྷོ་ཊའི་བོད་སློབ་ཡིག་ཚང་གི་འཛིན་སྐྱོང་འོག་ཡོད་པའི་སློབ་གྲྭ་ཆེ་ཤོས་པོན་ཊ་གཏན་སློབ་ཀྱང་ཇཱ་མུ་ནཱ་གཙང་པོའི་འགྲམ་དུ་ཆགས་ཡོད། ལོ་རྒྱུས་སྟེང་བོད་ཀྱི་ཆོས་རིག་དང་འབྲེལ་བ་ཡོད་པའི་ཧི་མ་ལའི་རི་རྒྱུད་ཀྱི་མི་རིགས་ཁག་ཕུད་སྤྱིར་ཧི་མ་ཅལ་མངའ་ཁུལ་གྱི་རྒྱ་གར་ཡུལ་མིའི་ཁྲོད་དུ་ཧིན་ངྷུ་ཆོས་ལུགས་ལས་ཆོས་ལུགས་གཞན་ལ་དད་མོས་བྱེད་མཁན་མེད་ནའང་། པོན་ཊ་ས་གནས་འདིར་ཁ་ཆེ་དང་། སཱིག་ཆོས་ལུགས་ལ་དད་མོས་བྱེད་མཁན་སོགས་ཀྱང་གང་འཚམ་འདུས་སྡོད་བྱེད་ཡུལ་ཞིག་ཡིན་པས་སྐད་རིགས་ཀྱང་ཧིན་ངྷི་དང་། པན་ཇཱབ་པི། ཨུར་ཏུ་སོགས་ཀྱང་སྤྱོད་མཁན་མི་ཉུང་བ་ཞིག་ཡོད་པ་རེད།

༢༽ འཕེལ་རིམ།

སྤྱི་ཡོངས་ཀྱི་ཆ་ནས་ས་གནས་འདི་ཁུག་ཀྱོག་དང་། གཞིས་ཆགས་ཆུང་ཆུང་ཡིན་པས་མི་འབོར་ཡང་དེ་ཙམ་ཆེན་པོ་མེད་ནའང་། སྨན་ཁང་གསར་འཛུགས་ཀྱི་ཐོག་མའི་དགོས་པ་བཞིན་སྨན་ལས་རྣམས་ནས་དཀའ་ངལ་ལ་འཛེམ་མེད་ཀྱིས་ཉེ་འཁོར་གྱི་ཧ་པཱ་པུར་འདོད་རྒུ་གཡུལ་རྒྱལ་གླིང་རྒན་གསོ་ཁང་དང་། སློབ་གྲྭ། གླིང་ཚང་གཞིས་ཆགས། ཁམས་ཀ་ཐོག་གཞིས་ཆགས། ས་སྐྱ་གཞིས་ཆགས་བཅས་སུ་སྐོར་སྐྱོད་དང་། མཐའ་མཚམས་ཁག་ནས་མཐུ་སྒྲུབ་ཀྱིས་དང་སློབ་བརྒྱུད་ནས་ཡོང་བའི་སྨན་རྒྱུ་སྐེམ་གསེད་བྱ་རྒྱུ་སོགས་བྱེད་བཞིན་ཡོད་པ་རེད། སྨན་ཁང་འདིས་ཁམས་ཀ་ཐོག་གཞིས་ཆགས། ས་སྐྱ་གཞིས་ཆགས། འདོད་རྒུ་གཡུལ་རྒྱལ་གླིང་།  གླིང་ཚ་གཞིས་ཆགས། སློབ་གྲྭ་བཅས་སུ་ཟླ་རེར་ཐེངས་རེ་སྐོར་སྐྱོད་བྱེད་བཞིན་པ་དེ་སྨན་རྩིས་ཁང་ཡན་ལག་སྨན་ཁང་ཁོངས་ནས་སྐོར་སྐྱོད་བྱེད་ཡུལ་མང་ཤོས་ཀྱི་ཡན་ལག་སྨན་ཁང་ཞིག་ཆགས་ཡོད་པ་རེད།

༣༽ ད་ལྟའི་གནས་སྟངས།

ད་ལྟའི་སྐབས་སྨན་པ་གཅིག་དང་། སྨན་སྤྲོད་རྩིས་པ་བཅས་ལས་བྱེད་གཉིས། གླ་པ་གཅིག་བཅས་ཁྱོན་སྨན་ལས་པ་གྲངས་བཞི་ཡོད། ཉིན་རེར་བསྟེན་གཏུགས་བྱེད་མཁན་རྒྱ་གར་བ་དང་བོད་རིགས་ནད་པ་གྲངས་ ༡༣ ཙམ་ཡོང་བཞིན་ཡོད། སྨན་ཁང་འདི་ལ་ལས་ཤག་གི་མཐུན་རྐྱེན་དང་། སྤྱི་སྤྱོད་རླངས་འཁོར་གཅིག་བཅས་ཡོད།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་བསྟན་འཛིན་ཚེ་དཔལ། ༡༩༨༨།༡༠།༢༥ - ༡༩༩༢།༡།༢༥

༢། སྨན་པ་ཆོས་དབྱིངས་ཕུན་ཚོགས། ༡༩༩༢།༡།༣༠ - ༡༩༩༢།༡༠།༢༥

༣། སྨན་པ་ཉི་མ་གཡུ་སྒྲོན། ༡༩༩༢།༡༠།༣༠ - ༡༩༩༤།༧།༡༠

༤། སྨན་པ་པདྨ་དབྱངས་འཛོམས། ༡༩༩༤།༧།༢༥ - ༡༩༩༥།༤།༡༤

༥། སྨན་པ་དཀོན་མཆོག་དོན་འགྲུབ།   ༡༩༩༥།༤།༡༥ - ༡༩༩༦།༡༠།༡༤

༦། སྨན་པ་ཚེ་རིང་དོན་འགྲུབ། ༡༩༩༦།༡༠།༡༥ - ༢༠༠༠།༥།༢༣

༧། སྨན་པ་བསོད་ནམས་རྡོ་རྗེ། ༢༠༠༠།༥།༢༥- ༢༠༠༨།༤།༨

༨། སྨན་པ་བློ་བཟང་ཡེ་ཤེས། ༢༠༠༨།༥།༢༥ - ད་ལྟའི་བར་གནང་མུས།

 

ཀོལ་ཀ་ཊ་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

ཀ་ཏ་ཡན་ལག་སྨན་ཁང་ནི་ཕྱི་ལོ་ ༡༩༨༩ ཟླ་ ༤ ཚེས་ ༡ ཉིན་ཨི་ཊ་ནགར་ནས་སྨན་རམས་པ་པདྨ་རྡོ་རྗེ་དང་། ངྷ་ས་ནས་སྨན་རམས་པ་ཟླ་བ་སྒྲོལ་མ་མངགས་གཏོང་གནང་སྟེ་ཇཱ་དྷེབ་པུར་ཞེས་པའི་ས་གནས་སུ་ཁང་ཁུངས་གླ་གཡར་ཞུས་ཀྱིས་མགོ་འཛུགས་ཞུས་པ་ཞིག་ཡིན། གྲོང་ཁྱེར་ཆེན་པོ་ཀ་ཏ་ནི་ལོ་རྒྱུས་ཐོག་ཨེ་ཤཱ་ཡའི་གླིང་ཆེན་གྱི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པར་གྲགས་ཤིང་། རྒྱ་གར་བྱང་ཤར་གྱི་མངའ་སྡེ་ནུབ་བངྒལའི་རྒྱལ་ས་ཡིན་ལ། ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་ཞིང་མི་གྲངས་ས་ཡ་སུམ་ཅུ་ཙམ་འདུས་སྡོད་བྱེད་བཞིན་ཡོད་པའི་གྲོང་ཁྱེར་ཞིག་ཡིན་པ་མ་ཟད། རྒྱ་མཚོའི་མཐའ་འབྲེལ་ཡིན་པས་འཛམ་གླིང་གང་སའི་བཟོ་ཚོང་བྱེད་ཡུལ་གྱི་གྲོང་ཁྱེར་རྙིང་གྲས་ཤིག་དང་། དེ་སྔོན་ཨིན་ཇིས་རྒྱ་གར་ལ་དབང་བསྒྱུར་སྐབས་དགུན་དུས་ཀྱི་རྒྱལ་ས་གཉིས་པ་ལྟ་བུ་ཡིན། མཐོ་ཚད་རྒྱ་མཚོའི་ངོས་ལས་ཆ་སྙོམས་མི་ཀྲར་ཉིས་བརྒྱ་ཡས་མས་ཙམ་ལས་མེད་པས་དགུན་ཟླ་གསུམ་གྱི་རིང་གནམ་གཤིས་དྲོ་གྲང་ཅུང་སྙོམས་པ་ལས་གཞན་དུས་བཞིར་ཚ་དྲོད་ཆེ་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན། གྲོང་ཁྱེར་འདིར་གཙོ་བོ་ཧིན་དྷུ་དང་། ཡེ་ཤུ། ཁ་ཆེ། པན་ཇཱབ་སོགས་འདུས་སྡོད་བྱེད་བཞིན་ཡོད་པས་སྐད་རིགས་ཀྱང་བངྒལའི་སྐད་དང་། ཧིན་དྷི། ཨུར་ཏུ། ཨིན་ཇི་སོགས་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད་པ་བཅས་སོ།།

༢༽ འཕེལ་རིམ།

ཡན་ལག་སྨན་ཁང་འདི་དབུ་འཛུགས་གནང་ནས་ལོ་ལྔ་ཙམ་གྱི་རིང་བོད་ཀྱི་ཐུན་མོང་མ་ཡིན་པའི་གསོ་བ་རིག་པའི་བལྟ་རེག་དྲི་གསུམ་སྒོ་ནས་གྲུམ་བུ་དང་། རྩ་དཀར་། དབུགས་བསགས། ཕོ་མཆིན་སོགས་ཀྱི་ནད་དང་། བཅོས་མང་སྡུག་པའི་ནད་གཞི་འབྲས་ནད་སོགས་ནད་པ་མི་གྲངས་འབུམ་ལ་ཉེ་བ་སྨན་བཅོས་གྲུབ་འབྲས་གཟེངས་སུ་ཐོན་པ་བྱུང་སྟེ་སྤྱིར་བོད་སྨན་དང་སྨན་རྩིས་ཁང་གི་མཚན་མཐོང་ཇེ་ཆེར་ཕྱིན་ཏེ་བརྙན་འཕྲིན་དང་ཚགས་པར་སོགས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བོད་སྨན་སྐོར་ཡང་ཡང་ཐོན་པ་ཡོད་པ་བཞིན་ཕྱི་ལོ་ ༢༠༠༠ ཡས་མས་སུ་ཉིན་རེར་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་ཆ་སྙོམས་བརྒྱ་ལྷག་སླེབ་བཞིན་ཡོད་པ་རེད།

དེར་བརྟེན་སྨན་རྩིས་ཁང་ནས་ཀྱང་འཕྲལ་ཕུགས་ཁེ་ཕན་དང་འབྱུང་འཁྲུགས་ནད་ཀྱི་མནར་བའི་ཉམ་ཐག་ནད་པའི་ཆེད་རང་བདག་ཁང་པ་ཞིག་དགོས་མཁོར་གཟིགས་ཏེ། ཕྱི་ལོ་ ༡༩༩༤ ལོར་ཀྲོ་ལི་གྷནཇ་སུད་སི་ཕ་ཀི་ཞེས་པའི་ Tollygung Swiss Park ས་གནས་སུ་ཁང་པ་ཐོག་རྩེག་ལྔ་ཅན་ཞིག་སྤུས་ཉོ་གནང་བ་དང་སྦྲག་དགོས་མཁོར་འཚམས་པའི་བཟོ་བཅོས་ཁག་ལེགས་གྲུབ་རྗེས། ཕྱི་ལོ་ ༡༩༩༥ ཟླ་ ༨ ཚེས་ ༡༤ ཉིན་གཟའ་སྐར་འཕྲོད་སྦྱོར་དང་བསྟུན་ཀ་ཏའི་འགན་འཛིན་སྨན་པ་ཟུར་བ་སྨན་རམས་པ་པདྨ་རྡོ་རྗེ་ལགས་དབུས་ནས་མཛད་སྒོའི་གཙོ་སྐྱོང་དུ་ཆེད་མངགས་གནང་ཞིང་། ནུབ་བངྒལའི་མངའ་སྡེའི་ཉེན་རྟོག་སྐོར་སྲུང་སྤྱི་ཁྱབ་སྐུ་ཞབས་སྦི་ཀེ་སིང་མཆོག་ B.K Singh སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་མཛད་སྒོ་དང་སྦྲགས་སྨན་ཁང་གསར་པ་སྒོ་འབྱེད་གནང་། སྨན་ཁང་གསར་པ་ཆགས་ཡུལ་དེ་ནི་ཀ་ལི་ཀ་ཏའི་གྲོང་ཁྱེར་གྱི་དཀྱིལ་དབུས་སུ་ཁེལ་ཡོད་པས་འགྲུལ་བཞུད་བདེ་ཞིང་།  མཁའ་རླུང་གཙང་བ། མཐུན་རྐྱེན་ཚང་བ་སོགས་ཡན་ལག་སྨན་ཁང་གཞི་རྒྱ་ཆེ་བའི་གྲས་ཤིག་ཡིན་ནའང་།  ནད་པ་རྣམས་བསྟེན་གཏུགས་བྱེད་ཡུལ་གྱི་སྨན་པ་སྙན་གྲགས་ཅན་སྨན་རམས་པ་པདྨ་རྡོ་རྗེ་ལགས་སྒེར་གྱི་དཀའ་ངལ་དབང་གིས་ས་ལུ་སྒར་དུ་གནས་སྤོར་སོང་བ་དང་གཅིག རྒྱུ་མཚན་གཞན་ཞིག་ནི་དུས་ཡུན་རིང་པོར་སྨན་པ་ངེས་གཏན་མེད་པར་ཡང་ཡང་བརྗེ་བསྒྱུར་གནང་བ་སོགས་ཀྱིས་ནད་པ་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད་ཀྱང་། ཕྱི་ལོ་ ༢༠༠༠ ཡས་མས་སུ་ཕོ་སྨུག་དང་རྩ་གྲུམ། གཅིན་སྙི། མོ་ནད་རླུང་ཚབས། མ་ཞུ་བ་སོགས་ཀྱི་ནད་གཞི་ཡོད་པའི་མི་རིགས་སྣ་ཚོགས་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་ཆ་སྙོམས་ཉིན་རེར་བརྒྱ་ནས་ཉིས་བརྒྱ་བར་སླེབ་བཞིན་ཡོད་པ་རེད།

༣༽ ད་ལྟའི་གནས་སྟངས།

སྨན་ཁང་འདིར་ད་ལྟ་སྨན་པ་གཉིས་དང་། སྨན་སྤྲོད་དང་རྩིས་པ་གཉིས། གླ་པ་གཉིས་བཅས་ཁྱོན་བསྡོམས་སྨན་ལས་གྲངས་དྲུག་ཡོད་ཅིང་།  ཉིན་རེར་ཆ་སྙོམས་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་གྲངས་ ༡༦ ཙམ་ཡོད་ལ་ནད་པ་མང་ཆེ་ཤོས་རྒྱ་གར་བ་ཡིན། སྨན་ཁང་འདིར་སྤྱི་ཐབ་དང་སྤྱི་སྤྱོད་རླངས་འཁོར་བཅས་ཀྱི་མཐུན་རྐྱེན་ཡོད།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་པདྨ་རྡོ་རྗེ། ༡༩༨༩།༤།༡ ནས་ ༡༩༩༣།༨།༣༡ བར།

༢། སྨན་པ་བསྟན་འཛིན་ཚེ་འཕེལ། ༡༩༩༣།༩།༡ ནས་ ༡༩༩༥།༡།༡ བར།

༣། སྨན་པ་བཀྲ་ཤིས་དབང་འདུས། ༡༩༩༥།༦།༡ ནས་ ༢༠༠༡།༨།༡༥ བར།

༤། སྨན་པ་པ་སངས་སྒྲོལ་དཀར། ༢༠༠༡།༨།༡༦ ནས་ ༢༠༠༣།༡༠།༢༥ བར།

༥། སྨན་པ་བསྟན་འཛིན་ཉི་མ། ༢༠༠༣།༡༠།༣༠ ནས་ ༢༠༠༦།༩།༡༠

༦། སྨན་པ་བསྟན་འཛིན་འོད་ཟེར། ༢༠༠༦།༩།༡༥ ནས་ ༢༠༠༩།༠།༡༧ བར།

༧། སྨན་པ་བསྟན་འཛིན། ༢༠༠༩།༡༠།༢༠ ནས་ད་ལྟ་གནང་མུས།

   

ཏེ་ཛུ་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

ཏེ་ཛུ་ཡན་ལག་སྨན་ཁང་ནི་ས་གནས་མགོ་དམངས་ཡོངས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་རང་གཞུང་ནང་སྲིད་ལས་ཁུངས་བརྒྱུད་རེ་སྐུལ་ཞུས་པ་བཞིན་ཕྱི་ལོ་ ༡༩༨༩ ཟླ་ ༡༢ ཚེས་ ༡༠ ཉིན་གསར་འཛུགས་སྒོ་འབྱེད་བྱས་པ་ཞིག་ཡིན། ཏེ་ཛི་ནི་རྒྱ་གར་བྱང་ཤར་གྱི་ཨ་རུ་ནཱ་ཅལ་མངའ་སྡེའི་ལོ་ཧི་ཌི་འམ་འབྲི་གུང་ཆོས་ཀྱི་བློ་གྲོས་སོགས་ཀྱི་གནས་ཡིག་ཁག་ཏུ་གནོད་སྦྱིན་མྱུ་གུ་ཅན་གྱི་བཟུང་བའི་ཡུལ་གྱི་ཆུ་བོ་ལོ་ཧི་ཏ་ཞེས་པ་དེ་ཡིན། དེང་སང་རྫ་ཡུལ་གཙང་བོར་འབོད་པ་དེའི་ཉེ་འགྲམ་དུ་ཆགས་ཡོད་ལ། ལོ་ཧི་གཙང་པོ་གནས་འདི་བརྒྱུད་བྷར་མ་པོ་ཌིར་རམ་རྟ་མཆོག་ཁ་འབབ་ཏུ་འདྲེས་ཡོད་པས་རྫོང་དེའི་མིང་ལའང་ལོ་ཧི་ཌི་ཞེས་འབོད་བཞིན་ཡོད།

ཏེ་ཛུའི་ལྷོ་ནུབ་རྒྱ་གར་གྱི་ཨ་སཱམ་མངའ་སྡེ་དང་བྱང་ཕྱོགས་མཚམས་སུ་བོད་ཀྱི་རྫ་ཡུལ་སྐྱིད་སྒང་དང་ས་འབྲེལ་ཡིན་པས་དགུན་དུས་ཅུང་གྲང་བ་དང་། ཧི་མཱ་ལ་ཡའི་ལྷོ་ཕྱོགས་སུ་ཁ་བསྟན་ཡོད་པས་དབྱར་དུས་ཅུང་ཚ་དྲོད་ཆེ་ཞིང་ཆར་ཆུ་མང་ལ་བརླན་གཤེར་ལྡན་པའི་ཡུལ་ཞིག་ཡིན། ཡུལ་མི་རྣམས་ཁ་འཐོར་དུ་གནས་ཤིང་ལུང་གཤོང་མང་ཆེ་བར་གཙང་པོ་དང་རྒྱུགས་ཆུ་ཆེ་ཆུང་འདྲ་མིན་ཡོད་པས་འགྲིམ་འགྲུལ་དང་སྐྱེལ་འདྲེན་གྱི་གནད་དོན་དེ་ས་ཁུལ་འདིའི་དཀའ་ངལ་ཆེ་ཤོས་ཤིག་དང་དཔལ་འབྱོར་ཡར་རྒྱས་ཀྱི་འགོག་རྐྱེན་ཆེ་ཤོས་དེ་ཆགས་ཡོད། གནས་སྡོད་བྱེད་མཁན་གྱི་མི་རིགས་ནི་གཙོ་ཆེར་གློ་པའི་རིགས་དང་། ཨ་སཱམ་མེ་སི། ནཱེ་པ་ལ་སོགས་ཧ་ལམ་མི་གྲངས་ཁྲི་ཕྲག་ཙམ་ཡོད་ཅིང་།  སྐད་རིགས་ཧིན་ངྷི་དང་། ཨ་སཱམ་མེ་སི་ཡིན། ཏེ་ཛུ་དར་རྒྱས་གླིང་བོད་མིའི་གཞིས་ཆགས་ནི་ཕྱི་ལོ་ ༡༩༦༢ ཟླ་གཉིས་པའི་ནང་མཱི་ས་མ་རི་ནས་བོད་མི་ཉིས་སྟོང་ཙམ་བཏང་འབྱོར་གྱིས་གསར་འཛུགས་གནང་བའི་སོ་ནམ་ཞིང་ལས་གཙོ་གཉེར་བྱེད་བཞིན་པའི་གཞིས་ཆགས་གྲས་ཤིག་ཡིན་ལ། གྲོང་སྡེ་ལྔ་དང་མི་གྲངས་ཆིག་སྟོང་སུམ་བརྒྱ་ཙམ་ཡོད་ལ་བོད་མིའི་ཆོས་དང་རིག་གཞུང་རྒྱུན་འཛིན་བྱེད་སའི་དགོན་པ་དང་སློབ་གྲྭ་བཅས་ཡོད་པ་རེད།

༢༽ འཕེལ་རིམ།

ལོ་མང་སྔོན་ནས་ས་གནས་མི་མང་ཀྱིས་གཞིས་མགོ་ལས་ཁུངས་དང་།  ནང་སྲིད་ལྷན་ཁང་། ྋགོང་ས་མཆོག་གི་སྐུ་སྒེར་ཡིག་ཚང་སོགས་བརྒྱུད་ནས་བོད་སྨན་གྱི་སྨན་ཁང་ཞིག་གསར་འཛུགས་ཡོང་བའི་རེ་སྐུལ་ཞུས་དོན་བཞིན། སྨན་རྩིས་ཁང་ནས་ཀྱང་ས་ཁུལ་འདི་བཞིན་མཐའ་མཚམས་ཁོངས་གཏོགས་ཡིན་པས་གང་ཅིའི་ཐད་མཐུན་རྐྱེན་ཞན་པ་དང་། འགྲུལ་བཞུད་སྟབས་བདེ་མེད་པ་སོགས་ལ་དགོངས་བཞེས་གནང་སྟེ་སྐབས་དྲུག་པའི་སློབ་ཐོན་སྨན་པ་ཚེ་རིང་བསྐོ་གཏོང་གནང་བ་དང་། ས་གནས་མཉམ་འབྲེལ་ནས་སྨན་ཁང་དང་སྨན་ལས་པའི་ཁང་ཁུངས་མཐུན་འགྱུར་གནང་བའི་ནང་ཐོག་མར་སྨན་ཁང་ཚུགས་པ་དང་། དེ་ནས་རིམ་པས་ཏེ་ཛུ་ཁྲོམ་གཞུང་དུ་སྨན་སྐོར་བྱས་པ་སོགས་ཀྱིས་བོད་རིགས་ཙམ་མ་ཟད། ཡུལ་མི་རྣམས་ཀྱི་འཕྲོད་བསྟེན་ལ་ཕན་ཐོགས་བྱུང་བའི་རྐྱེན་གྱིས་ཧ་ཅང་དགའ་མོས་བྱས་པ་དང་། བསྟེན་གཏུགས་བྱེད་མཁན་གྱི་ནད་པའང་རིམ་གྱིས་མང་དུ་ཕྱིན་ཏེ་ཉིན་རེར་ཆ་སྙོམས་བཞི་བཅུ་ནས་ལྔ་བཅུ་བར་ཡོང་བའི་ལོ་རྒྱུས་ཡོད་ཀྱང་། དེ་ནས་རིང་བོ་མ་སོང་བར་སྨན་རྩིས་ཁང་གིས་སྤྱི་སྒེར་གྱི་དཀའ་ངལ་སྣ་ཚོགས་ལ་བརྟེན་ནས་སྨན་པ་ཡང་ཡང་བརྗེ་བསྒྱུར་གནང་དགོས་བྱུང་བ་མ་ཟད། ལོ་གཅིག་ཙམ་གྱི་རིང་ལ་སྨན་པ་མེད་པར་སྨན་ཁང་སྟོང་བར་འཇོག་དགོས་བྱུང་བ་སོགས་ཀྱིས་རིམ་པས་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་ཉུང་དུ་ཕྱིན་པ་སོགས་ཐབས་རྡུགས་ཀྱི་གནས་ཚུལ་ཀྱང་བྱུང་འདུག། དེ་རྗེས་སྐབས་དགུ་བའི་སློབ་ཐོན་སྨན་པ་དཀོན་མཆོག་དཔལ་འཛོམས་བསྐོ་གཏོང་གནང་རྗེས་ཏེ་ཛུ་ཁྲོམ་གཞུང་དུ་སྨན་སྐོར་བསྐྱོད་པའི་ལམ་སྲོལ་སླར་གསོ་བྱས་པ་དང་ཁྱབ་བསྒྲགས་བྱས་པ་སོགས་ལ་བརྟེན་ནས་ནད་པ་ཅུང་མང་དུ་སོང་ནའང་། ཏེ་ཛུ་ཁྲོམ་གཞུང་དུ་སྐོར་སྐྱོད་བྱེད་བཞིན་པ་དེ་རྒྱུན་འཁྱོང་བྱེད་ཐུབ་མི་འདུག 

སྤྱིར་ཁེ་བབ་ཁོ་ན་ལ་རྔམ་མཁན་ཞིག་ཡིན་པའི་དབང་དུ་བཏང་ན་མི་གྲངས་ཉུང་བ་དང་འགྲུལ་བཞུད་སྟབས་བདེ་མེད་པའི་ས་ཁུལ་འདི་ལྟ་བུ་ལ་སྨན་ཁང་གཉེར་བ་ནི་དཔལ་འབྱོར་གྱི་གྱོང་གུད་ཙམ་ལས་མེད་ཀྱང་། སྨན་རྩིས་ཁང་ནི་ྋགོང་ས་ྋ སྐྱབས་མགོན་རྒྱལ་བའི་དབང་བོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དགོངས་བཞེད་ལྟར། བོད་ཀྱི་ཐུན་མོང་མ་ཡིན་པའི་སྨན་རྩིས་གཉིས་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། ཉམས་པ་སླར་གསོ། ནད་ཀྱིས་མནར་བའི་ནད་པ་ཉམས་ཐག་རྣམས་ནད་ཀྱི་གདུང་བ་ལས་ཐར་བར་བྱེད་རྒྱུ་དེ་ཡིན་སྟབས། བྱུང་སོང་ཁ་འཐབ་མིན་ལ་མ་ལྟོས་པར་དགེ་རྩའི་ཆེད་སྨན་ཁང་མུ་མཐུད་གཉེར་བཞིན་ཡོད་པ་དང་། ད་དུང་སྨན་ཁང་འདི་ནས་རྒྱ་བོད་ས་མཚམས་སུ་ཡོད་པའི་ཀྲུ་ཀྲིང་ཞེས་པའི་ས་ཁུལ་དེར་འཆར་ཅན་ལོ་རེའི་ཟླ་བརྒྱད་པ་དང་དགུ་བའི་ནང་ཉིན་གྲངས་མང་པོའི་རིང་གོམ་བགྲོད་ཀྱིས་སྨན་སྐོར་དུ་སྐྱོད་བཞིན་ཡོད་པ་རེད།

༣༽ ད་ལྟའི་གནས་སྟངས། 

ད་ལྟའི་སྐབས་འདིར་སྨན་ཁང་འདིར་སྨན་རྩིས་ཁང་གི་སྨན་པ་གཅིག་དང་། སྨན་སྤྲོད་རྩིས་པ་གཅིག་ལྕོགས་གཅིག གླ་པ་གཅིག་བཅས་ཁྱོན་བསྡོམས་སྨན་ལས་གསུམ་ཡོད། ཉིན་རེར་བསྟེན་གཏུགས་བྱེད་མཁན་ནད་པ་གྲངས་ ༨ ཡོད་ལ་མང་ཆེ་ཤོས་བོད་པ་ཡིན། སྨན་ལས་རྣམས་ལ་ལས་ཤག་དང་དཀའ་སེལ་སླད་སྦག་སྦག་གཅིག་ཡོད།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་ཉི་མ་ཚེ་རིང་། ༡༩༨༩།༡༢།༡༠ - ༡༩༩༣།༦།༡༤

༢། སྨན་པ་འཇམ་དབྱངས་རྒྱ་མཚོ། ༡༩༩༣།༦།༡༥ - ༡༩༩༤།༣།༡༠

༣། སྨན་པ་ཚེ་བརྟན་རྣམ་རྒྱལ། ༡༩༩༤།༣།༡༦ - ༡༩༩༦།༥།༣༠

འདིའི་བར་ནས་ལོ་གཅིག་གི་རིང་འགན་འཛིན་ཆད་པའི་གནས་སྟངས་གོང་དུ་བཀོད་ཟིན་ལྟར་ཡིན།

༤། སྨན་པ་དཀོན་མཆོག་དཔལ་འཛོམས། ༡༩༩༧།༥།༡ - ༡༩༩༩།༡།༡༥

༥། སྨན་པ་བསྟན་འཛིན་དགེ་ལེགས། ༡༩༩༩།༡།༡༦ - ༢༠༠༣།༣།༢༨

༦། སྨན་པ་སྟོན་པ་སྐྱབས། ༢༠༠༣།༤།༡ - ༢༠༠༨།༤།༢

༧། སྨན་པ་ཤཱཀྱ་རྒྱལ་མཚན། ༢༠༠༨།༥།༡༥ ནས་གནང་མུས།

   

མེན་པཌ་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

མེན་པཌ་ཡན་ལག་སྨན་ཁང་ནི་ཕྱི་ལོ་ ༡༩༩༡ ཟླ་ ༤ ཚེས་ ༡ ཉིན་དབུ་འཛུགས་གནང་བ་ཞིག་ཡིན་ཞིང་།  མེན་པཌ་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ནི་རྒྱ་གར་གྱི་དབུས་སུ་ཡོད་པའི་མདྱཱ་པྲ་དེ་ཤ་ཞེས་པའི་མངའ་སྡེའི་སཱེར་ཀོ་ཅཱ་རྫོང་ཁོངས་སུ་ཆགས་ཡོད་ལ། དེ་ནི་ཕྱི་ལོ་ ༡༩༦༢ ཟླ་ ༡ ཚེས་ ༢༦ ཉིན་སྐབས་དེའི་བཙན་བྱོལ་བོད་མི་རྣམས་འཕྲལ་སེལ་སྡོད་ཡུལ་བཀསར་སོགས་ནས་མི་གྲངས་ཉིས་སྟོང་ལྷག་གཏོང་གནང་གིས་གསར་འཛུགས་ཞུས་པའི་བོད་མིའི་གཞིས་ཆགས་རྙིང་གྲས་ཤིག་ཡིན་ལ། གཞིས་ཆགས་འདི་ལ་ཀེམ་ཁག་བདུན་ཡོད། གཞིས་ཆགས་དེའི་ཁོངས་སུ་དྭགས་པོ་བཤད་སྒྲུབ་གླིང་གྲྭ་ཚང་མ་ན་ལིའི་ས་གནས་སུ་མ་སྤོར་བར་རྟེན་གཞི་གནང་ཡོད། ད་ལྟ་ཀརྨ་བཀའ་རྒྱུད་དགོན་པ་དང་།རྣམ་གྲོལ་གླིང་གི་ཡན་ལག་དགོན་པ་བཅས་ཡོད་པ་མ་ཟད། རྒྱ་གར་བོད་སློབ་འཛིན་ཚོགས་པས་གཟིགས་སྐྱོང་འོག་འཛིན་རིམ་བརྒྱད་པ་བར་གྱི་སློབ་གྲྭ་ཞིག་ཀྱང་ཡོད། མངའ་སྡེ་དེའི་ནང་མི་གྲངས་ས་ཡ་བདུན་དང་བྱེ་བ་གཉིས་ལྔ་འབུམ་དགུ་ཁྲི་བདུན་སྟོང་ལྔ་བརྒྱ་དྲུག་ཅུ་རེ་ལྔ། ས་ཡ་ ༧༢༥༩༧༥༦༥ ཡོད་པའི་ནང་ནས་ཕལ་མོ་ཆེ་ཧིན་ངྷི་དང་ཧིན་ངྷུའི་ཆོས་ལུགས་པ་ཡིན་ཞིང་། ཐོན་ཁུངས་གཙོ་བོ་ཞོ་ཁོག་དང་། བྲ་བོ། སྣུམ་དང་མ་རྨོས་ལོ་ཏོག་བཅས་ཡིན་པ་བཅས་སོ།།

༢༽ འཕེལ་རིམ།

མན་སྤར་ཕན་བདེ་གླིང་གཞིས་ཆགས་ཀྱི་དབུ་འཛིན་དང་མི་མང་ཡོངས་ནས་རེ་སྐུལ་དང་སྦྲགས་ས་གནས་སུ་ཡོད་པའི་དྭགས་པོ་གྲྭ་ཚང་ནས་ཁང་ཁོངས་མཐུན་འགྱུར་གནང་བ་ལྟར། དབུས་སྨན་རྩིས་ཁང་ནས་སྨན་པ་ཀུན་བཟང་སྒྲོལ་མ་ས་གནས་འགན་འཛིན་སྨན་པར་བསྐོ་གཏོང་གིས་ཕྱི་ལོ་ ༡༩༩༡ ལོར་སྒོ་འབྱེད་གནང་རྗེས་ཏེ། ཕྱི་ལོ་ ༡༩༩༤ ལོར་ས་གནས་འཕྲོད་བསྟེན་སྨན་ཁང་གསར་རྒྱག་གྲུབ་རྗེས་སྨན་རྩིས་ཁང་གི་ཆེད་ཁང་མིག་གཉིས་ཁང་གླ་མི་དགོས་པའི་ཐོག་གཡར་པོ་གནང་བའི་ནང་གནས་སྤར་བྱས་པ་དང་། སྨན་ལས་པའི་སྡོད་ཤག་ས་གནས་མཉམ་འབྲེལ་ནས་ཁང་གླའི་ཚུལ་དུ་གཡར་པོ་གནང་བ་ཞིག་ཡིན་འདུག ཕྱི་ལོ་ ༡༩༩༨ ལོར་སྨན་པ་ཀུན་བཟང་སྒྲོལ་མ་ལགས་ཌལ་ཧོར་ཏུ་གནས་སྤོས་གནང་བའི་ཚབ་ཏུ་སྨན་པ་བསྟན་འཛིན་འོད་ཟེར་ལགས་ས་གནས་འགན་འཛིན་སྨན་པར་བསྐོ་བཞག་གནང་བ་ནས་བཟུང་། སྨན་ཁང་ཁང་མིག་གཉིས་ལ་བཟོ་བཅོས་ཕྲན་བུ་བྱས་ཏེ་གསོལ་སྨན་གཤའ་ཚན་གྱིས་འཕྲོ་བརླག་ཏུ་འགྲོ་བའི་ཉེན་ཁ་མེད་པར་བཟོས་ཤིང་། ཉེ་འཁོར་ས་གནས་ཁག་ལ་སྨན་སྐོར་ཐེངས་འགར་བསྐྱོད་འདུག་པ་སོགས་སྨན་ཁང་ཡར་རྒྱས་གཏོང་བའི་ལས་འཆར་ཁ་ཤས་བརྩམས་འདུག་ཀྱང་། ཕྱི་ནང་གི་དཀའ་ངལ་སྣ་ཚོགས་པའི་རྐྱེན་གྱིས་མཚམས་འཇོག་བྱེད་དགོས་བྱུང་འདུག ཕྱི་ལོ་ ༢༠༠༠ ལོར་སྨན་པ་བསྟན་འཛིན་འོད་ཟེར་ཀ་ཏ་སྨན་ཁང་དུ་གནས་སྤོས་སོང་བ་དང་། སྐབས་བརྒྱད་པའི་སྨན་པ་ཉི་མ་རྒྱལ་མཚན་ལགས་ས་གནས་འགན་འཛིན་སྨན་པར་བསྐོ་བཞག་གནང་རྗེས་སྨན་ཁང་དུ་ནད་པའི་གྲངས་འབོར་འཕར་བ་སོགས་ཀྱིས་སྨན་ལས་རྣམས་ཀྱི་གསོལ་ཕོགས་འཆར་ཅན་དབུས་ནས་གཏོང་དགོས་པ་དེ་མཇུག་སྒྲིལ་བ་མ་ཟད།

ད་དུང་དངུལ་ལྷག་གང་འཚམས་དབུས་སུ་འབུལ་གཏོང་ཐུབ་པ་བྱུང་འདུག སྐབས་དེར་སྨན་ཁང་རྒྱ་བསྐྱེད་འགྲོ་བཞིན་པའི་གནས་སྟངས་དང་བསྟུན་ནས་ས་གནས་མཉམ་འབྲེལ་ལ་སྨན་རྩིས་ཁང་རྒྱག་པའི་ས་ཆ་ཞིག་ས་གནས་ནས་མཐུན་འགྱུར་གནང་དགོས་པའི་འབོད་སྐུལ་ཞུས་དོན་ལྟར། ས་གནས་གཞིས་མགོ་དང་། ས་གནས་གྲོས་ཚོགས། མཉམ་དྲུང་སོགས་གནད་ཡོད་མི་སྣ་རྣམས་ཚང་འཛོམས་ཀྱིས་སྨན་རྩིས་ཁང་དེ་ས་གནས་མང་ཚོགས་ལ་དངོས་ཡོད་ཁེ་ཕན་ཡོད་པ་ཞིག་ལ་ངོས་འཛིན་དང་ཕུགས་རྒྱང་རིང་པོའི་མི་དམངས་ཀྱི་འཕྲོད་བསྟེན་བདེ་རྩར་བསམ་ཤེས་ཀྱིས་ས་ཁྱོན་འོས་འཚམས་ཤིག་ཕུལ་འདུག་པ་དང་།  ཕྱི་ལོ་ ༢༠༠༡ ཟླ་ ༡ ཚེས་ ༢༠ ཉིན་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་ས་གནས་གཞིས་ཆགས་སུ་ཞབས་སོར་འཁོད་པ་དང་སྟབས་བསྟུན་གདན་ཞུས་ཀྱི་རྩིག་རྨང་དབུ་འབྱེད་གནང་སྟེ་ལས་གཞི་ཡོངས་སུ་གྲུབ་པ་དང་། སྨན་ལས་རྣམས་ཀྱི་ལས་ཤག་མ་འདང་བ་སོགས་ཀྱི་དཀའ་ངལ་དག་སེལ་ཐུབ་པ་བྱུང་ཡོད།

ཕྱི་ལོ་ ༢༠༠༠ ལོའི་ཡས་མས་སུ་སྨན་ཁང་འདིར་གྲུམ་བུ་དང་། ཕོ་སྨུག མཁལ་འགྲམས། རྩ་དཀར་སོགས་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་ཉིན་རེར་ཆ་སྙོམས་བཅུ་ནས་བཅོ་ལྔ་བར་སླེབས་བཞིན་ཡོད་པ་རེད།

༣༽ ད་ལྟའི་གནས་སྟངས།

ད་ལྟའི་ཆར་སྨན་ཁང་འདིར་སྨན་པ་གཅིག་དང་། ལས་བྱེད་གཅིག། གླ་པ་གཅིག་བཅས་ཁྱོན་སྨན་ལས་གྲངས་གསུམ་ཡོད། ཉིན་རེར་རྒྱ་གར་བ་དང་བོད་པ་གྲངས་ ༡༡ ཙམ་ལ་བརྟག་དཔྱད་སྨན་བཅོས་གནང་བཞིན་ཡོད། སྨན་ལས་པ་རྣམས་ལ་ལས་ཤག་ལས་སྤྱི་ཐབ་དང་རླངས་འཁོར་སོགས་ཀྱི་མཐུན་རྐྱེན་ཅི་ཡང་མེད་པ་བཅས་སོ།།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་ཀུན་བཟང་སྒྲོལ་མ། ༡༩༩༡།༤།༡ ནས་ ༡༩༩༨།༤།༡༠ བར།

༢། སྨན་པ་བསྟན་འཛིན་འོད་ཟེར་། ༡༩༩༨།༥།༡ ནས་ ༢༠༠༠།༦།༧ བར།

༣། སྨན་པ་ཉི་མ་རྒྱལ་མཚན། ༢༠༠༠།༧།༡ ནས་ ༢༠༠༢།༡༢།༡༤ བར།

༤། སྨན་པ་ཡེ་ཤེས་དགེ་ལེགས། ༢༠༠༢།༡།༢༥ ནས་ ༢༠༠༦།༡༢།༢༩

༥། སྨན་པ་པདྨ་བཟང་མོ། ༢༠༠༧།༡།༡ ནས་གནང་མུས།

   

རཱཇ་པུར་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

ར་པུར་ཡན་ལག་སྨན་ཁང་ནི་ར་པུར་དུ་གནས་འཁོད་བོད་མི་སྤྱི་དང་།  ལྷག་པར་དུ་རཱཇ་པུར་བུད་མེད་མཉམ་ལས་བཟོ་གྲྭའི་མགོ་དམངས་ཡོངས་ནས་རེ་སྐུལ་དང་འཕྲལ་སེལ་ཁང་ཁུངས་མཐུན་འགྱུར་གནང་བ་ལ་བརྟེན་ནས་ཕྱི་ལོ་ ༡༩༩༡ ཟླ་ ༥ ཚེས་ ༢༠ ཉིན་མགོ་འཛུགས་བྱས་པ་ཞིག་ཡིན། ར་ཇི་པུར་ས་གནས་ནི་ཨུཏ་རན་ཅལ་གྱི་རྒྱལ་ས་ཌེ་རཱ་ཌུན་གྲོང་ཁྱེར་གྱི་ཁོངས་གཏོགས་ས་ཁུལ་སྲང་ལམ་ཞིག་གི་མིང་ཡིན་པ་དང་། ཨུཏྟར་ཀ་ཤི་ཞེས་པའི་རི་རྒྱུད་ཀྱི་འདབས་རོལ་དུ་ཆགས་ཡོད་ལ། དེ་སྔོན་ཕྱི་ལོ་ ༡༩༥༩ ནས་ལོ་གཉིིས་ཙམ་ལ་ྋགོང་ས་ྋསྐྱབས་མགོན་མཆོག་གི་འཕྲལ་སེལ་བཞུགས་སྒར་དེ་བཞིན་རྒྱ་གར་གཞུང་ནས་མ་སུ་རིར་བཀོད་སྒྲིག་གནང་སྐབས་བོད་མི་བཙན་བྱོལ་བ་མང་པོ་ཞིག་སྐབས་དེར་ཌེ་རཱ་ཌུན་གཡས་གཡོན་དུ་གཞིས་ཆགས་པ་བཞིན། ར་ཇི་པུར་དུའང་དུས་དེ་ནས་བཟུང་བོད་རིགས་ཕོན་ཆེ་འདུས་སྡོད་བྱེད་ཡུལ་ཞིག་ཏུ་གྱུར་བ་དང་། བོད་ཀྱི་སྐུ་དྲག་མང་པོ་དེར་གནས་སྡོད་བྱེད་བཞིན་ཡོད་པས་བོད་རིགས་ཁག་ཅིག་གིས་སྐུ་དྲག་གཞིས་ཆགས་ཞེས་འབོད་པ་དང་། དེང་སང་རྒྱ་གར་གྱི་དཔོན་རིགས་དང་ཕྱུག་བདག་མང་པོ་ཁུལ་འདིའི་གཡས་གཡོན་དུ་གནས་འཆའ་བས་ན་ཡུལ་མི་རྣམས་ཀྱིས་ཀྱང་སྐུ་དྲག་སྲང་ལམ་ཞེས་འབོད་ཀྱིན་ཡོད།

ས་ཁུལ་དེར་དབྱར་དུས་ཚ་དྲོད་ཅུང་ཆེ་བ་ལས་དུས་བཞིར་གནམ་གཤིས་སྙོམས་པ་དང་། ས་འཁོད་ཡངས་ཤིང་འགྲུལ་སྐྱོད་བདེ་བ་སོགས་ཀྱི་དབང་གིས་ཁུལ་འདིར་གནས་སྡོད་བྱེད་པ་ལ་དགའ་མོས་བྱེད་ཀྱིན་ཡོད། གནས་སྡོད་གཙོ་བོ་ཧིན་ངྷུ་དང་། ཁ་ཆེ། པན་ཇཱབ་སོགས་ཡིན་པས་སྐད་རིགས་ཀྱང་ཧིན་ངྷི་དང་། ཨུར་ཏུ། པན་ཇཱབ་བི་སོགས་བེད་སྤྱོད་བྱེད་བཞིན་ཡོད།

༢༽ འཕེལ་རིམ།

ར་པུར་བུད་མེད་མཉམ་ལས་བཟོ་གྲྭའི་ནང་འཕྲལ་སེལ་ཁང་ཁུངས་ཞིག་སྨན་ཁང་དང་སྨན་ལས་པའི་སྡོད་ཤག་ཆེད་མཐུན་འགྱུར་གནང་བ་དེའི་ནང་སྨན་ཁང་བཙུགས་ནས་ལོ་གཅིག་ལྷག་གི་རིང་ས་གནས་མི་མང་གི་འཕྲོད་བསྟེན་བདེ་རྩར་ཕན་ཐོགས་ཆེན་པོ་བྱུང་བར་མ་ཟད། ཁུལ་དེའི་རྒྱ་གར་ཡུལ་མི་རྣམས་ཀྱང་བོད་སྨན་ལ་བསྟེན་གཏུགས་བྱེད་པར་ཡོང་མགོ་ཚུགས་པས་ལོགས་སུ་སྨན་ཁང་ཞིག་མ་བརྒྱབ་ཐབས་བྲལ་དུ་གྱུར་ཏེ། ས་གནས་བུད་མེད་མཉམ་ལས་ཀྱིས་སྨན་རྩིས་ཡན་ལག་ཆེད Swedish Tibet Committee ལ་རོགས་རམ་ཞུས་ཏེ་སྨན་ཁང་དང་། སྨན་ལས་པའི་ལས་ཤག་བཅས་ཁང་བརྩེགས་གཉིས་ཅན་ཞིག་གསར་རྒྱག་ལེགས་པར་གྲུབ་པའི་རྗེས་ཏེ། ཕྱི་ལོ་ ༡༩༩༢ ཟླ་ ༡༡ ཚེས་ ༡༥ ཉིན་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་ས་གནས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པའི་སྐབས་དང་སྟབས་བསྟུན་ཏེ་དབུ་འབྱེད་གནང་། 

ཐོག་བརྩེགས་གཉིས་ཅན་གྱི་ཁང་པ་དེ་མཉམ་ལས་བཟོ་གྲྭ་དང་སྨན་རྩིས་ཁང་བར་ལོ་དུས་རྒྱས་བཅད་ཀྱི་གན་རྒྱའི་སྟེང་གནས་ཡོད་པས། མཉམ་ལས་ལ་ཁང་ཁུངས་སྐུལ་ཟད་ལྟ་བུར་དོད་ངེས་ཅན་ཞིག་སྤྲོད་དགོས་པ་ལས་གཞན། སྨན་རྩིས་ཡན་ལག་ས་གནས་སུ་ནམ་གནས་བར་ས་ཁང་གི་བདག་དབང་ཡོངས་རྫོགས་སྨན་རྩིས་ཁང་ལ་ཡོད་པ་ཐོག་མའི་གན་རྒྱའི་ཡིག་ཆའི་ནང་གསལ་བར་འཁོད་ཡོད། ཕྱི་ལོ་ ༢༠༠༠ ཡས་མས་སུ་སྨན་ཁང་འདིར་བསྟེན་གཏུགས་བྱེད་མཁན་ནད་པ་གྲངས་ཆ་སྙོམས་ཉིན་རེར་སུམ་ཅུ་ཡས་མས་སླེབས་བཞིན་ཡོད་ལ་རྒྱ་གར་གཙོས་པའི་ཕྱིའི་མི་རིགས་ཀྱི་བསྡུར་ཚད་དེ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པ་དང་། སྨན་ཁང་འདིས་ཌེ་ཌུན་ལྷོ་ཕྱོགས་སུ་ཡོད་པའི་རཱོ་ཁཱས་གྲོང་ཁྱེར་དང་། ས་རངྒ་པུར་གྲོང་ཁྱེར་སོ་སོར་འཆར་ཅན་ཟླ་རེར་ཐེངས་རེ་སྐོར་སྐྱོད་བྱེད་བཞིན་པ་བཅས་སོ།།

༣༽ ད་ལྟའི་གནས་སྟངས།

ད་ལྟའི་ཆར་སྨན་ཁང་འདིར་སྨན་རྩིས་ཁང་གི་སྨན་པ་གཅིག་དང་།  སྨན་སྤྲོད་དང་རྩིས་པ་བཅས་ལས་བྱེད་གཉིས། གླ་པ་གཅིག་བཅས་ཁྱོན་བསྡོམས་སྨན་ལས་བཞི་ཡོད། ཉིན་རེར་བསྟེན་གཏུགས་བྱེད་མི་རྒྱ་གར་བ་དང་བོད་པ་གྲངས་ ༢༠ ཙམ་ལ་བརྟག་དཔྱད་སྨན་བཅོས་གནང་བཞིན་ཡོད། སྨན་ལས་རྣམས་ལ་ལས་ཤག་དང་ཡར་མར་འགྲོ་བའི་དཀའ་སེལ་སླད་སྦག་སྦག་གཅིག་གི་མཐུན་རྐྱེན་ཡོད་འདུག

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་ཚེ་བརྟན་རྣམ་རྒྱལ།   ༡༩༩༡།༥།༢༠ ནས་ ༡༩༩༤།༣།༢

༢། སྨན་པ་ཀརྨ་སྒྲོལ་མ། ༡༩༩༤།༢།༢༨ ནས་ ༢༠༠༠།༦།༧

༣། སྨན་པ་བློ་བཟང་བཟོད་པ། ༢༠༠༠།༦།༡༥ ནས་ ༢༠༠༢།༤།༡༠

༤། སྨན་པ་ནོར་བུ་ཚེ་རིང་། ༢༠༠༢།༤།༡༥ ནས་ ༢༠༠༢།༡༢།༢༡

(འདིའི་བར་དུ་སྨན་པ་ཞིག་ཡོད་དགོས་ཀྱང་སུ་ཡིན་གྱི་ཡིག་ཆ་མ་རྙེད།)

༥། སྨན་པ་ནོར་བུ་ཚེ་རིང་། ༢༠༠༣།༨།༡ ནས་ ༢༠༠༣།༡༠།༡༥

༦། སྨན་པ་ཚེ་རིང་དོན་གྲུབ། ༢༠༠༣།༡༡།༥ ནས་ ༢༠༠༤།༩།༢༠

༧། སྨན་པ་བློ་བཟང་ཆོས་འབྱོར། ༢༠༠༤།༩།༢༥ ནས་ ༢༠༠༩།༤།༣

༨། སྨན་པ་བསོད་ནམས་རྡོ་རྗེ། ༢༠༠༩།༥།༡༥ ནས་ ༢༠༡༡།༢།༡༩

༩། སྨན་པ་ཀུན་བཟང་སྒྲོལ་མ། ༢༠༡༡།༤།༡༠ ནས་གནང་མུས།

   

བེངྒ་ལོར་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

བེངྒ་ལོར་ཡན་ལག་སྨན་ཁང་ནི་བེངྒ་ལོར་བཅའ་བཞུགས་རྒྱ་གར་བ་སྐུ་ཞབས་བྷ་ག་རི་ཡའི་དགེ་རྩ་ (Bagaria Education Trust) ནས་མཐུན་འགྱུར་གནང་བ་བཞིན་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༡༧ ཉིན་གསར་འཛུགས་བྱས་པ་ཞིག་ཡིན། རྒྱ་གར་ལྷོ་ཕྱོགས་ཀྱི་ཀཱརནཱ་ཊ་ཀའི་རྒྱལ་ས་བེངྒ་ལོར་ནི་རྒྱ་གར་གྱི་གསར་དུ་ཆགས་པའི་གྲོང་ཁྱེར་གྲས་ཤིག་ཡིན་ཞིང༌། མཁའ་རླུང་གཙང་ཞིང་མཐོ་ཚད་རྒྱ་མཚོའི་ངོས་ལས་ཕེ་ཁྲི་སུམ་སྟོང་ཙམ་ཡིན་པས་དུས་བཞིར་གནམ་གཤིས་ཀྱི་དྲོ་གྲང་སྙོམས་པར་བརྟེན། མཐོ་རིམ་ཤེས་ཡོན་སློབ་གསོའི་ལྟེ་གནས་ཀྱི་གཙུག་ལག་སློབ་གཉེར་ཁང་ཁག་དང༌། དེང་རབས་གློག་འཕྲུལ་གྱི་ཤེས་ཡོན་སློབ་གསོ་དང་བཟོ་ཚོང་སྡེ་ཁག་སོགས་བགྲང་ལས་འདས་པ་ཡོད་ལ།

གྲོང་ཁྱེར་གྱི་བཟོ་བཀོད་ཡིད་དུ་འོང་བ་དང་འཆར་གཞི་ལྡན་ལ་ཡར་རྒྱས་ཀྱི་ལང་ཚོའི་དཔལ་འབར་བའི་གྲོང་ཁྱེར་ཞིག་ཡིན་པ་དང༌། མི་འབོར་ས་ཡ་ལྔ་དང་ཕྱེད་ཙམ་ཡོད་པ་དང་སྐད་རིགས་ཀྱང་ཀཱརནཱ་ཊ་དང༌། ཨིིན་ཇི། ཧིན་དྷུ། ཏེེ་ལི་གུ། ཏ་མིལ་སོགས་བེད་སྤྱོད་བྱེད་བཞིན་ཡོད་པ་རེད། རྒྱ་གར་ནང་ཁུལ་ཙམ་དུ་མ་ཟད་ཕྱི་རྒྱལ་ཁག་ནས་ཀྱང་ཐད་ཀར་གནམ་ཐོག་ནས་འཕུར་སྐྱོད་ཀྱི་མཐུན་རྐྱེན་གནམ་ཐང་སོགས་ཡངས་ཤིང་རྒྱ་ཆེ་བ་ཡོད་པ་སོགས་འགྲུལ་བཞུད་ཀྱི་ས་ཚིགས་གལ་ཆེན་ཞིག་ཀྱང་ཡིན་པ་རེད། གྲོང་ཁྱེར་འདིའི་ནང་ལྷོ་གཞིས་ཁག་གི་སྤྱི་ཁྱབ་ལྷོ་སྤྱིའི་ལས་ཁུངས་ཡོད་པ་མ་ཟད། བོད་རིགས་མཐོ་སློབ་ཉལ་ཁང་དང་བོད་མིའི་ཟ་ཁང་དང་ཚོང་ཁང་ཁག་ཅིག་དང་།  དགུན་ཚོང་རྒྱག་མཁན་བཅས་ཡོད་ལ། འདིའི་ཉེ་མཁྲིས་སུ་ཏཱ་ལའི་བླ་མ་གཙུག་ལག་སློབ་གཉེར་ཁང་གསར་རྒྱགས་ལེགས་གྲུབ་ཟིན་ནས་ལོ་ཤས་ལས་ཕྱིན་མེད།

༢༽ འཕེལ་རིམ་ལོ་རྒྱུས།

སྦེང་ལོར་གྲོང་ཁྱེར་དུ་དེ་སྔོན་སྦེལ་ཀོབ་ཡན་ལག་སྨན་ཁང་ནས་འཆར་ཅན་ཟླ་རེ་བཞིན་བེངྒ་ལོར་དུ་ཡོད་པའི་ལྷོ་སྤྱིའི་ལས་ཁུངས་ཀྱི་ཁང་ཁུངས་གླ་གཡར་ཐོག་སྨན་བསྐོར་བྱེད་བཞིན་ཡོད་འདུག་ལ།

སྐབས་དེར་སྦེང་ལོར་བཅའ་བཞུགས་རྒྱ་གར་བ་བྷེ་ག་རི་ཡ་མཆོག (Bagaria) བོད་སྨན་ལ་བསྟེན་གཏུགས་བྱེད་པར་ཆེད་བཅར་གནང་བ་དང༌། ཁོང་ནས་བོད་སྨན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཕན་ནུས་ལ་ཡིད་ཆེས་སྐྱེས་ཏེ། གཏན་འཇགས་ཀྱི་ཡན་ལག་སྨན་ཁང་ཞིག་བྱུང་ཚེ་བེངྒ་ལོར་མི་དམངས་ལ་ཕན་ཐོགས་ཡོང་ངེས་སུ་དགོངས་ཏེ། སྨན་རྩིས་ཁང་ལ་འདི་ག་སྦེང་ལོར་གྲོང་ཁྱེར་དུ་ཡན་ལག་སྨན་ཁང་ཞིག་གསར་འཛུགས་ཐུབ་ཚེ་སྨན་ཁང་ཚུགས་ཡུལ་གྱི་ཁང་ཁུངས་དང་སྨན་ལས་པའི་སྡོད་ཤག་སོགས་ཁོ་བོས་སྦྱིན་བདག་ཞུ་རྒྱུ་སྙན་སེང་ཞུས་པར་སྨན་རྩིས་ཁང་གིས་ཞལ་བཞེས་གནང་བ་ལྟར། སྐུ་ཞབས་བྷ་གི་རེ་ཡ་ཁྱིམ་ཚང་ (Bagaria Education Trust) ནས་ཐོག་མར་ཚོད་བལྟའི་ཆེད་ལོ་གསུམ་རིང་སྨན་ཁང་ཚུགས་ཡུལ་ (291, 5th Main, 11th Cross, Mahalaxmi Lay-out) ཁང་ཁུངས་དང༌། སྨན་ལས་པའི་ལས་ཤག་བཅས་སྦྱིན་བདག་གནང་བ་དང་དེ་རྗེས་མི་དམངས་ལ་ཕན་ཐོགས་དང་སྨན་ཁང་ལམ་ལྷོངས་བྱུང་ཚེ་མུ་མཐུད་ཁང་ཁུངས་མཐུན་འགྱུར་གནང་རྒྱུར་གྲོས་མཐུན་བྱུང་བ་ལྟར། དབུས་སྨན་རྩིས་ཁང་གིས་བྷེལ་ཀོབ་ནས་སྨན་པ་རྡོ་རྗེ་རབ་བརྟན་ཆེད་གཏོང་གནང་སྟེ་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་༡༧ ཉིན་ཡན་ལག་སྨན་ཁང་དངོས་སུ་དབུ་འབྱེད་བྱས་འདུག ཡན་ལག་སྨན་ཁང་ཚུགས་ནས་ལོ་ཤས་འགོར་བའི་དུས་ཡུན་ནང་བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་ཕན་ནུས་ལ་བརྟེན་ནས་ཕྱི་ལུགས་ཀྱི་བཅོས་དཀའ་བ་དང་བཅོས་ཐབས་མེད་པའི་གཅོང་ནད་རིགས་མང་པོ་ཞིག་ལ་ཕན་ནུས་མངོན་གསལ་ཐོན་པ་དང༌། བསྟེན་གཏུགས་བྱེད་མཁན་གྱི་ནད་པ་ཡང་བེངྒང་ལོར་གྲོང་ཁྱེར་ཙམ་མ་ཡིན་པར་ཉེ་འཁོར་གྱི་གྲོང་ཁྱེར་དང༌། མངའ་སྡེ་ཁག་ནས་རིམ་གྱིས་ཡོང་མགོ་ཚུགས་པ་སོགས་ནད་ཀྱིས་མནར་བའི་རྒྱ་ཆེ་མང་ཚོགས་ལ་ཕན་རླབས་ཆེན་པོ་བྱུང་བར་བརྟེན། སྐུ་ཞབས་བྷ་ག་རི་ཡའི་དགེ་རྩ་ (Bagaria Education Trust) ས་སྨན་རྩིས་ཁང་གི་ཆེད་ད་ཡོད་ཁང་ཁུངས་(295, 5th Main, 11th Cross, Mahalaxmi Lay-out) ཐོག་ས་གསུམ་ཅན་སྨན་ཁང་གསར་རྒྱག་གིས་ཕྱི་ལོ་ ༡༩༩༥ ཟླ་ ༡༡ ཚེས་ ༡༤ ཉིན་སྨན་ཁང་གསར་པའི་ནང་སྤོ་བཤུད་གནང༌། བསྟེན་གཏུགས་བྱེད་མཁན་གྱི་ནད་པ་མང་དུ་ཕྱིན་པས་དབུས་སྨན་རྩིས་ཁང་ནས་སྨན་ལས་པ་འཕར་མ་ཆེད་གཏོང་བྱ་དགོས་བྱུང་བའི་དབང་གིས་སྔར་ཡོད་ཁང་ཁུངས་སྟེང་སྨན་ཁང་གི་ཉེ་མཁྲིས་སུ་ཁང་ཁུངས་གསར་བ་གླ་གཡར་བྱ་དགོས་རིགས་ཀྱིས་ཁང་གླ་ཡང་སྦྱིན་བདག་ནས་ནར་གཏོང་གནང་ཞིང་།  སྨན་ཁང་འདི་ས་ཁང་རང་བདག་མིན་ཀྱང་ཇི་སྲིད་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཕྱིར་བསྡུ་མ་བྱས་པ་དེ་སྲིད་དུ་བེད་སྤྱོད་བྱེད་ཆོག་པ་ཡིན།  

བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་བླ་ན་མ་མཆིས་པ་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཕྱོགས་ཁུལ་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་དང་སྟབས་བསྟུན། སྦྱིན་བདག་བྷ་ག་རི་ཡ་དང་ཡན་ལག་སྨན་ཁང་ཐུན་མོང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཕྱི་ལོ་ ༡༩༩༧ ཟླ་ ༡༢ ཚེས་ ༢༥ ཉིན་ྋགོས་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྨན་ཁང་དུ་ཆིབས་ཞལ་བསྒྱུར་ཏེ་སྨན་ཁང་ཡོངས་ལ་གཟིགས་སྐོར་དང་སྨན་ཁང་གི་གནས་སྟངས་བཀའ་འདྲི་གནང་བ་དང་སྨན་ཁང་ལ་རབ་གནས་བྱིན་རླབས་ཀྱི་བཀའ་དྲིན་བསྩལ་གནང་འདུག ཡན་ལག་སྨན་ཁང་འདི་ནས་མ་རྡ་རཱ་སི་གྲོང་ཁྱེར་དང༌། ཧེདྲབཱད་བཅས་ལ་ཟླ་རེ་བཞིན་འཆར་ཅན་སྨན་བསྐོར་དུ་བསྐྱོད་བཞིན་ཡོད། ཕྱི་ལོ་ ༢༠༠༠ ཡས་མས་སུ་ཡན་ལག་འདིར་དབུགས་བསགས་དང་རྩ་གྲུམ། ཕོ་རླུང༌། གཅིན་སྙི། ཁྲག་ཤེད། ཕོ་ནད་སོགས་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་ཉིན་རེར་ཆ་སྙོམས་བརྒྱ་དང་བཅུ་ཙམ་སླེབས་བཞིན་ཡོད་པ་ལས་བརྒྱ་ཆ་དགུ་ཅུ་གོ་ལྔ་ཙམ་ནི་རྒྱ་གར་བ་གཙོས་པའི་ཕྱིའི་མི་རིགས་ཡིན་པ་རེད།

༣༽ ད་ལྟའི་གནས་སྟངས།

ད་ལྟའི་ཆར་སྨན་ཁང་འདིར་སྨན་པ་གསུམ་དང་སྨན་སྤྲོད་དང་རྩིས་པ་སོགས་ལས་བྱེད་བདུན། གླ་པ་གཅིག་བཅས་ཁྱོན་བསྡོམས་སྨན་ལས་བཅུ་གཅིག་ཡོད། ཉིན་རེར་ནད་པ་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་གྲངས་ ༥༤ ལྷ་ཙམ་ཡོད་ལ། ནད་པ་མང་ཆེ་ཤོས་རྒྱ་གར་བ་ཡིན་འདུག སྨན་ཁང་འདིར་སྨན་ལས་རྣམས་ལ་ལས་ཤག་དང་། སྤྱི་ཐབ། སྤྱི་སྤྱོད་རླངས་འཁོར། སྦག་སྦག་གཅིག་བཅས་ཡོད་འདུག།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་རྡོ་རྗེ་རབ་བརྟན། ༡༩༩༡།༦།༡༧ ནས་ ༢༠༠༨།༡།༡

༢། སྨན་པ་བསྟན་འཛིན་ཚེ་འཕེལ། ༢༠༠༨།༡།༡ ནས་ ༢༠༠༨།༩།༣༠

༣། སྨན་པ་པ་སངས་དོན་གྲུབ། ༢༠༠༨།༡༠།༢༥ ནས་ ༢༠༡༠།༥།༧

༤། སྨན་པ་རྡོ་རྗེ་རབ་བརྟན། ༢༠༡༠།༥།༡༥ ནས་གནང་མུས།

 

ཅ་སྤེལ་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

ཅ་སྤེལ་ཡན་ལག་སྨན་ཁང་ནི་ཕྱི་ལོ་ ༡༩༩༢ ཟླ་ ༦ ཚེས་ ༦ ཉིན་གསར་འཛུགས་བསྐྱངས་པ་ཞིག་ཡིན། ས་གནས་ཅ་སྤེལ་ནི་བལ་ཡུལ་དཔལ་ལྔ་ལྡན་རྒྱལ་ཁབ་ཀྱི་རྒྱལ་ས་ཀཐ་མན་ཀྲུའི་དཀྱིལ་དབུས་སུ་ཆགས་ཡོད་ཅིང་། ཀཐ་མན་ཀྲུ་ནི་དཔལ་ལྔ་ལྡན་རྒྱལ་བོ་རིམ་གྱི་རྒྱལ་ས་ཡིན་པས་བརྗིད་རྔམ་ལྡན་ཞིང་ཡིད་དབང་འཕྲོག་པའི་ཕོ་བྲང་གིས་མཚོན་པའི་གནའ་ཤུལ་གྲགས་ཅན་དང་།  ནང་པ། ཧིན་དྷི། ཁ་ཆེ་ཆོས་ལུགས་སོགས་ཀྱི་གནས་ཆེན་དང་དགོན་ཆེན་ཁག བལ་ཡུལ་དམངས་གཙོ་གཞུང་གི་དབུས་འཛིན་སྐྱོང་ལས་ཁུངས་ཁག་དང་། ཕྱིའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ལས་ཁུངས་ཁག སྤྱི་སྒེར་བཟོ་ཚོང་སྡེ་ཚན་ཁག་དང་། སྐུ་དྲག་མི་དྲག་ཁག་གི་གཟིམ་ཤག་སོགས་བགྲང་ལས་འདས་ཤིང་ཕྱིའི་བཀོད་པས་རྣམ་པར་བརྒྱན་པའི་བྱིན་ལྡན་གྱི་གྲོང་ཁྱེར་འདིར་བལ་བོའི་མི་རིགས་སྣ་ཚོགས་དང་། རྒྱ་གར། བོད་པ་སོགས་ཧ་ལམ་མི་གྲངས་བཞི་འབུམ་ཙམ་གཏན་སྡོད་བྱེད་བཞིན་ཡོད་པས། སྐད་རིགས་མང་པོ་ཡོད་ཀྱང་།

ནེ་པ་ལེའི་སྐད་དང་ཨིན་སྐད་ནི་གཞུང་འབྲེལ་གྱི་སྐད་ཡིག་ལ་གཏན་འབེབས་བྱས་ཡོད་ཅིང་། རྒྱལ་ཁབ་འདི་ནི་སྔར་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་བལ་བཟའ་བཙན་པོའི་བཙུན་མོར་བཞེས་པ་དང་།  ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཆ་ནས་ཞི་དྲག་གི་འབྲེལ་འདྲེས་ཤུགས་ཆེར་བྱུང་ཡོད་པ་སྔོན་བྱོན་མཁས་པའི་ལོ་རྒྱུས་དེབ་ཐེར་དག་ཏུ་གསལ་བས་འདིར་མི་སྤྲོ། ཕྱིས་སུ་རྒྱལ་ཁབ་འདི་རྒྱ་གར་ནག་གཉིས་ཀྱིས་གཙོས་ཕྱིའི་རྒྱལ་ཁབ་ཁག་གི་བདེ་སྲུང་རོགས་སྐྱོར་འོག་ཡོད་པའི་ཨེ་ཤ་ཡའི་ནང་གི་རྒྱལ་ཕྲན་གྱི་གྲས་ཤིག་ཡིན་ལ། རྒྱལ་རྒྱུད་ཀྱི་ཕྲེང་རབས་བཅུ་བཞི་བར་དུ་ཆོས་སྲིད་གཉིས་ལྡན་གྱི་རྒྱལ་ཁབ་ཀྱི་ངོ་བོར་གནས་ཡོད་པ་མ་ཟད་རྒྱལ་པོ་རིམ་བྱོན་རྣམས་ཧིན་དྷུའི་ཆོས་ལུགས་བྱེད་པོ་རྣམས་ཀྱིས་དབང་ཕྱུག་གི་སྤྲུལ་བར་ངོས་འཛིན་གྱིས་གུས་བརྩི་ཆེན་པོ་བྱེད་བཞིན་ཡོད་ནའང་།  ཕྱི་ལོ་ ༢༠༠༡ ལོར་རྒྱལ་རབས་བཅུ་བཞི་བ་བྷི་ལེན་དྷ་རཱ་ནང་མི་དང་བཅས་པ་ལྐོག་གསོད་ཀྱི་དོན་རྐྱེན་བྱུང་བ་ནས་སྔར་སྲོལ་རྒྱལ་རྒྱུད་མགོ་རྟིང་སློག་མགོ་ཚུགས་ཏེ་དུས་ཡིན་གང་འཚམས་རིང་ནང་ཁུལ་འཐབ་རྩོད་ཁོ་ནས་འདས་པའི་གནས་ཚུལ་བྱུང་བ་ལ་བརྟེན་ནས་ཁུལ་དེར་སྡོད་པའི་བོད་མི་ཚོ་ལའང་རྒྱལ་པོའི་ཁྲི་མ་བདེ་ན་སྤོང་བའི་ཉལ་ས་མི་བདེ་ཞེས་པའི་དཔེ་ལྟར་དཀའ་ངལ་གང་མང་འཕྲད་མྱོང་། ལྷག་པར་རྒྱ་དམར་སྲིད་གཞུང་གིས་གནོད་ཤུགས་ལ་བརྟེན་གཉུག་མར་གནས་སྡོད་བོད་མི་སྐྱབས་བཅོལ་བ་ཚོ་དང་གཉེན་འཕྲད་དུ་འགྲོ་འོང་བྱེད་མཁན་རྣམས་ལ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་བཞིན་པ་མ་ཟད། བོད་མིའི་རྩ་དོན་དང་འབྲེལ་ལས་འགུལ་རིགས་ལ་དེ་བས་དཀའ་ངལ་འཕྲད་མུས་ཡིན། སྤྱིར་གནས་དེ་ནི་སྟོན་དཔྱིད་དུས་སུ་སྨུག་པའི་ལྡང་ཚད་ཅུང་ཆེ་བ་ལས་གཞན་དུས་བཞིར་ཚ་གྲང་སྙོམས་པས་འཛམ་གླིང་ཕྱོགས་ཀུན་གྱི་ཡུལ་སྐོར་སྤྲོ་འཆམ་པ་འདུས་ཡུལ་གལ་ཆེན་ཞིག་ཀྱང་ཡིན།

༢༽ འཕེལ་རིམ།

དེ་ཡང་ཕྱི་ལོ་ ༡༩༩༢ ལོར་སྨན་རྩིས་ཁང་གི་འགན་འཁྲི་མི་སྣ་དང་།  བལ་ཡུལ་དོན་གཅོད་སོགས་མཉམ་རུབ་ཀྱིས་ས་ཁང་ཐབས་འཚོལ་བྱས་པ་བརྒྱུད་ཁང་བདག་སྐུ་ཞབས་ལཀ་ཤཱ་མཎ་པར་སཱཏ་ཤྲིས་ཐཱའི་ Mr. laxman Prasad Sherstha ས་ཆ་དང་ཐོག་རྩེག་ཅན་གྱི་ཁང་པ་རང་འགྲིག་གཉིས་ཡོད་པ་དེར་བལ་སྒོར་འབུམ་བདུན་ཅུ་སྤྲད་དེ་བལ་ཡུལ་གྱི་ཁྲིམས་མཐུན་ས་ཁང་ཉོ་ཚོང་འགྲོ་ལུགས་ལྟར། བལ་བོའི་མི་སེར་གྱི་ལག་འཁྱེར་ཡོད་པ་སྐབས་དེའི་སྨན་རྩིས་ཁང་གི་སྨན་པ་བློ་བཟང་བསྟན་པ་ལགས་དང་། རྒྱ་ཆུང་བསོད་ནམས་བདེ་སྐྱིད་ལགས་གཉིས་ཀྱི་མིང་ཐོག་སྤུས་གཟིགས་ཞུས་ཏེ་ས་ཁང་རང་བདག་ཅན་དུ་བསྒྱུར་བ་དང་། སྨན་ཁང་སྒོ་འབྱེད་ཀྱིས་བལ་ཡུལ་རང་གི་རིགས་སོ་སོའི་མི་དམངས་གཙོས་པའི་འགྲོ་བ་ནད་པ་རྣམས་ལ་ཕན་ཐོགས་ཇི་ཆེ་འབྱུང་བཞིན་པ་དེ་ལྟར་ཡང་།  བལ་ཡུལ་གཞུང་གི་ཁྲིམས་ལུགས་དང་སྲིད་བྱུས་འགྲོ་སྟངས་ཆ་ནས་བལ་ཡུལ་གྱི་མི་སེར་མ་ཡིན་པ་དང་གཞུང་འབྲེལ་དེབ་སྐྱེལ་མེད་པའི་བཟོ་ཚོང་དང་། དགེ་རྩ། ཁེ་ལས་སྡེ་ཚན་གང་ཡིན་རུང་བལ་ཡུལ་ས་ཐོག་ཏུ་འཛུགས་གཉེར་བྱེད་ཆོག་གྱི་མེད་པར་བརྟེན།

ཕྱི་ལོ་ ༡༩༩༥ ལོའི་ཟླ་ ༦ ཚེས་ ༢༣ ཉིན་བླ་མ་ཐུབ་བསྟན་དཔལ་འབྱོར། ཤར་པ་ཀུན་བཟང་། སྒྲོལ་དཀར་ཚེ་རིང་། དབང་འདུས་ཚུལ་ཁྲིམས་བཅས་ཚོགས་མི་བདུན་ཡོད་པའི་གངས་ལྗོངས་སྨན་དང་རྩིས་ཀྱི་ཚོགས་པ་ Kailash Medical & Astro Society ངོ་བོའི་ཐོག་བལ་ཡུལ་ཁུལ་དུ་ཡོད་པའི་ཡན་ལག་ཡོངས་རྫོགས་ཁྲིམས་མཐུན་དེབ་སྐྱེལ་བྱེད་དགོས་བྱུང་།  ༼ཆཱ་ཏ་པ་ཌི་ཡན་ལག་དང་།  སྤོག་ར་བཀྲ་ཤིས་དཔལ་འཁྱིལ་ཡན་ལག བྱམས་པ་གླིང་ཡན་ལག་བཅས་དགོས་དབང་གིས་ཕྱིའི་ངོ་བོར་ཅ་སྤེལ་གྱི་ཡན་ལག་ལྟ་བུར་སྟོན་བྱེད་རྣམ་པ་ཙམ་ལས་དོན་དངོས་སུ་རང་གཞུང་སྨན་རྩིས་ཁང་གི་ཡན་ལག་གཞན་རྣམས་དང་སྤྱི་མཚུངས་དབུས་སྨན་རྩིས་ཁང་ནས་ཐད་ཀར་འཛིན་སྐྱོང་བྱེད་བཞིན་ཡོད་པ་རེད།༽ ཕྱི་ལོ་ ༢༠༠༠ ལོར་མཆོད་རྟེན་བྱ་རུང་ཁ་ཤོར་ཉེ་འགྲམ་དུ་ཡོད་པའི་རང་གཞུང་བཟོ་གྲྭར་ཡན་ལག་སྨན་ཁང་ཞིག་སྒོ་འབྱེད་བྱས་པར་དེར་འགྲོ་བསྐྱོད་བདེ་བ་དང་། མི་འབོར་འདུ་ཚོགས་ཆེ་བ་སོགས་ཀྱིས་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་མང་དུ་ཕྱིན་པ་དང་ཆབས་ཅིག་ཡོང་འབབ་ཀྱང་ལྡབ་འགྱུར་གྱིས་ཇེ་མཐོར་སོང་བ་དང་། ཅ་སྤེལ་དེ་བཞིན་འགྲུལ་བཞུད་མི་བདེ་བ་དང་། བསྟེན་གཏུགས་བྱེད་མཁན་གྱི་ནད་པ་མང་པོ་ཡོང་མིན་སོགས་ཀྱི་དབང་གིས་ཕྱི་ལོ་ ༢༠༠༡ ནས་བཟུང་ཅ་སྤེལ་དེ་སྨན་པའི་ལས་ཤག་དང་ཡིག་ཚང་བཟོས་པ་དང་། མཆོད་རྟེན་ཉེ་འགྲམ་དུ་ཡོད་པའི་ཡན་ལག་དེ་སྐོར་སྐྱོད་བྱ་ཡུལ་ཙམ་མ་ཡིན་པར་གཏན་འཇགས་སྨན་ཁང་དུ་བསྒྱུར་བ་རེེད།  

བལ་ཡུལ་གྱི་ཡན་ལག་སྨན་ཁང་ཁག་ལ་ས་མཚམས་ནས་སྨན་བཏོན་ཆོག་པའི་ཡིག་ཆ་བཟོ་བར་སྨན་པའི་དེབ་སྐྱེལ་དགོས་པ་བཞིན། ཡན་ལག་འགན་འཛིན་ཟུར་བ་སྨན་པ་ཚེ་རིང་ཆོས་སྐྱིད་ལགས་ནས་གང་སར་འབྲེལ་ལམ་ཞུས་ཏེ་སྨན་པའི་དེབ་སྐྱེལ་བལ་ཡུལ་གཞུང་ལ་ཞུས་ཏེ་ ༢༠༠༡ ནང་ Import licence  ཐོབ་པ་དང་། དབུས་ནས་དེ་དོན་གལ་ཆེར་གཟིགས་ཏེ་སྨན་པའི་དེབ་སྐྱེལ་བྱ་རྒྱུར་ཆ་རྐྱེན་ཡོད་པའི་སྨན་པ་བཀྲ་ཤིས་རྡོ་རྗེ་ ༢༠༠༣ ཟླ་ ༡ ཉིན་ཛ་དྲག་གིས་ཅ་སྤེལ་ཡན་ལག་སྨན་ཁང་དུ་བསྐོ་བཞག་གནང་སྟེ་ལས་འགན་མང་པོ་ཞིག་བསྒྲུབས་མོད། བལ་གཞུང་གིས་དབུས་སྨན་རྩིས་ཁང་དེ་བཞིན་རྒྱ་གར་གཞུང་གི་ངོས་འཛིན་དང་དེབ་སྐྱེལ་ཡོད་པའི་མཐོ་སློབ་ཅིག་གི་འོག་ཏུ་མི་འདུག་ཅེས་མཐོ་སློབ་ཁང་གི་ལག་འཁྱེར་ལ་ངོས་འཛིན་གནང་མེད། དེ་ལྟར་སྨན་པའི་དེབ་སྐྱེལ་མེད་ན་ས་མཚམས་ནས་སྨན་གཏོང་ཆོག་པའི་ཡིག་ཆ་སྤྲོད་ཀྱི་མིན་ཞེས་ Drugs སྦྲགས་ལས་ཁུངས་ནས་ཡིག་ཐོག་སྤྲད་སྟབས་ས་མཚམས་ནས་སྨན་དབོར་འདྲེན་བྱེད་པར་དཀའ་ངལ་སྣ་ཚོགས་ཕྲད་དང་འཕྲད་བཞིན་ཡོད་པས་བལ་ཡུལ་གངས་ལྗོངས་ཚོགས་པའི་མིང་ཐོག་མིང་བསྒྱུར་བྱ་རྒྱུར་འབད་བརྩོན་ཞུས་འདུག གཞན་ཡང་བལ་ཡུལ་ནང་སྨན་ཁང་སྒོ་དབྱེ་ཆོག་རྒྱུ་དང་སྨན་པའི་དེབ་སྐྱེལ་ཞུ་རྒྱུ་གཉིས་པོ་དབུས་ནས་གལ་ཆེན་དུ་བརྩིས་ཏེ་སྨན་རམས་པ་ཟླ་བ་ལགས་དྲུང་ཆེ་ཡིན་སྐབས་ནས་ཅ་སྤེལ་ཡན་ལག་གི་འགན་འཛིན་ལ་ཡང་ཡང་བསྐུལ་མ་གནང་བ་བཞིན། ཕྱི་ལོ་ ༢༠༠༦ ཟླ་ ༦ པའི་ནང་མཆོད་རྟེན་ས་གནས་འགན་འཛིན་བུ་དོན་གྲུབ་ལགས་ནས་ཕྱག་རོགས་གནང་སྟེ་སྨན་ཁང་ཕྱེ་ཆོག་པ་དང་།  ཚོང་བསྒྱུར་ཆོག་པའི་ཆོག་མཆན་ཡིག་ཆ་བལ་ཡུལ་རྫོང་དཔོན་ལས་ཁུངས་ནས་ཐོབ་སྟབས་དེས་སྨན་རྩིས་ཁང་བལ་ཡུལ་ནང་བརྟན་གནས་ཐུབ་པར་དགེ་ཕན་གང་ལེགས་བྱུང་སྟེ་གནས་སྟངས་གང་ཅིའི་ཐད་ཡར་རྒྱས་ཕྱོགས་སུ་སྐྱོད་ཀྱི་ཡོད།

སྨན་ཁང་འདིས་ལོ་ལྟར་གངས་ཅན་སྨན་དང་རྩིས་ཀྱི་ཚོགས་པའི་ཁོངས་གཏོགས་ཡོད་པའི་སྨན་ཁང་ ༼ཆཱ་ཏ་པ་ཌི། སྤོག་ར་བཀྲ་ཤིས་དཔལ་འཁྱིལ། བྱམས་པ་གླིང་།༽ ཁག་གི་རྒྱུ་གྲོན་རྩིས་ཁྲ་ཁམས་གཙང་བདག་གཉེར་དང་།  བལ་གཞུང་རྩིས་ཞིབ་ལས་ཁུངས་སུ་འབུལ་རྒྱུའི་རྩིས་ཁྲ་ཁག་རྩིས་ཁྲིམས་གཞིར་བཟུང་བཟོ་འགོད་བྱེད་རྒྱུ། སྨན་ཁང་དེ་དག་གི་ཡོང་འབབ་ནས་འགྲོ་གྲོན་ཟ་འཐེན་བྱས་པའི་དངུལ་ལྷག་མཛོད་གཉེར་ Nepal treasurer A/c ནས་རྩིས་ལེན་གྱིས་དབུས་སྨན་རྩིས་ཁང་གི་བཀའ་འབྲེལ་ལྟར་དངུལ་བརྗེ་བོ་རྒྱག་རྒྱུ་དང་།  བོད་དང་བལ་བོད་ས་མཚམས་ནས་ཐོན་བཞིན་པའི་སྨན་རྒྱུ་སྤུས་གཟིགས་གནང་བཞིན་པ་རེད། ནད་པར་བརྟག་དཔྱད་བྱས་པ་བརྒྱུད་ས་གནས་འདིར་ནད་གཞི་མང་ཤོས་ལྔ་ནི་ཕོ་བ་སྨུག་པོ་དང་། དྲེག་གྲུམ། རྩ་དཀར། མཁྲིས་པ། མཁལ་གྲང་སོགས་ཡིན་པ་རེད།

༣༽ ད་ལྟའི་གནས་སྟངས།

ད་ལྟའི་ཆར་སྨན་ཁང་འདིར་སྨན་རྩིས་ཁང་གི་སྨན་པ་གཉིས་དང་།   སྨན་སྤྲོད་དང་རྩིས་པ་སོགས་ལས་བྱེད་དྲུག གླ་པ་གཅིག་བཅས་ཁྱོན་བསྡོམས་སྨན་ལས་གྲངས་དགུ་ཡོད། སྔར་རྒྱུན་བཞིན་བོད་ཀྱི་ས་མཚམས་སྦག་ཁང་དང་ར་སུ་ཝ་ལ་སོགས་སུ་སྨན་སྐོར་ལ་འགྲོ་བཞིན་ཡིན་ལ། ས་གནས་སུ་རྒྱུན་དུ་བསྟེན་གཏུག་བྱེད་མཁན་ནད་པ་ཉིན་རེར་ཆ་སྙོམས་བྱས་ན་ས་གནས་ཀྱི་ཡུལ་མི་དང་བོད་མི། ཕྱི་རྒྱལ་བ་བཅས་ཁྱོན་བསྡོམས་ནད་པ་གྲངས་ ༣༦ ལྷག་ཡོང་བཞིན་ཡོད། སྨན་ལས་རྣམས་ལ་ལས་ཤག་དང་།  སྤྱི་ཐབ།  སྤྱི་སྤྱོད་རླངས་འཁོར་གཅིག སྦག་སྦག་གཅིག་བཅས་ཡོད། ད་ལྟའི་ཆར་ཡང་སྔར་བཞིན་སྨན་ཁང་འདིས་དབུས་སུ་སྨན་རྒྱུ་མཁོ་སྒྲུབ་གནང་བཞིན་ཡོད།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་ཚེ་རིང་ཆོས་སྐྱིད། ༡༩༩༢།༦།༦ ནས་ ༢༠༠༣།༥།༡ བར།

༢། ཀུན་དགའ་དབང་འདུས།  ༢༠༠༣།༥།༡ ནས་ ༢༠༠༣།༡༡།༡ བར།

༣། པ་སངས་སྒྲོལ་དཀར། ༢༠༠༣།༡༠།༢༥ ནས་ ༢༠༠༥།༡༢།༡༠ བར།

༤། སྨན་པ་བདེ་སྐྱིད་དབྱངས་འཛོམས། ༢༠༠༥།༡༢།༡༥ ནས་ ༢༠༡༠།༡།༡

༥། སྨན་པ་འཇམ་དབྱངས་བཀྲ་ཤིས། ༢༠༡༠།༡།༡༠ ནས་ ༢༠༡༠།༡༢།༡༨

༦། སྨན་པ་བསྟན་འཛིན་རྣལ་འབྱོར། ༢༠༡༠།༡༢།༢༥ ནས་གནང་མུས།

   

ས་ལུ་སྒ་ར་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

ཡན་ལག་སྨན་ཁང་འདི་ནི་ས་ལུ་སྒར་དུ་ཡོད་པའི་ཧི་མ་ལ་ཡའི་ཆོས་ཚོགས་དང་། ས་གནས་བོད་རིགས་གཞོན་ནུ་ལྷན་ཚོགས་སོགས་ཀྱིས་རེ་སྐུལ་མཐའ་ནན་ཞུས་པ་བཞིན་ཕྱི་ལོ་ ༡༩༩༣ ལོའི་ཟླ་ ༥ ཚེས ༡༠ ཉིན་གསར་འཛུགས་བྱས་པ་ཞིག་ཡིན། ཆགས་ཡུལ་ས་ལུ་སྒ་ར་ནི་རྒྱ་གར་གྱི་ནུབ་ཕྱོགས་བངྒལ་མངའ་སྡེའི་སི་ལི་གུ་རིའི་གྲོང་ཁྱེར་ནས་ནུབ་ཕྱོགས་སུ་ཀི་ལོ་མི་ཊར་བརྒྱད་ཙམ་གྱི་སར་འཇལ་བ་ཡི་སྒུ་རིའི་ Jalpaiguri རྫོང་ཁོངས་ཧི་མ་ལ་ཡའི་རི་རྒྱུད་དང་ཐང་གཤོང་འདྲེས་པའི་རི་ཐང་མཚམས་སུ་ཆགས་ཡོད་པས། གནམ་གཤིས་ཀྱང་ཚ་དྲོད་ཆེ་བའི་ཁོངས་སུ་གཏོགས་པ་ཡིན། ས་ཁུལ་འདི་ནི་རྒྱ་གར་དང་། འབྲུག་ཡུལ། བལ་ཡུལ། འབྲས་ལྗོངས་བཅས་ཀྱི་འགྲིམ་འགྲུལ་དང་ཚོང་ལས་ཀྱི་ལྟེ་བ་དེ་ཆགས་ཡོད་ལ། འདུས་སྡོད་བྱེད་མཁན་གྱི་མི་རིགས་ཀྱང་བངྒལ་ལི་དང་། བལ་བོ་འབྲུག་པ་སོགས་ཇལ་པཡི་གུ་རི་རྫོང་ཁོངས་སུ་ཧ་ལམ་མི་གྲངས་ས་ཡ་བཞི་དང་འབུམ་ལྔ་ཙམ་འདུས་སྡོད་བྱེད་བཞིན་ཡོད་པས་སྐད་རིགས་ཀྱང་བྷང་ག་ལི་དང་།  ཨིན་ཇི། ནེ་པཱ་ལི། ཧིན་དྷི་སོགས་བེད་སྤྱོད་བྱེད་བཞིན་ཡོད་པའི་ས་གནས་ཤིག་ཡིན། སྔར་ནས་བཀའ་རྒྱུད་པའི་དགོན་པ་བཀྲ་ཤིས་སྒོ་མང་དང་།  དགེ་ལྡན་པའི་དཔལ་ལྡན་སྲད་རྒྱུད་གྲྭ་ཚང་བཅས་ཡོད་པས་ས་གནས་མི་མང་ཆོས་དད་འདུན་མོས་སྐོང་བ་ལ་དགེ་མཚན་ལྡན་ཡོད་པ་བཅས་སོ།།

༢༽ འཕེལ་རིམ།

 ས་ལུ་སྒ་ར་ཡན་ལག་སྨན་ཁང་ནི་ས་གནས་ཧི་མ་ལ་ཡ་ནང་པའི་ཆོས་ཚོགས་དང་། ས་གནས་གཞོན་ནུ་ལྷན་ཚོགས་བཅས་ཀྱིས་བོད་གཞུང་སྨན་རྩིས་ཁང་ལ་ཀོལ་ཀ་ཊ་དང་གཅིག་མཚུངས་ས་ལུ་སྒ་ར་དུའང་ཡན་ལག་སྨན་ཁང་ཞིག་གསར་འཛུགས་ཡོང་བའི་རེ་སྐུལ་ཡང་ཡང་ཞུས་པ་དང་།  དེ་བཞིན་སྐབས་དེར་ཀ་རྡོར་ཁུལ་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་དམངས་སྤྱི་འཐུས་སྒྲོལ་དཀར་ལྷ་མོ་བརྒྱུད་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་སུའང་གླེང་སློང་བྱུང་བ་སོགས་རེ་སྐུལ་ཤུགས་ཆེར་གནང་བར། བོད་གཞུང་སྨན་རྩིས་ཁང་ནས་ཀྱང་སྨན་ཁང་འཛུགས་རྒྱུར་གཏན་འཁེལ་བྱུང་བ་ལྟར། ལ་དྭགས་ཨག་གླིང་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པ་ཐོགས་མེད་དཔལ་འབྱོར་ལགས་ཆེད་གཏོང་གནང་བ་དང་། ས་གནས་སུ་གནས་སྡོད་རང་རིགས་འབྱོར་ལྡན་པ་བྱམས་པ་ལགས་ཟེར་བ་ནས་སྨན་ཁང་ཚུགས་ཡུལ་གྱི་ཁང་ཁོངས་རིན་མེད་ཐོག་ལོ་གཅིག་རིང་མཐུན་འགྱུར་གནང་བ་དང་། རང་རིགས་ལྷག་བསམ་ལྡན་པ་བསོད་ནམས་ལྷུན་འགྲུབ་ལགས་ནས་སྨན་ལས་པའི་ལས་ཤག་རིན་མེད་ཐོག་ལོ་གཅིག་རིང་མཐུན་འགྱུར་གནང་བའི་ནང་སྨན་ཁང་སྒོ་འབྱེད་ཀྱིས་ནད་པར་བརྟག་དཔྱད་སྨན་བཅོས་བྱེད་མགོ་ཚུགས་པ་ནས་རིམ་གྱིས་བོད་སྨན་གྱི་སྙན་གྲགས་དེ་ས་ལུ་སྒར་ཙམ་དུ་མ་ཟད། བི་ཧར་དང་བལ་ཡུལ་སོགས་ས་ཁུལ་སྣ་ཚོགས་ནས་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་རིམ་གྱིས་ཇེ་མང་དུ་ཕྱིན་པར་བརྟེན། སྨན་རྩིས་ཁང་ནས་སྨན་ཁང་དང་བརྟག་དཔྱད་ཁང་སྔོན་ལས་རྒྱ་བསྐྱེད་དང་།  སྨན་ལས་པ་མང་དུ་གཏོང་དགོས་པར་གཟིགས་ཏེ་ས་ལུ་སྒ་ར་ཁྲོམ་གཞུང་དུ་གནས་སྤོས་བྱས་ནས་ལོ་བཞི་ཙམ་གྱི་རིང་ལ་ཁང་གླའི་སྟེང་གནས་འདུག

དེ་རྗེས་ཕྱི་ལོ་ ༡༩༩༨ ལོར་དེ་སྔ་ཕྱི་ལོ་ ༡༩༩༣ ལོར་ས་ལུ་སྒར་དུ་ས་ཆ་ཨེ་ཀར་གཅིག་དང་ཕྱེད་ལྷག་སྤུས་གཟིགས་ཞུས་ཀྱང་ས་ཆ་དེ་བཞིན་མངའ་སྡེའི་གཞུང་འབྲེལ་ས་ཁོངས་སུ་འཁེལ་ཡོད་སྟབས། དེའི་སྟེང་འཕྲལ་སེལ་སྨན་ཁང་དང་། སྨན་ལས་པའི་ལས་ཤག་བཅས་གསར་རྒྱག་གིས་གནས་སྤོས་བྱས་པ་དང་། དེ་ནས་རིམ་གྱིས་ས་ཆ་དེ་མངའ་སྡེ་གཞུང་ནས་བཀའ་འཁྲོལ་ཆོག་མཆན་ཡོང་རྒྱུར་དབུས་ས་གཉིས་ཀྱི་འབྲེལ་ཡོད་སྨན་ལས་རྣམས་ནས་ཕྱར་བ་གྲུ་འདེགས་ཀྱིས་འབྲེལ་ཡོད་ལས་ཁུངས་རིམ་པ་ཁག་ལ་འབྲེལ་གཏུགས་དང་། དགོས་ངེས་ཀྱི་རྒྱབ་རྟེན་ཡིག་ཆ་གསར་བཟོ། ས་གནས་མི་དམངས་དང་ནད་པ་རྣམས་ཀྱི་རྒྱབ་སྐྱོར་མཚན་རྟགས་བསྡུ་ལེན་སོགས་དཀའ་སྤྱད་འབད་བརྩོན་གནང་བའི་འབྲས་བུར། ཕྱི་ལོ་ ༢༠༠༡ ཟླ་ ༥ ཚེས་ ༤ ཉིན་ས་གནས་རྫོང་ལས་ཁུངས་དང་ཟླ་ ༡༢ ཚེས་ ༡༡ ཉིན་ཀ་ཏར་ཡོད་པའི་མངའ་སྡེ་ལས་ཁུངས་ནས་དགག་བྱ་མེད་པའི་བཀའ་འཁྲོལ་ཡིག་ཆ་རག་སོན་བྱུང་བ་མ་ཟད། ས་ཆ་ཡར་རྒྱས་དང་གྲོང་སྡེ་འཛུགས་སྐྲུན་ལས་ཁུངས་ནས་ཆོག་མཆན་ལག་འཁྱེར་ཀྱང་རེག་སོན་བྱུང་སྟེ་ས་ཁང་རང་བདག་ཅན་དུ་གྱུར་ཡོད།

ཕྱི་ལོ་ ༢༠༠༠ ཡས་མས་སུ་སྨན་ཁང་འདིར་ཉིན་རེར་ཆ་སྙོམས་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་བརྒྱ་ཡས་མས་སླེབས་བཞིན་པའི་ཁྲོད་དྲག་གྲུམ་དང་། ཕོ་མཆིན་སྨུག་པོ། དབུགས་བསགས། ཁྲག་རླུང་སྟོད་འཚངས། རྩ་དཀར་སོགས་ལུགས་གཞན་གྱིས་བཅོས་དཀའ་བའི་ནད་པ་བརྒྱ་ཆ་དགུ་བཅུ་གོ་ལྔ་ཙམ་ནི་རྒྱ་གར་དང་། འབྲུག་པ། བལ་བོའི་མི་རིགས་སོགས་ཕྱིའི་མི་རིགས་ཡིན་པ་འདིས། བོད་ཀྱི་རིག་གཞུང་སྤྱི་དང་ཡང་སྒོས་བོད་ཀྱི་གསོ་བ་རིག་པའི་མཚན་ལར་དགུང་དུ་འདེགས་པར་མཛད་རྗེས་རླབས་པོ་ཞིག་འཇོག་གནང་མཛད་འདུག་པ་དང་ཆབས་ཅིག་རང་རེའི་བསྒྲུབ་བྱའི་རྩ་དོན་ལ་སྨན་པའི་ནུས་ཤུགས་ཀྱང་མི་དམན་པ་ཞིག་འདོན་སྤེལ་བྱེད་ཐུབ་པ་བྱུང་ཡོད།

༣༽ ད་ལྟའི་གནས་སྟངས།

ད་ལྟའི་ཆར་སྨན་ཁང་འདིར་སྨན་པ་གསུམ་དང་། སྨན་སྤྲོད་རྩིས་པ་སོགས་ལས་བྱེད་དྲུག གླ་པ་གཉིས་བཅས་ཁྱོན་བསྡོམས་སྨན་ལས་གྲངས་བཅུ་གཅིག་ཡོད། ཉིན་རེར་བསྟེན་གཏུགས་བྱེད་མཁན་རྒྱ་གར་བ་དང་བོད་པ་གྲངས་ ༣༨ ཡོད། སྨན་ཁང་འདིར་སྨན་ལས་རྣམས་ལ་སྤྱི་ཐབ་དང་།  སྤྱི་སྤྱོད་རླངས་འཁོར་བཅས་ཀྱི་མཐུན་རྐྱེན་ཡོད།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་ཐོག་མེད་དཔལ་འབྱོར། ༡༩༩༣།༥།༡༠ ནས་ ༡༩༩༣།༧།༡ བར།

༢། སྨན་པ་ཚེ་རིང་མཚོ་མོ། ༡༩༩༣།༧ ནས་ ༡༩༩༣།༡༢།༡༥ བར།

༣། སྨན་པ་པདྨ་རྡོ་རྗེ། ༡༩༩༣།༡༢།༣༠ ནས་ ༢༠༠༠།༧།༦ བར།

༤། སྨན་པ་རྡོ་རྗེ་ཚེ་བརྟན། ༢༠༠༠།༧།༧ ནས་ ༢༠༠༢།༦།༣༠ བར།

༥། སྨན་པ་བསྟན་འཛིན་ནོར་བུ། ༢༠༠༢།༧།༡ ནས་གནང་མུས།

   

ཤི་ལོང་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

སྨན་ཁང་འདི་ནི་དུས་ཡུན་རིང་བོའི་སྔོན་ནས་ས་གནས་བོད་མི་རྣམས་ཀྱིས་རེ་སྐུལ་གནང་དོན་ལྟར་ཕྱི་ལོ་ ༡༩༩༤ ཟླ་ ༨ ཚེས་ ༨ ཉིན་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་སྐུ་མགྲོན་གཙོ་བོར་གདན་ཞུ་དང་སྦྲགས་མཛད་སྒོ་གཟབ་རྒྱས་ངང་དབུ་འབྱེད་བྱས་འདུག ཤི་ལོང་ས་གནས་ནི་རྒྱ་གར་བྱང་ཤར་གྱི་མངའ་སྡེ་མེགྷཱ་ལཡའི་རྒྱལ་ས་ཡིན་ཞིང་། རྒྱ་མཚོའི་ངོས་ལས་མཐོ་ཚད་མི་ཊར་ ༡༤༩༦ ཡིན་པའི་རི་སྟེང་དུ་ཆགས་ཡོད་པར་བརྟེན་དུས་བཞིར་གནམ་གཤིས་བསིལ་དྲོད་སྙོམས་ཤིང་བརླན་གཤེར་ལྡན་ལ། འཛམ་གླིང་སྟེང་ཆར་པ་འབབ་ཚད་མང་ཤོས་སམ་ཤུགས་ཆེ་ཤོས་སུ་གྲགས་པའི་ཅེ་ར་པུནགི་དང་ཉེ་འབྲེལ་ཡིན་པའི་རྐྱེན་གྱིས་དུས་བཞིར་ཆར་ཆུ་འབེལ་བའི་ཡུལ་གྲུ་ཞིག་ཡིན་པ་མ་ཟད། དེང་དུས་རྫས་འཕྲུལ་གྱི་བཟོ་གྲྭ་མང་པོ་མེད་ཁར་མི་འབོར་ཉིས་འབུམ་ལྷག་ལས་མེད་པས་མཁའ་རླུང་གཙང་ཞིང་ཕྱིའི་བཀོད་པ་མཛེས་སྡུག་ཡིད་དུ་འོངས་པའི་གྲོང་ཁྱེར་ཞིག་ཡིན་པས་ཡུལ་སྐོར་སྤྲོ་འཁྱམ་པ་གང་མང་འགྲོ་ས་ཞིག་ཀྱང་ཡིན། ས་གནས་དེར་ཡུལ་མིའི་ཚོང་གཉེར་མང་པ་མ་ཟད། བོད་རིགས་ཚོང་གཉེར་བ་ཡང་གང་མང་ཡོད་པ་དང་། ས་གནས་དེར་དམིགས་བསལ་བོད་པའི་དགོན་པ་གྲྭ་ཚང་མེད་ཀྱང་བོད་རིགས་མང་ཚོགས་ཀྱི་དགོས་མཁོར་ཞབས་བརྟན་ཁང་ཞིག་ཡོད་པ་དེར་གདན་ས་གསུམ་ནས་རེ་མོས་ཀྱིས་ཁུལ་དེའི་མང་ཚོགས་ཀྱི་དགོས་འདུན་སྒྲུབ་བཞིན་ཡོད་ལ། རང་གཞུང་ཤེས་རིག་ཁྱབ་ཁོངས་སློབ་གྲྭ་འཛིན་རིམ་ལྔ་བར་དུ་ཡོད་པ་ཞིག་ཀྱང་ཡོད།

༢༽ འཕེལ་རིམ།

ཡན་ལག་སྨན་ཁང་འདི་ཐོག་མར་གསར་འཛུགས་བྱས་མ་ཐག་ནད་གཞི་རྙིང་བའི་རིགས་དང་། ལུགས་གཞན་གྱིས་ཕན་སྐྱེད་མ་བྱུང་བའི་ནད་རིགས་ཁག་ལ་ཕན་འབྲས་མངོན་གསལ་ཐོན་བཞིན་ཡོད་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་ཤུགས་ཆེ་བ་བྱུང་བ་དང་། རྒྱ་གར་བྱང་ཤར་གྱི་མངའ་སྡེ་དེ་དག་ནང་གནས་པའི་བོད་དང་། བོད་ཀྱི་ལོ་རྒྱུས། བོད་ཀྱི་གསོ་བ་རིག་པའི་ཁྱད་ཆོས་དང་ཕན་ཡོན་སོགས་རྣ་བའི་བུ་གར་ཐོས་མྱོང་མེད་པའི་མི་རིགས་རྣམས་ལ་མཚོན་ན་བོད་སྨན་ནི་ཆེས་གསང་བའམ། ཆེས་གསར་བྱུང་།  ཆེས་ཡ་མཚན་པའི་སྨན་བཅོས་ལུགས་སྲོལ་ཞིག་ཏུ་ངོས་འཛིན་གྱིས་འཚང་ཁ་ཤིག་ཤིག་གིས་ཡོང་མགོ་ཚུགས་པ་མ་ཟད། སྐབས་འགར་རྒྱང་ཐག་རིང་བོ་ནས་ཡོང་བའི་ནད་པ་རྣམས་སྨན་པར་བསྟེན་གཏུགས་བྱེད་མ་ཐུབ་པར་སྨན་ཁང་སྒོ་འགྲམ་དུ་ཞག་སྡོད་ཀྱིས་ཉིན་གཉིས་པར་བང་སྒྲིག་དགོས་པའི་གནས་ཚུལ་ཡང་ཐེངས་ཁ་ཤས་ལ་བྱུང་ཡོད་པ་རེད། སྨན་ཁང་ཚུགས་ནས་ལོ་གཅིག་ལྷག་གི་རིང་ལ་བསྟེན་གཏུགས་བྱེད་མཁན་ནད་པ་ཧ་ཅང་མང་བོ་བྱུང་སྟེ་ཐོག་མའི་སྨན་ལས་གསུམ་གྱི་སྟེང་སྨན་པ་དང་ལས་བྱེད་འཕར་མ་སྨན་ལས་པ་མི་གྲངས་དགུ་ལ་སྤར་དགོས་བྱུང་བ་དེ་དག་ལ་ལས་ཤག་གི་མ་འདང་བའི་དཀའ་ངལ་འཕྲད་དེ་ཕྱི་ལོ་ ༡༩༩༥ ལོར་སྨན་ཁང་གི་ཉེ་མཁྲིས་སུ་ཁང་ཁུངས་ད་ལྟའི་སྨན་ཁང་ཚུགས་ཡུལ་དེའི་ནང་གནས་སྤར་བྱས་པ་རེད། སྐབས་དེར་ཡན་ལག་སྨན་ཁང་དུ་བསྟེན་གཏུགས་བྱེད་མཁན་ནད་པ་ཧ་ཅང་མང་བའི་རྐྱེན་གྱིས་ས་གནས་བོད་མི་རྣམས་དང་། ལྷག་པར་སློབ་གྲྭའི་དགེ་ལས་ཀྱིས་མཚོན་པའི་ལས་བྱེད་རྣམས་ཀྱི་དུས་ཚོད་འཕྲོ་བརླག་ཏུ་མི་འགྲོ་བའི་ཆེད་སྐབས་དེར་དབུ་འཛིན་ཚེ་རིང་བཀྲ་ཤིས་མཆོག་ས་གནས་སུ་གཟིགས་སྐོར་ཕེབས་སྐབས་དང་སྟབས་བསྟུན། ས་གནས་རང་གཞུང་ཤེས་རིག་ལས་ཁུངས་ནས་འཛིན་སྐྱོང་བྱེད་བཞིན་པའི་སློབ་གྲྭ་དེར་ཡན་ལག་སྨན་ཁང་ཆུང་ཆུང་ཞིག་གསར་འཛུགས་ཡོང་བའི་རེ་སྐུལ་ཞུས་པར་དོན་སྨིན་བྱུང་སྟེ་ཕྱི་ལོ་ ༡༩༩༥ ཟླ་ ༡༢ ཚེས་ ༨ ཉིན་ནས་ཤེས་རིག་སློབ་གྲྭར་བཙུགས་ཀྱང་། རིང་པོར་མ་ཐོགས་པར་ལོ་གཅིག་ཙམ་གྱི་རྗེས་བསྟེན་གཏུགས་བྱེད་པའི་ནད་པ་མང་པོ་མེད་པ་སོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་དབང་གིས་སྒོ་བརྒྱབ་དགོས་པ་བྱུང་། དེ་ནས་རིམ་གྱིས་སྨན་པ་མང་པོ་བརྗེ་བསྒྱུར་བྱུང་བ་དང་།  ས་གནས་ལ་གནམ་གཤིས་བརླན་གཤེར་ཆེ་བས་སྨན་ཟོག་མང་བོ་གཉེར་མ་ཐུབ་པའི་ཁར་འགྲོ་རྒྱུགས་ཆེ་བའི་གསོལ་སྨན་ཁག་དུས་ཐོག་འབྱོར་མ་ཐུབ་པས་ནད་པར་སྨན་བཅོས་འཐུས་ཤོར་ཕྱིན་པ། བོད་སྨན་ལ་ཟུར་ཕོག་མེད་པར་ནུས་པ་འཇམ་པ་དང་དལ་བོའི་ངང་སྨན་བཅོས་དུས་ཡུན་ངེས་ཅན་ཞིག་ལ་བྱེད་དགོས་པའི་རྒྱུ་མཚན་གསལ་བོ་མ་རྟོགས་པས་ཉིན་གྲངས་བཅུ་ལྷག་དང་ཟླ་བ་གཅིག་གཉིས་ལ་བསྟེན་རྗེས་སྨན་བཅོས་མཚམས་འཇོག་བྱས་པའི་ནད་པ་མང་བོ་བྱུང་བ་དང་། སྨན་ལས་པ་རྣམས་ནང་ཕན་ཚུན་འཆམ་མཐུན་མ་བྱུང་བ་སོགས་ཀྱིས་སྐབས་ཤིག་རིང་སྨན་ཁང་ཅུང་ཉམས་ཞན་གྱུར་ཏེ་བསྟེན་གཏུགས་བྱེད་མཁན་ཉུང་དུ་ཕྱིན་པ་བཅས་དར་རྒུད་ཀྱི་བྱུང་བ་རྣམས་གླེང་རན་ཅུང་ཟད་ཡོད་ཀྱང་འདི་ཙམ་གྱིས་འཐུས་པ་བྱས། འོན་ཀྱང་ཉེ་འཁོར་དུ་ཡོད་པའི་ཨ་སཱམ་མངའ་སྡེའི་རྒྱལ་ས་གོོ་ཧ་ཌི་དང་། ནཱ་གཱལནྜ། མངའ་སྡེའི་རྒྱལ་ས་དི་མ་པུར་སོགས་སུ་སྐོར་སྐྱོད་བྱས་ཏེ་འབད་བརྩོན་བྱས་འབྲས་སུ་བར་སྐབས་ཤིག་ནས་སླར་ཡང་ཡར་རྒྱས་ཀྱི་རྣམ་པ་ཅུང་མངོན་པར་བཤད། ཕྱི་ལོ་ ༢༠༠༠ ཡས་མས་སུ་ས་གནས་རང་དང་ཉེ་འཁོར་མངའ་སྡེ་ཁག་ནས་ཕོ་སྨུག་དང་གྲུམ་བུ། གློ་ནད། རྩ་དཀར་སོགས་ཀྱི་ནད་པ་ཉིན་རེར་ཆ་སྙོམས་སུམ་བཅུ་ནས་བཞི་བཅུའི་བར་སླེབས་བཞིན་ཡོད།

༣༽ ད་ལྟའི་གནས་སྟངས།

ད་ལྟའི་སྐབས་སྨན་ཁང་འདིར་སྨན་པ་གཉིས་དང་། སྨན་སྤྲོད་དང་རྩིས་པ་བཅས་ལས་བྱེད་གཉིས། གླ་པ་གཅིག་བཅས་ཁྱོན་བསྡོམས་སྨན་ལས་གྲངས་ལྔ་ཡོད། ཉིན་རེར་བསྟེན་གཏུགས་བྱེད་མི་གྲངས་ ༡༥ ཙམ་ཡོང་བཞིན་ཡོད། སྨན་ལས་པར་ལས་ཤག་ཡོད་པ་ལས་སྤྱི་ཐབ་དང་། སྤྱི་སྤྱོད་རླངས་འཁོར་སོགས་ཀྱི་མཐུན་རྐྱེན་མེད་པ་བཅས་སོ།།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་ཚེ་བརྟན་རྡོ་རྗེ། ༡༩༩༤།༨།༨ ནས་ ༡༩༩༥།༦།༡༥

༢། སྨན་པ་རྣམ་རྒྱལ་ཚེ་རིང་། ༡༩༩༥།༦།༡༦ ནས་ ༡༩༩༦།༡༠།༣༠

༣། སྨན་པ་ཚེ་བརྟན་རྡོ་རྗེ། ༡༩༩༦།༡༠།༣༡ ནས་ ༡༩༩༧།༥།༡༧

༤། སྨན་པ་བློ་བཟང་དོན་འགྲུབ། ༡༩༩༧།༦།༡༦ ནས་ ༡༩༩༨།༡།༡༩

༥། སྨན་པ་ཉི་མ་རྒྱལ་མཚན། ༡༩༩༨།༡།༢༠ ནས་ ༡༩༩༩།༣།༣

༦། སྨན་པ་བསོད་ནམས་རྡོ་རྗེ། ༡༩༩༩།༤།༡༥ ནས་ ༢༠༠༦།༤།༡

༧། སྨན་པ་བློ་བཟང་སྒྲོལ་དཀར། ༢༠༠༦།༤།༢ ནས་ ༢༠༠༨།༤།༨

༨། སྨན་པ་བསྟན་འཛིན་ནོར་བུ། ༢༠༠༨།༥།༢༠ ནས་ ༢༠༡༡།༨།༡༧

༩། སྨན་པ་མགོན་པོ་ཕུན་ཚོགས།་༼ལྕོགས་པོ་རི་༽ ༢༠༡༡།༡༡།༡ ནས་གནང་མུས།

   

མེའོ་ཡན་ལག་སྨན་ཁང་།

༡༽ མགོ་འཛུགས་དང་ཆགས་ཡུལ།

ཡན་ལག་སྨན་ཁང་འདི་ནི་ས་གནས་གཞིས་ཆགས་མི་མང་གིས་རེ་སྐུལ་ཡང་ཡང་ཞུས་པ་ལྟར། དབུས་སྨན་རྩིས་ཁང་ནས་ཀྱང་སྨན་རྩིས་ཁང་རང་ལ་ཁེ་ཕན་ཡོད་མིན་ལ་མ་ལྟོས་པར། ྋགོང་ས་སྐྱབས་མགོན་ཆེན་པོའི་ཐུགས་དགོངས་ལྟར་བརྩེ་སེམས་ཆེན་པོས་ས་ཁུལ་འདིའི་མི་མང་གི་གནས་སྟངས་སྐྱོ་བ་དང་། མཐའ་མཚམས་ས་ཁུལ་ལ་སོང་པ་རྣམས་ཀྱི་འཕྲོད་བསྟེན་བདེ་རྩ་ཁོ་ནར་གཟིགས་ཏེ། སྐབས་བརྒྱད་པའི་སློབ་ཐོན་སྨན་པ་དཀོན་མཆོག་དོན་འགྲུབ་ས་གནས་སྨན་པར་བསྐོ་བཞག་གནང་སྟེ། ཕྱི་ལོ་ ༡༩༩༤ ཟླ་ ༩ ཚེས་ ༢༧ ཉིན་སྐབས་དེའི་ཡན་ལག་སྤྱི་ཁྱབ་འགན་འཛིན་ལྷ་རྩེ་རྡོ་རྗེ་ལགས་དབུས་ནས་ཆེད་གཏོང་གིས་མཛད་སྒོ་གཙོ་སྐྱོང་གནང་བ་དང་སྦྲགས་གསར་འཛུགས་བསྐྱངས་པ་ཞིག་ཡིན། མེའོ་ས་གནས་ནི་རྒྱ་གར་གྱི་ཨ་རུ་ན་ཅཱལ་མངའ་སྡེ་དང་བྱང་ཕྱོགས་སུ་བོད་ཀྱི་པདྨ་བཀོད་དང་དྭགས་ཀོང་ཕྱོགས་སུ་འབྲེལ་ཡོད། དབྱར་དུས་ཆར་ཞོད་དང་བཞའ་ཚན་ཆེ་ལ་དགུན་དུས་ཅུང་གྲང་བའི་ས་ཁུལ་ཞིག་ཡིན། ས་ཁུལ་འདིར་གློ་པའི་རིགས་དང་། ཨ་སཱམ་མིས། བལ་བོའི་མི་རིགས་སོགས་རྒྱ་གར་གྱི་གྲངས་ཉུང་མི་རིགས་འདུས་སྡོད་བྱ་ཡུལ་ཞིག་ཡིན་པས་སྐད་རིགས་ཀྱང་ཧིན་དྷི་དང་།  ཨ་སཱམ་མི། བལ་བོའི་སྐད། གློ་བའི་སྐད་རིགས་བྱེ་བྲག་པ་སོགས་སྤྱོད་བཞིན་ཡོད་པ་རེད།

མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་ནི་ཕྱི་ལོ་ ༡༠༥༩ ལོར་བོད་དུ་དུས་འགྱུར་བྱུང་བའི་རྗེས། ྋགོང་ས་མཆོག་གིས་གཙོས་བོད་མི་གང་འཚམས་རིམ་པས་རྒྱ་གར་དུ་བཙན་བྱོལ་ཕེབས་དགོས་བྱུང་བ་རྣམས་རྒྱ་གར་གཞུང་གིས་བཀོད་སྒྲིག་ཞུས་པའི་གནས་སྐབས་སམ་འཕྲལ་སེལ་གྱི་གསོག་སྒར་མི་སཱ་མ་རིར་དང་ལྕག་ལང་ཁུལ་དུ་ཕྱི་ལོ་ ༡༩༦༠ ལོ་ནས་ཆུ་ཕྱི་ལོ་ ༡༩༦༢ ལོ་བར་རིམ་པས་བོད་མི་ཉིས་སྟོང་ཙམ་བཏང་སྟེ་གསར་འཛུགས་བྱས་པའི་གཞིས་ཆགས་རྙིང་པ་དེ་བཞིན་ཕྱི་ལོ་ ༡༩༧༥ ལོའི་ཟླ་ ༡༠ ནས་མེའོ་ཁུལ་དུ་གནས་སྤོ་བྱས་པ་ཞིག་ཡིན་ལ། ཁུལ་འདི་རྒྱ་གར་གཞུང་གི་མཐའ་མཚམས་བཀག་སྡོམ་བྱ་ཡུལ་གྱི་ཁྱབ་ཁོངས་སུ་གཏོགས་པར་སོང་ཆུ་གློག་འགྲིམ་འགྲུལ་སོགས་གང་ཅིའི་མཐུན་རྐྱེན་མེད་པའི་དབང་གིས་ས་གནས་གཞན་དང་བསྡུར་ཚེ་ཡར་རྒྱས་དེ་ཙམ་འདུག་ནའང་། གཞིས་ཆགས་མི་དམངས་ཀྱི་འཚོ་རྟེན་གཙོ་བོ་སོ་ནམ་ཞིང་ལས་ཡིན་པས། ཐོན་ཁུངས་བེད་སྤྱོད་ཀྱིས་ཆུ་འབྲས་དང་། སྔོ་ཚལ་རིགས་འདེབས་ལས། སྒོ་ཕྱུགས་གསོ་ཉར་སོགས་ལ་བསྟེན་ནས་འཚོ་བ་རོལ་བཞིན་ཡོད་པ་རེད། ད་ལྟ་རང་གཞུང་གིས་ཐུགས་ཁུར་རོགས་རམ་འོག་སློབ་ཆུང་ཞིག་དང་རྒན་གསོ་ཁང་། འཕྲོད་བསྟེན་སྨན་ཁང་སོགས་བོད་གཞིས་སྤྱི་མཚུངས་ལྟར་གཟིགས་རྟོགས་གནང་བཞིན་ཡོད་ལ་ལྷག་པར་མཐའ་མཚམས་དང་ཁུག་ཀྱོག་བོད་རིགས་རྣམས་ལ་གང་ཅིའི་ཐད་ནས་གཟིགས་རྟོགས་མང་ཙམ་བྱ་རྒྱུ་ནི་ྋགོང་ས་མཆོག་དང་རང་གཞུང་གིས་དམིགས་བསལ་དགོངས་བཞེས་གནང་གི་ཡོད།

༢༽ འཕེལ་རིམ།

སྨན་ཁང་ཐོག་མར་གསར་འཛུགས་སྐབས་གཞིས་ལས་ཁང་ནས་སྨན་ཁང་ཚུགས་ཡུལ་ཁང་མིག་གཉིས་དང་སྨན་པའི་ལས་ཤག་ལྔ་བཅས་མཐུན་འགྱུར་གནང་བ་དང་། ཁང་ཁོངས་ཀྱི་དཀའ་ངལ་ལ་བརྟེན་ནས་སྨན་སྤྲོད་རྩིས་པ་གཅིག་ལྕོགས་གཅིག་སྨན་རྩིས་ཁང་དང་གཞིས་ལས་ཁང་གཉིས་གྲོས་མོལ་བྱས་པ་བརྒྱུད་ས་གནས་གཞིས་ཆགས་རང་ནས་འདེམས་སྒྲུག་བསྐོ་བཞག་བསྩལ་ཏེ་སྨན་ཁང་ཚུགས་ནས་ལོ་གསུམ་རིང་རང་རིགས་ཉམ་ཐག་མང་པོར་སྨན་སྦྱིན་དང་། ཉེ་འཁོར་དུ་སྨན་ཁང་ཚད་ལྡན་མེད་པའི་མི་དམངས་ལ་ཟས་སྤྱོད་ཀྱི་མཚོན་པའི་འཕྲོད་བསྟེན་ཤེས་བྱ་དང་། འཕྲོད་བསྟེན་སློབ་གསོ་གནང་རྒྱུ་སོགས་རྒྱུན་འཁྱོངས་བྱས་པ་བརྒྱུད། ས་གནས་མི་དམངས་དང་ཉེ་འཁོར་རྒྱ་གར་གྲོང་གསེབ་ཁག་གི་ཡུལ་མི་རྣམས་ཀྱང་བོད་སྨན་བསྟེན་གཏུགས་བྱེད་པར་ཡོང་མགོ་ཚུགས་པ་སོགས་བཟང་ཕྱོགས་ཀྱི་འགྱུར་འགྲོས་ལ་གཞིགས་ཏེ་སྨན་རྩིས་ཁང་ནས་ས་གནས་གཞིས་ལས་ཁང་དང་གོ་བསྡུར་ཐོག་བརྟག་དཔྱད་ཁང་གཅིག་དང་། སྨན་སྤྲོད་ཁང་དང་མཉམ་དུ་སྨན་འཇོག་སའི་ཁང་མིག་ཟུར་བཅད་གཅིག ནད་པ་སྒུག་སྡོད་བྱེད་སའི་བར་ཁྱམས་བཅས་ས་གནས་གཞིས་ལས་ཁང་ནས་ཨར་རྒྱག་འགན་ལེན་བྱས་པ་དང་། སྨན་རྩིས་ཁང་ནས་ཧིན་སྒོར་འབུམ་གཅིག་ལྷག་གིས་འགྲོ་གྲོན་བཏང་སྟེ་ཨར་ལས་འཛུགས་སྐྲུན་ལེགས་གྲུབ་ཀྱིས་ཕྱི་ལོ་ ༡༩༩༦ ཟླ་ ༡༡ ཚེས་ ༡ ཉིན་སྨན་ཁང་གསར་བའི་ནང་གནས་སྤོས་བྱུང་བ་དེས་སྨན་འཇོག་ས་མེད་པ་དང་། ནད་པར་སྒུག་སྡོད་བྱེད་ས་མེད་པ། བརྟག་དཔྱད་ཁང་གུ་དོག་པའི་དཀའ་ངལ་སོགས་སེལ་ཐུབ་པ་བྱུང་ཞིང་། དེ་ནས་ཕྱི་ལོ་ ༡༩༩༩ ལོར་ས་གནས་འགན་འཛིན་སྨན་པ་ངག་དབང་སྦྱིན་པས་ལས་ཞོར་དུ་སྨན་ལས་པའི་ལས་ཤག་གསར་རྒྱག་ཇུས་འགོད་དང་། ཨར་པོའི་ལས་གཞིར་ལྟ་རྟོག་བྱས་ཏེ་ལས་ཤག་གསར་རྒྱག་ལེགས་གྲུབ་བྱུང་བ་ནས་བཟུང་སྨན་ལས་པའི་ལས་ཤག་གི་དཀའ་ངལ་དེ་ཡང་སེལ་ཐུབ་པ་བྱུང་སྟེ་ད་ཆ་སྨན་ཁང་དང་སྨན་ལས་པའི་ལས་ཤག་བཅས་ས་ཁང་རང་བདག་ཅན་དུ་གྱུར་ཡོད།

ཕྱི་ལོ་ ༢༠༠༠ ཡས་མས་སུ་ཡན་ལག་སྨན་ཁང་འདིར་ཕོ་བ་སྨུག་པོ་དང་། མཁལ་གྲུམ། ཁྲག་རླུང་སྟོད་འཚངས། འདར་ཚད། གྲུམ་བུའི་ནད་རིགས་སོགས་བསྟེན་གཏུགས་བྱེད་མཁན་མི་རིགས་འདྲ་མིན་ནད་པ་ཉིན་རེར་ཆ་སྙོམས་བཅོ་ལྔ་ནས་ཉི་ཤུ་ཡས་མས་སླེབས་བཞིན་ཡོད་ལ། དུག་སྦྲང་དང་། ཆང་རག འཐུང་ཆུ་སོགས་ཀྱི་རྐྱེན་གྱིས་དབྱར་དུས་འདར་ཚད་ Malaria ན་མཁན་མང་པོ་ཡོད་པ་ནི་ས་གནས་འདིའི་འཕྲོད་བསྟེན་ཕྱོགས་ཀྱི་དམིགས་བསལ་ན་ཚ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།

༣༽ ད་ལྟའི་གནས་སྟངས།

ད་ལྟའི་ཆར་སྨན་ཁང་འདིར་སྨན་པ་གཅིག་དང་། སྨན་སྤྲོད་དང་རྩིས་པ་བཅས་ལས་བྱེད་གཉིས། གླ་པ་གཉིས་བཅས་ཁྱོན་བསྡོམས་སྨན་ལས་གྲངས་ལྔ་ཡོད། ཉིན་རེར་ཆ་སྙོམས་བྱས་ན་བསྟེན་གཏུགས་བྱེད་མི་རྒྱ་གར་བ་དང་བོད་པ་གྲངས་ ༡༠ ལྷག་ཡོད། སྨན་ལས་རྣམས་ལ་ལས་ཤག་ཡོད་ཅིང་།  ས་གནས་ཁུག་ཀྱོག་གསུམ་ལ་སྨན་སྐོར་འགྲོ་དགོས་སྟབས་སྤྱི་སྤྱོད་རླངས་འཁོར་གཅིག་བཅས་ཀྱི་མཐུན་རྐྱེན་ཡོད།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་དཀོན་མཆོག་དོན་འགྲུབ། ༡༩༩༤།༩།༢༧ ནས་ ༡༩༩༥།༤།༡ བར།

༢། སྨན་པ་འཇམ་དབྱངས་རྒྱ་མཚོ། ༡༩༩༥།༤།༢ ནས་ ༡༩༩༧།༦།༣༠ བར།

༣། སྨན་པ་ཀུན་དགའ་དབང་འདུས། ༡༩༩༧།༧།༡ ནས་ ༡༩༩༩།༣།༤ བར།

༤། སྨན་པ་ངག་དབང་སྦྱིན་པ། ༡༩༩༩།༣།༥ ནས་ ༢༠༠༣།༣།༢༧ བར།

༥། སྨན་པ་འགྱུར་མེད་བསྟན་འཛིན། ༢༠༠༣།༤།༡ ནས་ ༢༠༠༨།༤།༨ བར།

༦། སྨན་པ་ཚེ་རིང་ཆོས་འཛོམས། ༢༠༠༨།༤།༡༥ ནས་གནང་མུས།

   

ཅོག་ལམ་སར་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

ཅོག་ལམ་སར་ས་གནས་སུ་དེ་སྔོན་ཨག་གླིང་ཡན་ལག་སྨན་ཁང་ནས་འཆར་ཅན་སྨན་སྐོར་བྱེད་བཞིན་པའི་སྟེང་ཕྱི་ལོ་ ༡༩༩༥ ཟླ་ ༡༠ ཚེས་ ༡ ནས་བཟུང་སྨན་ཁང་དངོས་སུ་དབུ་འཛུགས་བྱས་པ་ཞིག་ཡིན། ཅོག་ལམ་ས་ནི་ལ་དྭགས་ཀྱི་རྒྱལ་ས་གླེ་གྲོང་ཁྱེར་གྱི་ལྷོ་སྣེ་སེང་གེ་གཙང་པོའི་ཉེ་འགྲམ་དུ་ཆགས་ཡོད་ཅིང་། གླེ་གྲོང་ཁྱེར་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་མི་ཌར་སུམ་སྟོང་ལྔ་བརྒྱ་ལྔ་ཙམ་གྱི་སར་ཆགས་ཡོད་པས་སྤྱིར་གནམ་གཤིས་སྐམ་ཤེད་ཆེ་ལ་དགུན་དཔྱིད་གཉིས་ལ་གྲང་ངར་ཆེ་བ་དང་། མི་འབོར་ཉིས་ཁྲི་བཞི་སྟོང་ཙམ་ཡོད་པའི་ལ་དྭགས་ཀྱི་ཚོང་ལས་དང་། འགྲིམ་འགྲུལ། རིག་གཞུང་གི་ལྟེ་གནས་དེ་ཡིན་ལ། མཐོ་སྒང་གི་ཐུན་མོང་མ་ཡིན་པའི་གནམ་གཤིས་ཀྱི་འགྱུར་ལྡོག་དང་། ས་དབྱིབས་ཀྱི་ཆགས་ཚུལ། གནའ་རབས་ཀྱི་བཟོ་བཀོད་ལྡན་པའི་ཁང་ཁྱིམ་སོགས་ཀྱིས་བྱང་ཐང་གི་ཡུལ་གྲུ་འདིར་གཡུ་ལོ་བཀོད་པའི་ཞིང་ཁམས་སམ་ཕྱི་གླིང་བ་རྣམས་ཀྱིས་འཛམ་གླིང་འདིའི་སྟེང་གི་ཆེས་མཐའ་མའི་ཤམ་བྷ་ལ་རུ་མིང་འདོགས་མཛད་ཡོད། ས་གནས་འདིའི་ཡུལ་མི་ནི་བོད་དང་ཆོས་དང་རིག་གཞུང་གོམས་སྲོལ་གཅིག་པའི་ལ་དྭགས་པ་ཡིན་ཞིང་། བོད་ས་ཡོངས་རྫོགས་རྒྱ་གཞུང་གིས་བཙན་འཛུལ་བྱས་རྗེས་ས་ཁུལ་འདི་དང་ས་འབྲེལ་སྤུ་རང་སོགས་སྟོད་མངའ་རིས་ཕྱོགས་ཀྱི་བོད་མི་མང་པོ་ས་གནས་འདི་བརྒྱུད་རྒྱ་གར་དུ་སྐྱབས་བཅོལ་དུ་འབྱོར་ཡོད་ལ། བོད་མི་གང་མང་ཞིག་ས་བབ་དང་འཚོ་བརྟེན་སོགས་བོད་དང་རྗེས་མཐུན་དུ་ཡོད་སྟབས་ས་གནས་དེར་གཞིས་ཆགས་ཡོད་པས་བོད་མི་གནས་སྡོད་ས་གནས་སྤྱི་མཚུངས་ལྟར་རང་གཞུང་ནང་སྲིད་ཁྱབ་ཁོངས་གཞིས་མགོ་ལས་ཁུངས་ཡོད་པ་མ་ཟད། བུ་ཁྱིམ་ཡན་ལག་སློབ་གྲྭ་སོགས་བོད་རིགས་གང་མང་གནས་སྡོད་བྱེད་སའི་ས་གནས་ཤིག་ཡིན་པ་རེད།

༢༽ འཕེལ་རིམ།

ཡན་ལག་སྨན་ཁང་འདི་བཞིན་ཅོག་ལམ་སར་གནས་སྡོད་བྱེད་མཁན་གྱི་གྲོང་སྡེ་ཁག་དང་། བུ་ཁྱིམ་སློབ་གྲྭ། ས་གནས་ཡུལ་མི་རྣམས་ཀྱིས་ཨག་གླིང་དུ་ཡན་ལག་སྨན་ཁང་ཡོད་པ་དེ་བཞིན་ས་གནས་སུ་ཕན་ཐོགས་ཆེན་པོ་ཡོད་མོད། འོན་ཀྱང་ལོ་ན་རྒན་གྲས་དང་། ཚིགས་གྲུམ་སོགས་ན་མཁན་གྱི་ནད་པ་རྣམས་ས་ཁད་རིང་དྲགས་པས་འགྲོ་བསྐྱོད་དཀའ་བར་བརྟེན། ཅོག་ལམ་ས་རུ་ཡན་ལག་སྨན་ཁང་ཞིག་གསར་འཛུགས་ཡོང་བའི་རེ་སྐུལ་ཞུས་པ་བཞིན། དབུས་སྨན་རྩིས་ཁང་ནས་ཨག་གླིང་སྨན་པ་ཚུལ་ཁྲིམས་རྒྱ་མཚོ་ཆེད་གཏོང་གནང་བ་དང་། ས་གནས་ནས་སྤྱིའི་ལས་ཁུངས་དང་བུ་ཕྲུག་ཁྱིམ་སྡེའི་ཉེ་འགྲམ་དུ་ཡོད་པའི་ཁང་ཁུངས་འགའ་མཐུན་འགྱུར་གནང་བ་བཞིན་སྨན་ཁང་སྒོ་འབྱེད་ཞུས། ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར། བོད་གཞུང་སྨན་རྩིས་ཁང་ནས་ཉམ་ཐག་དང་མཐའ་མཚམས་ས་ཁུལ་ཁག་གི་དམིགས་བསལ་བྱེད་ཕྱོགས་ལག་བསྟར་གྱིས་ནད་ཀྱིས་གདུང་བའི་བོད་རིགས་དང་། ལ་དྭགས་ཁུལ་དུ་གནས་སྡོད་མི་རིགས་ཁག་ལ་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་བར་མ་ཟད།

ནད་པ་རྣམས་ཀྱིས་དགའ་མོས་དང་དད་གུས་ཆེན་པོ་ཐོབ་སྟེ་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་ཡང་རིམ་གྱིས་མང་དུ་འཕར་བར་བརྟེན། སྨན་རྩིས་ཁང་ནས་སྨན་ལས་པ་འཕར་མ་གཏོང་དགོས་བྱུང་བར་ཁང་ཁུངས་ཀྱི་འདང་ངེས་མེད་པ་དང་། ནད་པར་སྒུག་སྡོད་བྱེད་ས་མེད་པ། སྨན་ཟོག་འཇོག་སའི་ཁང་ཁུངས་མེད་པའི་རྐྱེན་གྱིས་སྨན་ཟོག་ཕོན་ཆེན་ཉར་ཐབས་མེད་པར་མ་ཟད། ས་ཁུལ་འདིར་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་། ལྷག་དུ་དགུན་དུས་མཁའ་ལམ་ཁོ་ནར་བསྟེན་དགོས་པས་དགོས་མཁོའི་གསོལ་སྨན་རྣམས་ཡང་ཡང་ཆད་པའི་གནས་ཚུལ་འབྱུང་བཞིན་པ་སོགས་སྐབས་དེའི་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་མཆོག་ཕྱི་ལོ་ ༡༩༩༦ ལོར་ས་གནས་སུ་གཟིགས་སྐོར་ཕེབས་པ་དང་སྟབས་བསྟུན་སྙན་སེང་ཞུས་པ་བཞིན། འགན་འཛིན་ཚེ་རིང་བཀྲ་ཤིས་མཆོག་ནས་དུས་ཀྱི་འགྱུར་འགྲོས་དང་ཡར་རྒྱས་ལ་གཞིགས་ཏེ་སྨན་ཁང་གི་མཐུན་རྐྱེན་དང་།  ཁང་ཁུངས་སོགས་ལེགས་བཅོས་དགོས་གལ་གཟིགས་ཏེ་ལྕོག་ལམ་སར་སྨན་ཁང་གསར་རྒྱག་བྱ་རྒྱུ་དང་། ས་གནས་ཀྱི་མི་འབོར་དང་ཐག་ཉེ་འབྲེལ་མཚུངས་ཀྱི་གླེ་གྲོང་ཁྱེར་དུ་སྨན་ཁང་གཉིས་མ་དགོས་པར་ཨག་གླིང་སྨན་ཁང་དེ་ལྕོག་ལམ་སར་ཟླ་སྒྲིལ་གྱིས་ལྕོག་སར་ཡན་ལག་ནས་རེས་གཟའ་ལྷག་པ་ནམ་ཡིན་ལ་ཨག་གླིང་ས་གནས་སུ་སྐོར་སྐྱོད་བྱེད་རྒྱུ་ཐུགས་གཏན་འཁེལ་ཞིང་། ཕྱི་ལོ་ ༡༩༩༩ ལོར་ཨར་ལས་གསར་རྒྱག་མགོ་འཛུགས་ཀྱིས་ལས་གཞི་ལེགས་འགྲུབ་བྱུང་སྟེ་སྨན་ཁང་སྨན་ལས་པའི་སྡོད་ཤག་བཅས་ཀྱི་དཀའ་ངལ་སེལ་ཐུབ་པ་བྱུང་། ཡན་ལག་སྨན་ཁང་འདིར་ཕོ་བའི་ནད་དང་།  ཁྲག་རླུང་སྟོད་འཚངས། ཚིགས་གྲུམ། རྩ་གྲིམ། མཁྲིས་སྐྲན་གྱི་ནད་སོགས་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་བོད་རིགས་དང་། ལ་དྭགས། རྒྱ་གར། ཡུལ་སྐོར་སྤྲོ་འཆམ་བྱེད་མཁན་ཕྱི་གླིང་བ་བཅས་ཕྱི་ལོ ༢༠༠༠ ཡས་མས་སུ་ཉིན་རེར་སུམ་ཅུ་ནས་བཞི་བཅུ་དབར་སླེབ་ཀྱིན་ཡོད་པ་རེད།

༣༽ ད་ལྟའི་གནས་སྟངས།

ད་ལྟའི་སྐབས་སྨན་པ་གཅིག་དང་། སྨན་སྤྲོད་དང་རྩིས་པ་སོགས་ལས་བྱེད་གསུམ་བཅས་སྨན་ལས་གྲངས་བཞི་ཡོད། ཉིན་རེར་བསྟེན་གཏུགས་གནང་མཁན་གྱི་རྒྱ་གར་བ་དང་བོད་པའི་ནད་པ་གྲངས་ ༣༦ ཙམ་ཡོད། སྨན་ལས་རྣམས་ཀྱི་ལས་ཤག་ལས་སྤྱི་ཐབ་དང་སྤྱི་སྤྱོད་རླངས་འཁོར་སོགས་ཀྱི་མཐུན་རྐྱེན་གཞན་གང་ཡང་མེད།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་ཚུལ་ཁྲིམས་རྒྱ་མཚོ། ༡༩༨༧།༧།༢༢ ནས་ ༡༩༨༨།༣།༡ ༼དེ་དུས་ཨག་གླིང་དང་གཉིས་ཀའི་ལས་འགན་ཁུར་ཡོད་པ་འདྲ།༽

༢། སྨན་པ་ཐོགས་མེད་དཔལ་འབྱོར། ༡༩༨༨།༣།༢ ནས་ ༡༩༩༣།༤།༡

༣། སྨན་པ་བཀྲ་ཤིས་དབང་འདུས། ༡༩༩༣།༤།༡༥ ནས་ ༡༩༩༥།༣།༢༥

༥། སྨན་པ་བསོད་ནམས་རྡོ་རྗེ། ༡༩༩༥།༤།༢ ནས་ ༡༩༩༧།༥།༡༧ བར། ༼སྨན་པ་འདི་ཨག་གླིང་དང་ཅོག་ལམ་ས་གཉིས་ཟླ་སྒྲིལ་བཏང་བའི་འགན་འཛིན་ཐོག་མ་དེ་ཡིན་ཚོད་འདུག༽།

༦། སྨན་པ་ཚེ་བརྟན་རྡོ་རྗེ། ༡༩༩༧།༧།༡ ནས་ ༡༩༩༩།༣།༣ བར།

༧། སྨན་པ་ཡེ་ཤེས་དགེ་ལེགས། ༡༩༩༩།༣།༡༥ ནས་ ༢༠༠༠།༩།༡༥ བར།

༨། སྨན་པ་བསྟན་འཛིན་དབྱངས་སྐྱིད། ༢༠༠༠།༩།༢༥ ནས་ ༢༠༠༣།༨།༢༠ བར།

༩། སྨན་པ་འཇམ་དབྱངས་རྒྱ་མཚོ། ༢༠༠༣།༩།༡༠ ནས་ ༢༠༠༥།༦།༨ བར།

༡༠། སྨན་པ་ཀླུ་རྒྱལ། ༢༠༠༥།༨།༢༥ ནས་ ༢༠༠༧།༨།༡༨ བར།

༡༡། སྨན་པ་བཤད་སྒྲུབ་ཚེ་རིང་། ༢༠༠༨།༦།༢༠ ནས་གནང་མུས།

   

དྭང་སློབ་དམག་སྒར་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

དང་སློབ་དམག་སྒར་ཡན་ལག་སྨན་ཁང་འདི་མགོ་འཛུགས་ལོ་དུས་ལ་བཤད་ཚུལ་གཉིས་ཡོད་པའི་དང་པོ་ཕྱི་ལོ ༡༩༨༥ དང་། གཉིས་པ་ཕྱི་ལོ ༡༩༨༨ ལོར་གསར་དུ་བཙུགས་ཞེས་ཡིག་ཆ་གཅིག་ཡོད་པས་གང་ཞིག་ཁུངས་བཙུན་པ་ཁ་ཚོན་གཅོད་དཀའ་བ་མ་ཟད། བར་སྐབས་ཤིག་ནས་འགལ་རྐྱེན་སྣ་ཚོགས་ཀྱི་རྐྱེན་པས་རེ་ཞིག་སྒོ་རྒྱག་དགོས་བྱུང་བའི་ལོ་དུས་ཀྱང་མི་གསལ། ཕྱིས་སུ་དམག་སྒར་ནས་རེ་སྐུལ་ཞུས་པ་བཞིན་ཕྱི་ལོ ༡༩༩༦ ལོར་སླར་ཡང་བསྐྱར་འཛུགས་བྱས་ཡོད་པ་རེད། ཅཀ་ར་དྷར་དང་སློབ་དམག་སྒར་ནི་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཨུཏ་རཱན་ཅལ་གྱི་རྒྱལ་ས་ཌེ་རཱ་ཌུན་གྲོང་ཁྱེར་ནུབ་བྱང་གི་རི་ངོས་སུ་ཆགས་ཡོད་ལ་དམག་སྒར་དེ་ནི་རྒྱ་གར་བྱང་ངོས་ཀྱི་དམག་སྒར་ཆེ་ཤོས་ཤིག་ཡིན་པ་རེད། ས་གནས་འདི་བཞིན་རྒྱ་གར་མངའ་སྡེ་ཨུཏྟར་ཁནཌ་ནང་ཡོད་པའི་ཌེ་རཱ་ཌུན་རྫོང་ཁོངས་སུ་ཡོད། ས་གནས་འདི་ཊོན་དང་ཡ་མུ་ན་རྒྱུག་ཆུ་གཉིས་ཀྱི་བར་ལ་གནས་ཡོད། མཐོ་ཚད་རྒྱ་མཚོའི་ངོས་ནས་ཕི་ཊི་ ༧༠༠༠ དང་ ༧༢༠༠ བར་ལ་ཡོད་ཅིང་ཡན་ལག་སྨན་ཁང་དེ་ནི་མངའ་སྡེའི་རྒྱལ་ས་ཌེ་རཱ་ཌུན་ནས་ཀི་ལོ་མི་ཊར་ ༩༢ སར་ཡོད། ས་གནས་འདིར་སྔ་མོ་ཨིན་ཇི་རྒྱ་གར་དམག་མིའི་དམག་སྒར་བཏབ་པའི་ཤུལ་དེ་རང་ཡིན་ལ། ཅཀ་ར་དྷར་ས་པའི་དམག་སྒར་འདི་ནི་རྒྱ་གར་ནང་དམ་བསྒྲགས་ཡོད་པའི་དམག་སྒར་ཞིག་ཡིན་ལ་ཕྱི་རྒྱལ་ཡུལ་མི་རྣམས་ས་གནས་འདིར་གང་བྱུང་འགྲོ་སྐྱོད་མི་ཆོག ཅཀ་ར་དྷར་ཞེས་པ་དེ་རྒྱ་གར་དམག་དཔུང་ཁུངས་གཏོགས་ཡོད་པའི་བོད་པའི་གཞོགས་འདེགས་དཔུང་དམག་ཀྲུ་ཀྲུ་ཞེས་པ་བོད་པའི་དམག་མི་ཡོད་པའི་དམག་སྒར་ཞིག་ཡིན་པ་དང་།  གཞོགས་འདེགས་དཔུང་དམག་འདི་བཞིན་ཐོག་མར་ཕྱི་ལོ་ ༡༩༦༢ ལོར་རྒྱ་གར་དང་རྒྱ་དམར་གྱི་དམག་འཁྲུགས་བྱུང་སྐབས་སྒོ་ཚུགས་པ་རེད། ས་གནས་འདིའི་ཁུལ་ལ་ཐང་ཤིང་དང་བེ་ཏོ་ཤིང་། སྟག་མའི་ཤིང་བཅས་སྐྱེས་ཀྱི་ཡོད། ས་གནས་འདིར་ཇོན་ས་རི་མི་རིགས་གཙོ་ཆེར་གནས་པ་དང་མི་འབོར་གསུམ་སྟོང་བཞི་བརྒྱ་དགུ་བཅུ་གོ་བདུན་༼༣༤༩༧༽ཙམ་ཡོད།

༢༽ ད་ལྟའི་གནས་སྟངས།

ད་ལྟའི་ཆར་སྨན་པ་གཅིག་དང་། སྨན་སྤྲོད་དང་རྩིས་པ་གཅིག་ལྕོགས་གཅིག་བཅས་སྨན་ལས་གཉིས་ཡོད།

༣༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་ཆོས་དབྱིངས་ཕུན་ཚོགས། ༡༩༨༥ ནས་ ༡༩༨༧ །

༢། སྨན་པ་བསྟན་འཛིན་ནོར་བུ། ༡༩༨༧ ནས་ ༡༩༨༧

༣། སྨན་པ་བློ་བཟང་དོན་གྲུབ། ༡༩༩༡།༡༠།༡༥ ནས་ ༡༩༩༦།༩།༡༣

༤། སྨན་པ་དཀོན་མཆོག་དོན་གྲུབ། ༡༩༩༦།༡༡ ནས་ ༡༩༩༨།༣།༢༦

༥། སྨན་པ་བློ་བཟང་བཟོད་པ། ༡༩༩༨།༤།༡ ནས་ ༡༩༩༩།༤།༡༣

༦། སྨན་པ་བསྟན་འཛིན་ཉི་མ། ༡༩༩༩།༤།༡༥ ནས་ ༢༠༠༢།༡༡།༡༥

༧། སྨན་པ་ནོར་བུ་ཚེ་རིང་། ༢༠༠༢།༡༢།༢༡ ནས་ ༢༠༠༣།༣།༢༨

༦། སྨན་པ་ངག་དབང་སྦྱིན་པ། ༢༠༠༣།༤།༡༥ ནས་ ༢༠༠༣།༥།༢༩

༧། སྨན་པ་བསྟན་འཛིན་མཁྱེན་རབ། ༢༠༠༣།༦།༡ ནས་ ༢༠༠༨།༤།༨

༨། སྨན་པ་ཟླ་བ། ༢༠༠༨།༤།༡༥ ནས་གནང་མུས།

   

ར་ཝང་ལ་ཡན་ལག་སྨན་ཁང་།

༡༽ མགོ་འཛུགས་དང་ཆགས་ཡུལ།

ར་ཝང་ལ་ཡན་ལག་སྨན་ཁང་འདི་ནི། ཀུན་ཕན་གླིང་ས་གནས་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་དང་གཞིས་མགོ་ལས་ཁུངས་གཉིས་ཀྱིས་འཕྲོད་བསྟེན་ལྷན་ཁང་དང་ནང་སྲིད་ལས་ཁུངས་བརྒྱུད་ཡིག་ངག་གཉིས་ཐོག་ནས་རེ་སྐུལ་ཡང་ཡང་ཞུས་པར་བརྟེན། ཕྱི་ལོ་ ༡༩༩༦ ཟླ་ ༣ ཚེས་ ༡༠ ཉིན་གསར་འཛུགས་བྱས་པ་ཡིན། ར་ཝང་ལ་ས་གནས་ནི་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ནས་ལྷོ་ཕྱོགས་སུ་ཀི་ལོ་མི་ཊར་བརྒྱ་ལྷག་གི་སར་ཆགས་ཡོད་ལ། རི་ཀླུང་ཐམས་ཅད་ལྗོན་ཤིང་ནགས་ཚལ་གྱིས་གཡོགས་ཤིང་དུས་བཞིར་གནམ་གཤིས་དྲོ་གྲང་སྙོམས་པ་དང་། བཀྲ་ཤིས་ལྡིངས་དང་ཤར་ཕྱོགས་པད་ཕུག་ལ་སོགས་པའི་གནས་རྩ་ཆེན་མང་པོ་ཞིག་ཁུལ་འདིར་ཡོད་པའི་རྐྱེན་གྱིས་ཡུལ་སྐོར་སྤྲོ་འཆམ་པ་དང་། དད་ལྡན་གྱི་གནས་མཇལ་བ་མང་བོ་ཞིག་རྒྱུན་ཆད་མེད་པར་པདྨ་ལ་སྦྲང་མའི་ཁྱུ་བཞིན་དུ་འཁོར་བཞིན་ཡོད་པ་རེད། ས་བབ་ཅུང་མཐོ་བ་དང་རི་སྒང་ཡིན་པའི་ཆ་ནས་ལོ་ཏོག་འདེབས་ལས་སོགས་ཀྱི་ཐོན་ཁུངས་དཀོན་ཡང་ཞོ་ཁོག་དམར་པོའི་སྐྱེ་སྟོབས་བཟང་ཤོས་སུ་བརྩི། ཁུལ་འདིར་ལོ་རབས་བདུན་ཅུའི་ནང་གསར་འཛུགས་བྱས་པའི་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་དང་།  གཞན་རི་གྲོང་དུ་སོ་ནམ་ལ་བསྟེན་པའི་འབྲས་ལྗོངས་པ་དང་།  བལ་བོའི་མི་རིགས་རྣམས་འདུས་སྡོད་བྱེད་བཞིན་ཡོད་པའི་སྐད་རིགས་ཀྱང་གཙོ་ཆེར་ནེ་པ་ལི་དང་། འབྲས་ལྗོངས་སྐད་གཉིས་ཡོངས་ཁྱབ་ཏུ་སྤྱོད་བཞིན་ཡོད་པ་རེད། གཞིས་ཆགས་འདིས་གཙོས་པའི་ཁུལ་དེའི་ཁ་འཐོར་བོད་མིའི་ཆེད་སློབ་གྲྭ་འཛིན་རིམ་ལྔ་པ་ཅན་ཞིག་བཙུགས་ཡོད་ལ། གཞིས་ཆགས་ཉེ་མཁྲིས་སུ་དམག་སྒར་ཞིག་ཡོད་པ་དེར་གཞིས་ཁོངས་ཀྱི་མི་གང་མང་འཛུལ་ཞུགས་ཀྱི་གོ་སྐབས་ཐོབ་ཀྱི་ཡོད་པ་བཅས་སོ།།

༢༽ འཕེལ་རིམ།

ས་གནས་མཉམ་སྦྲེལ་དང་གཞིས་ལས་ཁང་གཉིས་ནས་ནང་སྲིད་དང་འཕྲོད་བསྟེན་ལྷན་ཁང་བརྒྱུད་སྨན་ཁང་གསར་འཛུགས་ཡོང་བའི་རེ་སྐུལ་མཐའ་ནན་ཞུས་པ་བཞིན། སྨན་རྩིས་ཁང་ནས་སྨན་པ་བློ་བཟང་བསྟན་པ་ཆེད་གཏོང་གནང་བ་དང་། སྨན་ཁང་དང་སྨན་ལས་པའི་ལས་ཤག་སོགས་ས་གནས་མཉམ་འབྲེལ་ནས་མཐུན་འགྱུར་གནང་བའི་ནང་སྨན་ཁང་སྒོ་འབྱེད་བྱས་པ་རེད། དེ་ནས་ཟླ་ཤས་ཙམ་གྱི་རྗེས་ཀུན་ཕན་གླིང་གཞིས་ཆགས་རང་ལ་མི་འབོར་དེ་ཙམ་མེད་པ་དང་ཡུལ་མི་ཁ་འཐོར་དུ་གནས་ཡོད་པས་འགྲུལ་བཞུད་བདེ་མིན་སོགས་ཀྱིས་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་ཉུང་ཙམ་ལས་མ་ཡོང་པས་སྨན་ཁང་ར་ཝང་ལ་ཁྲོམ་གཞུང་དུ་ཡོད་པའི་མཉམ་འབྲེལ་གྱི་ཁང་བ་ཞིག་ཏུ་སྤོས་པར་བརྟེན་ནད་པ་ཅུང་མང་དུ་ཕྱིན་འདུག་ཀྱང་། ས་གནས་མཉམ་འབྲེལ་ནས་སྨན་ཁང་ལ་གླ་སྤྲོད་དགོས་པའི་རེ་འདུན་བཏོན་པར་བརྟེན། སྨན་ཁང་ཡང་བསྐྱར་གཞིས་མཉམ་གཉིས་ཀྱི་ལས་ཁུངས་འོག་ཡོད་པའི་ཁང་པ་ཞིག་ལ་ཤིང་བཅད་བརྒྱབ་སྟེ་སྨན་ཁང་ཚུགས་ནའང་ཉིན་རེར་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་ཉུང་ངུ་ལས་མེད་པས་དེ་མུར་བཞག་ཚེ་གཞུང་གྲོན་འཕར་མ་དང་། སྨན་པ་དང་ལས་བྱེད་པའི་ནུས་ཤུགས་ཆུད་ཟོས་སུ་འགྲོ་གཞི་ཙམ་ལས་གཞུང་མང་གཉིས་ཕྱོགས་ལ་དགེ་མཚན་མ་མངོན་པར་བརྟེན། དབུས་སྨན་རྩིས་འཛིན་སྐྱོང་ཡིག་ཚང་ནས་ཕྱི་ལོ་ ༡༩༩༦ ཟླ་ ༥ ཚེས་ ༡༩ ཉིན་བཀོད་ཁྱབ་བཏང་སྟེ། སྨན་ཁང་ཁུ་བསྡུ་བྱས་ནས་སྨན་ལས་རྣམས་ཀ་སྦུག་དང་སྒང་ཏོག་གང་རུང་དུ་གནས་སྤོས་ཐོག ར་ཝང་ལར་ཟླ་རེ་ཐེངས་གཅིག་གམ་གཉིས་ཇི་དགོས་ཀ་སྦུག་དང་།  སྒང་ཏོག་གང་རུང་ནས་སྨན་སྐོར་ཞུ་རྒྱུ་ཐག་གཅོད་བྱས་ཀྱང་། ས་གནས་མི་མང་གི་ཡིག་ངག་གཉིས་ཐོག་ནས་སྨན་ཁང་ཁུ་བསྡུ་མི་གནང་བའི་རེ་སྐུལ་རང་གཞུང་སྨན་རྩིས་ཁང་ལ་ཞུས་པར་མ་ཟད། དཔལ་ལྡན་སྐུ་སྒེར་ཡིག་ཚང་བརྒྱུད་ནས་མཐའ་ནན་ཞུས་པར་བརྟེན་སྒོ་མ་བརྒྱབ་པར་བཞག

ཕྱི་ལོ་ ༢༠༠༠ ཟླ་ ༡༡ ཚེས་ ༩ ཉིན་འཁོད་ར་བང་ལ་ས་གནས་མགོ་འཛིན་མཆོག་གི་མཚན་ཐོག་ལ་སྨན་རྩིས་ཁང་ཡན་ལག་སྤྱི་ཁྱབ་སྡེ་ཚན་ནས་བཏང་བའི་ཡིག་ཆུང་ནང་དུ། ཉིན་རེར་ནད་པ་མི་གྲངས་ལྔ་དྲུག་ལྷག་ཡོང་མི་མེད་པ་དང་། སྨན་ལས་གཉིས་ཀྱི་གླ་ཕོག་ཀྱང་འདི་ནས་གཏོང་དགོས་པ་སོགས་སྨན་པ་དང་ལས་བྱེད་པའི་ནུས་པ་འཕྲོ་བརླག་ཏུ་མི་འགྲོ་བ་བྱ་རྒྱུ་གལ་ཆེ་བར་སོང་།  སྨན་ལས་གཉིས་ཀ་སྒང་གང་རུང་ལ་གནས་སྤོས་ཐོག་དེ་གར་ཟླ་རེར་ཐེངས་གཅིག་གམ་གཉིས་ཇི་དགོས་ཀ་སྒང་གང་རུང་ནས་སྨན་སྐོར་ཞུས་ན་ཕན་རླབས་ཆེ་བ་མངོན་པས་དེ་ལྟར་ལག་བསྟར་གནང་རྒྱུ་ཐུགས་གཏན་འཁེལ་བ་ཡིན་པར་འཁོད་དེ་བཏང་ཡང་།  མི་མང་ནས་ཡང་བསྐྱར་༧སྐུ་སྒེར་ཡིག་ཚང་དང་འཕྲོད་བསྟེན་ལྷན་ཁང་སོགས་བརྒྱུད་ནས་སྨན་ཁང་ཁུ་བསྡུ་མི་གནང་བའི་རེ་སྐུལ་མཐའ་གཅིག་ཏུ་ཞུས་པར་བརྟེན། སྨན་རྩིས་ཁང་ནས་ཀྱང་རང་གཞུང་དང་ས་གནས་མི་མང་གི་རེ་འདུན་ལྟར་རང་འཇགས་བཞག་དགོས་བྱུང་འདུག ཕྱི་ལོ་ ༢༠༠༠ ཡས་མས་སུ་སྨན་ཁང་འདིར་གྲུམ་བུ་དང་། ཕོ་ནད། སྨུག་པོ། དབུགས་བསགས། མགོ་ནད་སོགས་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་ཀུན་གླིང་གཞིས་ཆགས་ཀྱི་བོད་མི་དང་། གནམ་རྩེ་ཨང་རྒན། འདམ་ཐང་། བཟང་མོ་སོགས་ནས་འབྲས་ལྗོངས་པ་དང་། བལ་བོའི་མི་རིགས་རྣམས་ཉིན་རེར་ཆ་སྙོམས་བཞི་ལྔ་ཙམ་ལས་མེད་པ་རེད།

༣༽ ད་ལྟའི་གནས་སྟངས།

ད་ལྟའི་ཆར་སྨན་ཁང་འདིར་སྨན་པ་གཅིག་དང་། སྨན་སྤྲོད་དང་རྩིས་པ་བཅས་ལས་བྱེད་གཉིས། གླ་པ་གཅིག་བཅས་ཁྱོན་བསྡོམས་སྨན་ལས་གྲངས་བཞི་ཡོད། ཉིན་རེར་ཆ་སྙོམས་བྱས་ན་བསྟེན་གཏུགས་བྱེད་མི་རྒྱ་གར་བ་དང་བོད་པ་གྲངས་ ༡༠ ཙམ་ཡོང་བཞིན་ཡོད། སྨན་ལས་རྣམས་ལ་ལས་ཤག་གི་མཐུན་རྐྱེན་ལས་སྤྱི་ཐབ་དང་རླངས་འཁོར་སོགས་ཀྱི་མཐུན་རྐྱེན་མེད།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་བློ་བཟང་བསྟན་པ། ༡༩༩༦།༡།༡༠ - ༡༩༩༧།༥།༩

༢། སྨན་པ་བཀྲ་ཤིས་བསྟན་འཛིན། ༡༩༩༧། ༨།༢༥ - ༡༩༩༩།༤།༡༣

༣། སྨན་པ་ཀུན་དགའ་དབང་འདུས། ༡༩༩༩།༥།༡ - ༢༠༠༡།༧།༡༣

༤། སྨན་པ་བཤད་སྒྲུབ་ཚེ་རིང་། ༢༠༠༡།༧།༢༥ - ༢༠༠༢།༥།༦

༥། སྨན་པ་བསྟན་འཛིན་ཆོས་སྒྲོན། ༢༠༠༢།༦།༡༥ - ༢༠༠༣།༣།༢༦

༦། སྨན་པ་ངག་དབང་བཟོད་པ། ༢༠༠༣།༥།༡ - ༢༠༠༦།༧།༤

༧། སྨན་པ་ཆོས་དབྱིངས་སྒྲོལ་མ། ༢༠༠༦།༨།༡༥ - ༢༠༠༨།༤།༨

༨། སྨན་པ་བྱམས་པ་དབང་མོ། ༢༠༠༨།༤།༡༥ ནས་གནང་མུས།

   

ཤར་ཁུམ་བུ་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

ཡན་ལག་སྨན་ཁང་འདི་ནི་བོད་ཕྱི་ལོ་ ༡༩༩༧ ཟླ་ ༡༠ ཚེས་ ༣ ཉིན་གསར་འཛུགས་བྱས་པ་ཞིག་ཡིན། ཤར་ཁུམ་བུ་དཔལ་ལྔ་ལྡན་བལ་ཡུལ་རྒྱལ་ཁབ་ཀྱི་བྱང་ཤར་ཕྱོགས་སུ་ཆགས་ཡོད་ལ། བོད་ཀྱི་གངས་རི་ཇོ་མོ་གླང་མ་དང་ས་འབྲེལ་ཡིན་པས་གནམ་གཤིས་དང་ས་བབ་སོགས་བོད་དང་ཆ་འདྲ་བ་ཡོད་ཀྱང་། ས་ཁུལ་དེ་བཞིན་ཆ་སྙོམས་རྒྱ་མཚོའི་ངོས་ནས་མི་ཊར་སུམ་སྟོང་བཞི་བརྒྱ་ཙམ་ཡིན་ལ་ས་ཁུལ་ཆགས་སྟངས་ཀྱི་ཆ་ནས་ཧི་མ་ལ་ཡའི་ལྷོ་རྒྱུད་ཁོངས་སུ་གཏོགས་ཤིང་། ལུང་གཤོང་རྣམས་ཀྱང་ལྷོ་ངོས་སུ་ཁ་བསྟན་ཡོད་པས་རྒྱ་གར་རྒྱ་མཚོའི་དྲོད་རླངས་ལ་བརྟེན་ནས་གནམ་གཤིས་བོད་ལས་ཚ་དྲོད་ཆེ་ཞིང་ཆར་ཆུ་ཡང་འབེལ་བའི་ཡུལ་ཞིག་ཡིན། སྤྱིར་ས་ཁུལ་འདིར་གནས་སྡོད་བྱེད་མཁན་ནི་ཧི་མཱ་ལ་ཡ་རི་རྒྱུད་ཀྱི་བལ་བོའི་མི་རིགས་རྣམས་ཡིན་ལ། ཕྱི་ལོ་ ༡༩༥༩ ལོར་བོད་མི་མང་པོ་བྲོས་བྱོལ་དུ་ཕེབས་དགོས་བྱུང་བའི་ཁོངས་ནས་བོད་མི་མི་ཉུང་བ་ཞིག་གནས་འདིར་གཏན་སྡོད་བྱེད་བཞིན་ཡོད།

༢༽འཕེལ་རིམ།

དེ་ཡང་ཕྱི་ལོ་ ༡༩༩༤ ཡང་ན་ ༡༩༩༥ ཙམ་ནས་བཟུང་བོད་གཞུང་དབུས་སྨན་རྩིས་ཁང་སྨན་སྦྱོར་སྡེ་ཚན་དུ་ཐབས་འཚོལ་དཀའ་བའི་སྨན་རྒྱུ་རིགས་མཁོ་སྒྲུབ་ཆེད། སྨན་རྒྱུའི་ཐོན་ཁུངས་བཟང་བའི་ས་ཁུལ་ཁ་ཤས་སུ་སྨན་རྒྱུ་མཁོ་སྒྲུབ་བྱེད་ཆེད་དུ་སྨན་པ་བསྐོ་བརྫོང་བྱས་པ་ལྟར། བལ་ཡུལ་ཤར་ཁུམ་བུ་ཁུལ་དུ་སྨན་པ་སྐལ་བཟང་དབང་རྒྱལ་ལགས་ཆེད་མངགས་གནང་བར་ྋསྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་ནས་སྨན་རྩྭ་འཐུ་སྒྲུབ་དང་། ས་གནས་རྒྱུས་བབས་སོགས་སྔ་ཕྱི་བར་གསུམ་གྱི་ལས་དོན་ཐོག་ལ་ལམ་སྟོན་རོགས་མགོན་གང་ལེགས་གནང་བར་བརྟེན་སྨན་རྩིས་ཁང་ལ་སྨན་རྒྱུའི་ཐད་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད།

ཕྱི་ལོ་ ༡༩༩༧ ལོར་ྋསྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་གིས་ཡན་ལག་སྨན་ཁང་གསར་འཛུགས་ཆེད་རོགས་རམ་གནང་མཁན་གྱི་སྦྱིན་བདག་ཐབས་འཚོལ་གནང་བ་དང་། ས་གནས་སུ་སྨན་རྒྱུའི་ཐོན་ཁུངས་ཀྱང་བཟང་བས་ཡན་ལག་སྨན་ཁང་ཞིག་གསར་འཛུགས་ཐུབ་ཚེ་གང་ཅིར་དགེ་ཕན་ཆེ་སྐོར་ཡང་ཡང་རེ་སྐུལ་དང་ཕ་རན་སིར་ཡོད་པའི་བཀྲ་ཤིས་བདེ་ལེགས་རོགས་ཚོགས་ནས་སྦྱིན་བདག་ཞུ་རྒྱུ་ཁས་ལེན་གནང་བ་བཞིན། བོད་གཞུང་སྨན་རྩིས་ཁང་ནས་ྋསྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་གིས་གང་ཅིའི་དགེ་ཕན་ལྡན་ལུགས་ཀྱི་བླ་མེད་གཞེན་སྐུལ་གནང་བར་གུས་བརྩི་དང་། ལྷག་པར་དུ་ས་ཁུལ་དེར་བོད་སྨན་ཡེ་ནས་མེད་སྟབས་བོད་གཞུང་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཞིག་གསར་འཛུགས་བྱ་རྒྱུ་ཐུགས་གཏན་འཁེལ་བ་ལྟར། ཐུབ་བསྟན་ཆོས་གླིང་དགོན་པའི་སྐོར་ལམ་གྱི་ཕྱི་རོལ་ཏུ་རོགས་ཚོགས་ཀྱི་ཁང་མིག་ཅིག་ལ་བཅད་བརྒྱབ་པའི་ནང་སྨན་ཁང་གསར་འཛུགས་ཀྱིས་མཐའ་མཚམས་མི་དམངས་ཀྱི་འཕྲོད་བསྟེན་བདེ་རྩ་ཁོ་ནར་དམིགས་པ་ཞིག་ཡིན་པས་དམིགས་བསལ་ཅན་གྱི་ནད་པ་བརྒྱ་ཆ་དགུ་བཅུ་གོ་དགུ་ཙམ་ལ་སྨན་སྦྱིན་ཁོ་ན་ནར་གཏོང་གིས་ཁྱིམ་མཚེས་རྒྱལ་ཁབ་འདིས་མཐའ་མཚམས་གྲོང་གསེབ་ཁུལ་གྱི་མི་མང་གི་འཕྲོད་བསྟེན་བདེ་རྩར་ཞབས་འདེགས་སྒྲུབ་བཞིན་པ་མ་ཟད་། ཉིན་ལམ་གཅིག་གི་འགྱང་ཁད་དུ་གནས་འཆའ་བའི་བདེ་གླིང་བོད་མིའི་གཞིས་ཆགས་སུའང་འཆར་ཅན་ཟླ་རེར་ཐེངས་རེ་སྨན་སྐོར་དུ་སྐྱོད་བཞིན་པ་རེད།

༣༽ད་ལྟའི་གནས་སྟངས།

ད་ལྟའི་སྐབས་སྨན་ཁང་འདིར་སྨན་པ་གཅིག་དང་། གླ་བ་གཅིག་བཅས་སྨན་ལས་གཉིས་ཡོད། ཉིན་རེར་ནད་པ་བསྟེན་གཏུགས་བྱེད་མི་ནད་པ་བཅུ་ལྷག་ཡོང་བཞིན་ཡོད་ལ། ནད་པ་མང་ཆེ་ཤས་བོད་པ་ཡིན། ལས་ཤག་ཙམ་ལས་སྤྱི་ཐབ་དང་རླངས་འཁོར་སོགས་ཀྱི་མཐུན་རྐྱེན་མེད།

༤༽འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་སྐལ་བཟང་དབང་རྒྱལ། ༡༩༩༧།༡༠།༣ - ༡༩༩༨།༧།༡

༢། སྨན་པ་བསྟན་འཛིན་དབྱངས་ཅན། ༡༩༩༨།༧།༡༥ - ༡༩༩༩།༤།༡༣

༣། སྨན་པ་བློ་བཟང་བཟོད་པ། ༡༩༩༩།༥།༡ - ༡༩༩༩།༩།༢༩

༤། སྨན་པ་དོན་གྲུབ་ཚེ་རིང་། ༡༩༩༩།༡༠།༡༥ - ༢༠༠༣།༤།༢༥ བར།

༥། སྨན་པ་དབང་འདུས། ༢༠༠༣།༥།༡ - ༢༠༠༤།༣།༢༥ བར།

༦། སྨན་པ་ཚེ་དབང་རིག་འཛིན། ༢༠༠༤།༤།༡༥ ནས་གནང་མུས།

   

རྟ་དབང་ཡན་ལག་སྨན་ཁང་།

༡༽ མགོ་འཛུགས་དང་ཆགས་ཡུལ།

ཡན་ལག་སྨན་ཁང་འདི་ནིི་ཕྱི་ལོ་ ༡༩༩༨ ཟླ་ ༨ ཚེས་ ༡༢ ཉིན་དབུ་འཛུགས་བྱས་པ་ཞིག་ཡིན། མོན་རྟ་དབང་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བྱང་ཤར་ཕྱོགས་སུ་གཏོགས་ཤིང་། ས་ཁུལ་འདི་ནི་དེ་སྔ་ནས་བོད་མིའི་ཆོས་དང་རིག་གཞུང་གཅིག་གྱུར་ཡིན་པ་དང་ལྷག་པར་རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མོན་ལ་འོག་ཏུ་སྐུ་འཁྲུངས་པ་དང་། ྋགོང་ས་རྒྱལ་མཆོག་ལྔ་བ་ཆེན་པོས་བོད་ས་ཡོངས་རྫོགས་མངའ་དབང་གཅིག་ཏུ་བསྒྱུར་པའི་རྗེས་སུ་ཕྱི་ལོ་ ༡༦༨༠ ལོར་མོན་མེ་རག་བླ་མ་བློ་གྲོས་རྒྱ་མཚོ་དང་།  མཚོ་སྣའི་ལྡིང་དཔོན་ནམ་མཁའ་འབྲུག་གྲགས་གཉིས་བཏང་ནས་མོན་དུ་སྲིད་དབང་བཙུགས། 

དེའི་རྒྱབ་སྐྱོར་དུ་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེའི་དགོན་ཏེ་ཡོངས་གྲགས་ལ་མོན་རྟ་དབང་དགོན་ཞེས་འབོད་པ་དེ་ཉིད་བཏབ། དེའི་རྗེས་རྒྱལ་པོ་ལྷ་བཟང་པ་བོད་ཀྱི་སྲིད་སྐྱོང་བྱས་ནས་ལོ་ཤས་རྗེས་འབྲུག་དང་མོན་གཉིས་མ་མཐུན་པར་བརྟེན་ཕན་ཚུན་འཁྲུག་རྩོད་བྱུང་བའི་སྐབས་བོད་གཞུང་གིས་རྟ་དབང་དགོན་པའི་རྒྱབ་སྐྱོར་དུ་དམག་དྲངས་ཏེ་མཐའ་བསྐྲོད་བཏང་བའི་ལོ་རྒྱུས་ཡོད་ལ། རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་ནས་ས་ཁུལ་དེ་དག་བོད་མི་དང་གཅིག་མཚུངས་ཐུགས་བརྩེ་ཆེན་པོ་རྗེས་སུ་བཟུང་བའི་བྱུང་བ་བརྗོད་ལས་འདས་ཤིང་། ཁྱད་པར་དུ་བོད་ས་ཡོངས་རྫོགས་རྒྱས་བཙན་འཛུལ་བྱས་རྗེས་ྋགོང་ས་སྐྱབས་མགོན་ཆེན་པོ་ས་ཁུལ་འདི་བརྒྱུད་ནས་རྒྱ་གར་དུ་ཞབས་ཟུང་སྒྱུར་སྐབས་ཡུལ་མི་རྣམས་ནས་ཕེབས་བསུ་སྣེ་ལེན་ཟབ་རྒྱས་ཞུས།  

དེ་ནས་བཟུང་ྋགོང་ས་སྐྱབས་མགོན་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དམིགས་བཀར་གྱིས་ཐུགས་བརྩེ་བླ་མེད་གནང་སྟེ་ཐེངས་འགའ་ཤས་དགོན་པ་འདིར་ཆིབས་བསྒྱུར་གྱིས་སེར་སྐྱ་མང་ཚོགས་ལ་ཆོས་འབྲེལ་བཀའ་དྲིན་བསྐྱངས་གནང་ཡོད་ལ། གདན་ས་གསུམ་གྱིས་གཙོས་བོད་ཀྱི་དགོན་སྡེ་ཁག་ཏུ་མོན་པ་སློབ་གཉེར་བ་བརྒྱ་ཕྲག་མང་པོ་ཆོས་ཞུགས་ཀྱིས་དགེ་བཤེས་ལྷ་རམས་པ་དང་ཚོགས་རམས་པ་སོགས་ཐོན་པ་གང་མང་བྱུང་ཡོད། དེ་བཞིན་དུ་མཚོ་སྣ་རིན་པོ་ཆེ་དང་རྡོ་རྗེ་མཁའ་འགྲོ་སོགས་མངའ་སྡེའི་བློན་ཆེན་ཡིན་པའི་སྐབས་སོ་སོར་དམིགས་བསལ་བཙན་བྱོལ་གཞུང་དང་འབྲེལ་བ་ཤུགས་ཆེར་སོང་ཡོད་ལ། ལྷག་དོན་སྐུ་གཤེགས་རྡོ་རྗེ་མཁའ་འགྲོ་མཆོག་དམ་པ་དེ་ཉིད་སྐུ་མ་གྲོངས་གོང་ནས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྤྱན་སྔ་ནས་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཐེངས་སོ་གཉིས་པ་ཞུ་རྒྱུ་དང་བཀའ་དབང་དེའི་སྦྱིན་བདག་གནང་རྒྱུའི་གྲ་སྒྲིག་ཡོངས་སུ་ཟིན་ཡོད་ཀྱང་དུས་དབང་མ་ཞུས་གོང་སྟབས་མ་ལེགས་པར་གནམ་གྲུ་བརྡབ་སྐྱོན་གྱིས་སྐུ་ཚེའི་འཕེན་པ་རྫོགས་པ་ནི་ཆེས་བློ་ཕམ་སྐྱེ་གཞིར་གྱུར་ཡོད་ན་ཡང་དམ་པ་དེའི་ཞལ་ཆེམས་བཞིན་ནང་མི་ནས་དུས་དབང་ཐེངས་སོ་གཉིས་པའི་སྦྱིན་བདག་གནང་ཐུབ་བྱུང་བ་ནི་ལོ་རྒྱུས་ཀྱི་རང་བཞིན་ལྡན་ཡོད།

༢༽ འཕེལ་རིམ།

ཕྱི་ལོ་ ༡༩༩༧ ལོར་ྋསྤྱི་ནོར་ྋགོང་ས་ཆེན་པོ་མཆོག་མོན་རྟ་དབང་དུ་ཆིབས་བསྒྱུར་བསྐྱངས་སྐབས། ས་གནས་ཡུལ་མི་རྣམས་ནས་ྋགོང་ས་མཆོག་ལ་མོན་རྟ་དབང་དུ་བོད་གཞུང་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཞིག་གསར་འཛུགས་ཡོང་བ་ཞེས་གསོལ་འདེབས་ཞུས་ཤིང་། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྟ་དབང་ཁུལ་དུ་སྨན་རྩིས་ཁང་གི་ཡན་ལག་ཅིག་གསར་འཛུགས་དགོས་པ་སྨན་རྩིས་ཁང་ལ་བཀའ་ཕེབས་པ་བཞིན། སྨན་རྩིས་ཁང་ནས་བསྟན་སྒང་སྨན་པ་ཐུབ་བསྟན་བཟང་པོ་ཆེད་གཏོང་གནང་བ་དང་། ཡུལ་མི་དགེ་བསྙེན་ནོར་བུ་ཞུ་བ་ནས་སྐུ་སྒེར་ཡིག་ཚང་བརྒྱུད་སྨན་རྩིས་ཁང་ལ་སྨན་ཁང་འཛུགས་ཡུལ་ཁང་ཁུངས་ཞལ་འདེབས་ཕུལ་བ་ལྟར་སྨན་ཁང་གསར་འཛུགས་བྱས་པ་ཞིག་ཡིན། ཕྱི་ལོ་ ༢༠༠༠ ཡས་མས་སུ་སྨན་ཁང་འདིར་བད་ཀན་སྨུག་པོ་དང་ཁྲག་རླུང་སྟོད་འཚངས། མགོ་ནད། མཁལ་གྲང་། དྲེག་གྲུམ་སོགས་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་ཆ་སྙོམས་ཉིན་རེར་ཉི་ཤུ་རྩ་ལྔ་ནས་སུམ་ཅུ་བར་སླེབས་བཞིན་ཡོད།

༣༽ ད་ལྟའི་གནས་སྟངས།

ད་ལྟའི་ཆར་སྨན་ཁང་འདིར་སྨན་རྩིས་ཁང་གི་སྨན་པ་གཅིག་དང་།   སྨན་སྤྲོད་དང་རྩིས་པ་བཅས་ལས་བྱེད་གཉིས། གླ་པ་གཅིག་བཅས་སྨན་ལས་གྲངས་བཞི་ཡོད། ཉིན་རེར་ཆ་སྙོམས་བྱས་ན་བསྟེན་གཏུགས་བྱེད་མཁན་རྒྱ་གར་བ་དང་བོད་པ་གྲངས་ ༡༦ ཙམ་ཡོད། སྨན་ལས་པ་རྣམས་ལ་ལས་ཤག་དང་། སྦག་སྦག་གཅིག་ཡོད། སྨན་ཁང་འདིས་དབུས་སུ་སྨན་རྒྱུ་མཁོ་སྒྲུབ་གནང་བཞིན་ཡོད་པ་བཅས་སོ།།

 ༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་བསྟན་འཛིན་མཐའ་ཡས། ༡༩༩༢།༡༠།༡ ནས་ ༡༩༩༥།༤།༡

༢། སྨན་པ་ཐུབ་བསྟན་བཟང་པོ། ༡༩༩༨།༨།༡༢ ནས་གནང་མུས།

   

ཇིས་པ་ཡན་ལག་སྨན་ཁང་།

༡༽ མགོ་འཛུགས་དང་ཆགས་ཡུལ།

ཇིས་པ་ཡན་ལག་སྨན་ཁང་ནི་ཕྱི་ལོ་ ༡༩༩༩ ཟླ་ ༧ ཚེས་ ༡༠ ཉིན་གསར་འཛུགས་བྱས་པ་ཞིག་ཡིན། ཇིས་པ་ནི་གར་ཞ་གསེར་ཆུ་གཙང་པོའི་ཉེ་འགྲམ་དུ་ཆགས་ཡོད་ལ། གར་ཞ་ས་ཁུལ་ནི་གཡང་གཟར་གྱི་གྲོག་རོང་དང་ལྗོན་ཤིང་གིས་ཀུན་ནས་བརྒྱན་པའི་རི་ཀླུང་ཁེངས་པའི་ཡུལ་ལྗོངས་ཤིག་ཡིན་པ་དང་། གནས་སྡོད་བྱེད་མཁན་གྱི་མི་རིགས་རྣམས་གནའ་སྔ་མོ་ནས་བཟུང་བོད་དང་འབྲེལ་འདྲིས་དམ་ཟབ་ཡོད་པས་དེང་དུས་སུའང་བོད་ཀྱི་ཆོས་དང་། རིག་གཞུང་། ལྷག་པར་དུ་ནང་ཆོས་ཀྱི་ཚན་ཁ་མ་ཡལ་བར་གནས་ཡོད། ས་ཁུལ་འདིར་རླུང་འཚུབ་རྒོད་ཅིང་སྤྱི་ཡོངས་ཀྱི་གནམ་གཤིས་ནི་ལ་དྭགས་དང་ཆ་འདྲ་བ་ཡིན་པས་དགུན་དུས་ས་གཞི་ཕལ་མོ་ཆེ་གངས་དང་འཁྱག་རུམ་གྱིས་ཁེབས་ཏེ་དབྱར་ཟླ་ལྔ་བར་དུ་འགྲིམ་འགྲུལ་འགྲོ་འོང་དཀའ་བའི་གནས་ཤིག་ཡིན།

༢༽ འཕེལ་རིམ།

ཕྱི་ལོ་ ༡༩༩༤ ཟླ་ ༧ པའི་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་སྤྱི་དང་། ཡང་སྒོས་གར་ཤ་མི་དམངས་ནས་གསོལ་འདེབས་ཞུས་པ་ལྟར་དུས་འཁོར་དབང་ཆེན་གནང་སྐབས། ས་གནས་ཡུལ་མི་སྐུ་ཞབས་རཱ་ཝི་ཁྲ་ཀུར་ Ravi Thakur ལགས་ནས་རང་གི་སྤྲོ་འཆམ་པའི་མགྲོན་ཁང་ཆེན་པོ་ཐོག་རྩེག་བཞི་ཅན་ Ibex Hotel དེའི་གཡོན་ཕྱོགས་ཀྱི་ས་སྟོང་དུ་དགོན་པ་ཐོག་རྩེག་གཉིས་ཅན་ཞིག་གསར་བཞེངས་བྱས་ཏེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དད་འབུལ་ཞུས་པ་དང་།  ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ལོ་དེའི་ཟླ་ ༧ ཚེས་ ༢༣ དབུ་འབྱེད་གནང་བ་དང་སྦྲགས་དགོན་པའི་མཚན་ལ་༼དགེ་འཕེལ་ལྷ་ཁང་།༽ ཞེས་གསོལ། དགོན་པར་ལྟ་རྟོག་ཡུལ་མིའི་ཁེ་ཕན་ཆེད་དགོན་པ་དེའི་ཐོག་རྩེག་དང་པོའི་ནང་བོད་སྨན་གྱི་སྨན་ཁང་ཆུང་ངུ་ཞིག་གསར་འཛུགས་ཡོང་བ་ཞེས་རཱ་ཝེ་ཁྲ་ཀུར་ལགས་ནས་ྋསྐུ་སྒེར་ཡིག་ཚང་ལ་རེ་སྐུལ་ཞུས་པ་བཞིན། ྋསྐུ་སྒེར་ཡིག་ཚང་གི་བཀའ་འབྲེལ་ལྟར་བོད་གཞུང་སྨན་རྩིས་ཁང་ནས་སྨན་ཁང་འཛུགས་གཏན་འཁེལ་བ་བཞིན་སྨན་པ་བསྟན་འཛིན་ཆོས་སྒྲོན་བསྐོ་བཞག་གིས་ཕྱི་ལོ་ ༡༩༩༨ ཟླ་ ༨ ཚེས་ ༡༠ ཉིན་དབུས་ནས་ཡན་ལག་སྤྱི་ཁྱབ་འགན་འཛིན་ཆེད་གཏོང་གནང་བདང་།  ལཱ་ཧོར་ས་གནས་རྫོང་དཔོན་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་དབུ་འབྱེད་གནང་བ་ཞིག་ཡིན་པ་རེད།

ས་ཁུལ་འདི་ནི་མི་ཚང་སུམ་ཅུ་ཙམ་དང་མི་འབོར་ཧ་ལམ་ཉིས་བརྒྱ་ཡས་མས་ལས་མེད་པའི་གྲོང་གསེབ་ཅིག་ཡིན་པ་དང་། རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་དང་མཐའ་མཚམས་ས་ཁུལ་གྱི་སྲིད་ཇུས་ལག་བསྟར་གྱིས་དམིགས་བསལ་ཐོབ་ཐང་མང་པོ་ཞིག་ལོངས་སུ་སྤྱོད་བཞིན་ཡོད་པ་ལས། འཕྲོད་བསྟེན་ཕྱོགས་ནས་རྒྱ་གར་གཞུང་གི་སྨན་ཁང་ཆེད་འཛུགས་ཀྱིས་པད་བདུན་ཅུ་དོན་ལྔ་ཁོ་ནས་སྨན་བཅོས་དང་སྨན་རིན་ཆ་ཚང་བའི་མཐུན་རྐྱེན་དེ་སྔ་ནས་ཡོད་སྟབས། སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་དུ་ནད་པ་ཧ་ཅང་ཉུང་ངུ་ལས་བསླེབས་ཀྱི་མེད་པས། སྨན་ལས་གཉིས་ནས་ལྷག་བསམ་ཆེ་བསྐྱེད་ཀྱིས་ཉེས་གསུམ་ནད་ཀྱིས་མནར་བའི་འགྲོ་བ་ནད་པ་མང་པོར་ཕན་ཐོགས་དང་གཞུང་གི་ཡོང་འབབ་ཡར་རྒྱས་ཆེད། སྨན་ཁང་རང་དུ་བདེ་སྡོད་ཙམ་མ་ཡིན་པར་ཇིས་ས་པ་ནས་ཀི་ལོ་མི་ཊར་ཉེར་ལྔ་རྒྱང་ཁད་དུ་ཡོད་པའི་སྐྱིད་ལུང་དུ་སྐོར་སྐྱོད་བྱ་རྒྱུའི་འཆར་གཞི་དབུས་སུ་ཕུལ་བར་དབུས་འཛིན་སྐྱོང་ཡིག་ཚང་ནས་སྔ་འཕྲོས་ཚོད་ལྟའི་ཆེད་བཀའ་འཁྲོལ་གནང་བ་བཞིན།  

སྐབས་དེར་སྐྱིད་ལུང་ས་ཁུལ་དུ་སྨན་སྐོར་ཐེངས་བཞིར་བསྐྱོད་འདུག་ཀྱང་།  ནད་གྲངས་ཉིན་རེར་བཞི་ལྔ་ཙམ་ལས་མེད་པས། དེ་མཚུངས་ས་ཁུལ་དེར་ཉིན་རེར་འགྲུལ་སྐྱེལ་རླངས་འཁོར་སྔ་དྲོ་ཆུ་ཚོད་དྲུག་པ་དང་། དགོང་དྲོ་ཆུ་ཚོད་ལྔ་བ་ལ་ཐེངས་རེ་ལས་མེད་པའི་ཁར། འཁོར་ལམ་ཚང་མ་གཡང་གཟར་ཆེ་བ་དང་། ལམ་སྟེང་ནས་རྡོ་ཟགས་པ། འགྲུལ་འཁོར་ནང་འགྲུལ་བ་ཚད་ལས་བརྒལ་བ་འཁྱེར་བཞིན་པ་སོགས་ཀྱིས་སྨན་ལས་པར་ལུས་སྲོག་གི་དཀའ་ངལ་དང་ཉེན་ཁ་ཆེ་བ་ཙམ་དུ་མ་ཟད། སྐོར་སྐྱོད་ཀྱི་ཉིན་མོར་ཡན་ལག་སྨན་ཁང་དང་དགོན་པ་གཉིས་བདག་མེད་དུ་བསྐྱུར་འཇོག་བྱེད་དགོས་པར་བརྟེན་རྐུ་ཤོར་གྱི་ཉེན་ཁ་ཡང་ཆེ་བ་སོགས་ཀྱིས་གནས་སྟངས་དབུས་སུ་སྙན་འབུལ་ཞུས་པར་དབུས་ནས་གནས་སྐབས་རིང་སྐོར་སྐྱོད་ཕྱིར་འཐེན་དགོས་པའི་བཀོད་ཁྱབ་བཏང་བ་བཞིན་ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་སྐོར་སྐྱོད་མཚམས་འཇོག་བྱས་འདུག འོན་ཀྱང་ས་གནས་དེའི་གཡས་གཡོན་དུ་སྨན་རྩ་གང་འཚམས་འཐུ་རྒྱུ་ཡོད་པ་དང་། ཡུལ་མིའི་ངོས་ནས་སྨན་རྒྱུ་ཅུང་ཙམ་ཞལ་འདེབས་འབུལ་མཁན་ཡོད་པ་བཅས་ཀྱི་ཁེ་བཟང་ཙམ་ལས་སྨན་ཁང་རང་གི་ངོས་ནས་སྨན་པའི་འགྲོ་གྲོན་ཡང་དཀའ་ཙམ་ཡིན་འདུག

༣༽ ད་ལྟའི་གནས་སྟངས།

ད་ལྟའི་ཆར་སྨན་ཁང་འདིར་སྨན་པ་གཅིག་མ་གཏོགས་ལས་བྱེད་གཞན་མེད། ཉིན་རེར་ཆ་སྙོམས་བྱས་ན་ནད་པ་བསྟེན་གཏུགས་བྱེད་མི་གྲངས་ ༦ རེ་ཙམ་ཡོད།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་བསྟན་འཛིན་ཆོས་སྒྲོན། ༡༩༩༩།༤།༡ ནས་ ༢༠༠༢།༦།༡ བར།

༢། སྨན་པ་བཤད་སྒྲུབ་ཚེ་རིང་དབང་རྒྱལ། ༢༠༠༢།༦།༢ ནས་ ༢༠༠༣།༨།༢༠              

༣། སྨན་པ་བསྟན་འཛིན་དབྱངས་སྐྱིད། ༢༠༠༣།༩།༡༥ ནས་ ༢༠༠༤།༧།༡༥

༤། སྨན་པ་བློ་བཟང་ཤཱཀྱ། ༢༠༠༤།༨།༡ ནས་ ༢༠༠༦།༢།༨ དེ་ནས་༢༠༠༩ བར་དུ་རེ་ཞིག་སྒོ་རྒྱབ་དགོས་བྱུང་འདུག།

༥། སྨན་པ་བསྟན་འཛིན་རྡོ་ལགས། ༢༠༠༩།༤།༢༥ ནས་གནང་མུས།

   

མོན་གྷོ་གཞིས་སྒར་དྲུག་པའི་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

མོན་གྷོ་འདོད་རྒུ་གླིང་གཞིས་སྒར་དྲུག་པའི་ཡན་ལག་སྨན་ཁང་ནི་ཕྱི་ལོ་ ༡༩༩༩ ཟླ་ ༦ ཚེས་ ༡ ཉིན་གསར་འཛུགས་བསྐྱངས་པ་ཞིག་ཡིན། མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སྒར་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་བཞིའི་ཡ་གྱལ་ཀཱརནཱ་ཊ་ཀ་མངའ་སྡེའི་ཀར་ཝར་རྫོང་ཁོངས་སུ་ཆགས་ཡོད་ལ། དེ་ནི་ཕྱི་ལོ་ ༡༩༦༦ ལོར་གསར་འཛུགས་བྱས་ཤིང་། དེ་ཡང་ཐོག་མར་ས་གནས་གཞུང་ནས་ས་ཁྱོན་ཨེ་ཀ་ ༤༠༠༠ ཐམ་པ་དང་། མི་གྲངས  ༤༠༠༠ འཚོ་གནས་བྱེད་པའི་མཐུན་རྐྱེན་ཆེད་ཧིན་སྒོར་ ༡༤༩༢༦༣༨༨ གནང་བ་དང་།  རྒྱ་གར་དབུས་དང་མངའ་སྡེ་གཞུང་ནས་རོགས་སྐྱོར་གནང་བ་བཅས་ཁར་ Swisteco, Myrada , UNHCR  ཚོགས་པ་བཅས་ཀྱི་རོགས་སྐྱོར་འོག་གསར་འཛུགས་བྱས་པ་ཞིག་ཡིན། གཞིས་ཆགས་གསར་འཛུགས་སྐབས་སུ་མི་གྲངས་ ༤༣༠༦ ཡོད་ལ། ད་ལྟ་ས་གནས་འདིར་གཞིས་གྲོང་ཁག་དགུ་དང་།  གདན་ས་ཆེན་མོ་དགའ་ལྡན་དང་འབྲས་སྤུངས་གཉིས་ཀྱིས་གཙོས་པའི་ས་དགེ་བཀའ་རྙིང་གི་དགོན་སྡེ་ཁག་ཅིག་བཅས་ཀྱི་ནང་བོད་མི་ ༡༥༩༤༧ ཡོད་པའི་བོད་མིའི་སོ་ནམ་གཞིས་ཆགས་ཁྲོད་རྙིང་ཤོས་དང་ཆེ་ཤོས་ཀྱི་གྲས་ཤིག་ཡིན།

མོན་གྷོ་འདོད་རྒྱུ་གླིང་ཆགས་པའི་ས་གནས་འདི་ནི་རྒྱ་མཚོའི་ངོས་ནས་མཐོ་ཚད་ ཕི་ཊི་ ༤༩༠ ཡོད་པ་དང་།  ཆར་བའི་འབབ་ཚད་ཆ་སྙོམས་བྱས་ན་སིན་ཌི་མི་ཀྲར་ ༡༠༦༦ འབབ་ཀྱི་ཡོད་ལ། ཚ་ཚད་ཆེ་ཤོས་ ༤༡ーc ཡིན་པ་དང་།  ཚ་ཚད་ཆུང་ཤོས་ ༡༨ーc ཡིན་པས་བྱང་ཕྱོགས་དང་མི་འདྲ་བར་དུས་བཞིའི་ནམ་ཟླ་དང་གནམ་གཤིས་དྲོ་གྲང་ལ་མངོན་གསལ་དོད་པོ་ཆེར་མེད་ཀྱང་། རྒྱ་མཚོ་དང་ཐག་ཉེ་བས་དབྱར་སྟོན་དུས་སུ་ཆར་ཆུ་འབེལ་ཞིང་དུས་དེར་གནམ་གཤིས་ཀྱང་ཅུང་བསིལ་ཞིང་།  དགུན་དཔྱིད་དུས་སུ་ཆར་ཆུ་དཀོན་པར་སོང་སྐབས་དེར་ཚ་དྲོད་ཆེ་བ་ཡོད་པའི་ས་གནས་ཤིག་ཡིན། སྤྱིར་ལྷོ་ཕྱོགས་སྤྱི་དང་ཁྱད་པར་ཀ་ཎ་ར་མངའ་སྡེའི་ནང་གི་ཐོན་ཁུངས་གཙོ་བོ་ཁག་ནི་འབྲས་དང་མ་རྨོས་ལོ་ཏོག སྲན་རིགས། ཀ་ཇཱུ། བེ་ཏེའི་འབྲས་བུ། གོ་ཡུ། ཀ་ཀོ་ལ། སུག་སྨེལ། སྲི་པན། སྤྲིན་བལ། བུར་ཤིང་།  རྡོ་ཐ་བཅས་ཡིན།  

མངའ་སྡེ་འདིའི་ནང་ཧིན་རྡུ་དང་ཁ་ཆེ། སིག་མི་རིགས་བཅས་ཡོད་ལ་སྐད་ཡིག་གཙོ་བ་ཀཱརནཱ་ཊ་རང་གི་ཡུལ་སྐད་གཙོ་ཅེ་ཞིང་དབྱིན་སྐད་བཀོལ་སྤྱོད་པ་མང་ནའང་ཧིན་སྐད་སྤྱོད་པ་ཆེས་ཉུང་ཉུང་ཡིན།

༢༽ འཕེལ་རིམ།

གཞིས་སྒར་དྲུག་པའི་ཡན་ལག་སྨན་ཁང་ནི་དགོས་དབང་གིས་དབུས་སྨན་རྩིས་ཁང་ནས་དེ་སྔ་ཡོད་བཞིན་པའི་མོན་གྷོ་འདོད་རྒུ་གླིང་གཞིས་སྒར་གསུམ་པའི་ཡན་ལག་སྨན་ཁང་དེའི་ལས་འབོར་གཞི་རྒྱ་ཆེ་དྲགས་པའི་རྐྱེན་གྱིས་ཡན་ལག་ཁག་གཉིས་སུ་དབྱེ་སྟེ། ས་གནས་མཉམ་འབྲེལ་དང་འབྲེལ་གཏུགས་བཀའ་མོལ་བྱུང་བ་བརྒྱུད་གཞིས་སྒར་དྲུག་པའི་གཞུང་ལམ་མདུན་དུ་ཁང་པ་གཅིག་ཡོད་པ་དེར་མཉམ་འབྲེལ་ནས་བཟོ་བཅོས་ཕྲན་བུ་གནང་སྟེ་བརྟག་དཔྱད་ཁང་དང་། སྨན་སྤྲོད་པ། རྩིས་ཁང་། སྨན་མཛོད་ཁང་།  སྨན་ལས་པའི་ལས་ཤག་དང་ཐབ་ཚང་རང་འགྲིག་བཅས་གོ་སྒྲིག་ཞུས་པ་དེ་ལ་ཟླ་རེར་ཁང་གླ་ཧིན་སྒོར་ ༨༠༠།༠༠ གནང་རྒྱུ་བཅས་གཉིས་མོས་བྱུང་དོན་ལྟར། ཕྱི་ལོ་ ༡༩༩༩ ཟླ་ ༦ པའི་ནང་གསར་འཛུགས་བྱས་པ་ཞིག་ཡིན་ལ། ཡན་ལག་སྨན་ཁང་འདི་གསར་འཛུགས་གནང་བ་དེས་ལོ་ཤས་རིང་མོན་གྷོ་མི་མང་རྣམས་བོད་སྨན་བསྟེན་གཏུགས་བྱེད་པར་འཚང་ཁ་ཆེ་བ་དང་། རྒྱུན་རིང་སྒུག་སྡོད་བྱེད་དགོས་པའི་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད། ཕྱི་ལོ་༢༠༠༠ ཡས་མས་སུ་སྨན་ཁང་འདིར་རང་རིགས་གཙོས་པའི་རྒྱ་གར་ཡུལ་མི་དང་ཕྱི་རྒྱལ་བ་སོགས་ཆ་སྙོམས་བྱས་ན་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་མི་གྲངས་ ༥༥ ཙམ་སླེབ་བཞིན་ཡོད་པ་དང་། དབུས་སྨན་རྩིས་ཁང་གི་བཀའ་དགོངས་བཞིན་ཡན་ལག་སྨན་ཁང་འདི་ནས་ཟླ་གཉིས་རེའི་མཚམས་སུ་འཆར་ཅན་བདུན་ཕྲག་གཅིག་གི་རིང་ཉེ་འགྲམ་དུ་ཡོད་པའི་རྒྱ་གར་གྱི་མཚོ་ཁའི་གྲོང་ཁྱེར་གྲགས་ཅན་ག་འ་ཞེས་པར་སྐོར་སྐྱོད་སྨན་བཅོས་སུ་སྐྱོད་བཞིན་ཡོད་པ་རེད།

 

༣༽ད་ལྟའི་གནས་སྟངས།

སྨན་ཁང་འདིར་སྨན་པ་གཉིས་དང་། སྨན་སྤྲོད་དང་རྩིས་པ་བཅས་ལས་བྱེད་གཉིས། གླ་པ་གཅིག་བཅས་ཁྱོན་སྨན་ལས་གྲངས་ལྔ་ཡོད། ཉིན་རེར་ཆ་སྙོམས་བྱས་ན་ནད་པ་བསྟེན་གཏུགས་བྱེད་མི་རྒྱ་གར་བ་དང་བོད་པ་ ༤༤ ཙམ་ཡོང་བཞིན་ཡོད། སྨན་ལས་རྣམས་ལ་ལས་ཤག་དང་སྦག་སྦག་གཅིག་བཅས་ཀྱི་མཐུན་རྐྱེན་ཡོད་པ་བཅས་སོ།། སྨན་ཁང་འདི་བཙུགས་པ་ནས་སྨན་པ་གང་མང་འཕོ་འགྱུར་སོང་ཡོད་ཀྱང་འགན་འཛིན་སྨན་པ་ད་ལྟའི་བར་འཕོ་འགྱུར་གནང་མྱོང་མེད།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། འགན་འཛིན་སྨན་པ་ཐུབ་བསྟན་རྒྱལ་མཚན། ༡༩༩༩།༦།༡ ནས་གནང་མུས།

 

བྷེལ་ཀོབ་སེ་ར་ཆོས་སྒར་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

སེ་ར་ཆོས་སྒར་ཡན་ལག་སྨན་ཁང་ནི་ཕྱི་ལོ་ ༢༠༠༡ ཟླ་ ༧ ཚེས་ ༧ ཉིན་དངོས་སུ་དབུ་འབྱེད་བྱས་པ་ཞིག་ཡིན། དགེ་ལུགས་པའི་གདན་ས་ཆེན་པོ་གསུམ་གྱི་ཡ་གྱལ་སེ་ར་ཐེག་ཆེན་ཆོས་སྒར་ནི་རྒྱ་གར་ལྷོ་ཕྱོགས་ཀཱརནཱ་ཊ་ཀ་མངའ་སྡེའི་མེ་སོར་རྫོང་ཁོངས་སུ་ཡོད་པའི་བྷེལ་ཀོབ་བོད་མིའི་གཞིས་ཁོངས་སུ་ཆགས་ཡོད་ལ། ཆོས་སྒར་དེར་སེ་ར་བྱེས་སྨད་གྲྭ་ཚང་གཉིས་ཡོད་པའི་ནང་ཁྱོན་བསྡོམས་དགེ་འདུན་པ་ལྔ་སྟོང་ལྷག་ཡོད། དེ་དང་ཐག་མི་རིང་སར་སྔ་འགྱུར་རྣམ་གྲོལ་གླིང་དང་བཀྲ་ཤིས་ལྷུན་པོ་བཅས་ཡོད། ས་གནས་སྤྱིའི་གནས་བབ་བྷེལ་ཀོབ་སོགས་ལྷོ་ཕྱོགས་སྤྱི་མཚུངས་ཡིན་པས་ཞིབ་ཕྲ་གཞན་དུ་བཀོད་ཡོད་པས་འདིར་བསྐྱར་བརྗོད་བྱེད་པ་ལ་དགོས་པ་མ་མཐོང་།

༢༽ འཕེལ་རིམ།

དེ་སྔོན་བྷེལ་ཀོབ་ཡན་ལག་སྨན་ཁང་ནས་སེ་ར་བྱེས་སྨད་འཕྲོད་བསྟེན་སྨན་ཁང་གཉིས་སུ་གཟའ་འཁོར་རེས་མོས་ཀྱིས་སྨན་སྐོར་བྱེད་བཞིན་པ་དེ་ལྟར་ཡང་། སེར་སྨད་གྲྭ་ཚང་དུ་རྒྱལ་ཁོངས་ཇར་མ་ནི་ཡིན་པའི་ཨད་ཆི་པ་ཌི་ན་ ༼H.poitner༽ མཆོག་ནས་འཕྲོད་བསྟེན་སྨན་ཁང་ཞིག་གསར་རྒྱག་བྱས་ཏེ་དེར་ཕྱི་ལུགས་དང་བོད་སྨན་གྱི་སྡེ་ཚན་སོ་སོར་ཡོད་པ་ཞིག་གསར་འཛུགས་བྱེད་རྩིས་བྱས་ཀྱང་། སྐབས་དེར་སྨན་དང་སྨན་པ་རེག་མིན་གྱིས་སྐབས་ཤིག་རིང་ྋསྐུའི་བླ་སྨན་དམ་པ་ཉག་རོང་ཤར་ཀུན་དགའ་འགྱུར་མེད་མཆོག་དུས་ངེས་མེད་དུ་བརྟག་དཔྱད་གནང་བར་ཕེབས་བཞིན་ཡོད་འདུག དེ་རྗེས་སེར་སྨད་འཕྲོད་བསྟེན་ནས་དབུས་སྨན་རྩིས་ཁང་ལ་འདི་གར་ཡན་ལག་སྨན་ཁང་ཞིག་སྒོ་འབྱེད་ཐུབ་ཚེ་སྨན་ཁང་གི་ཁང་ཁུངས་དང་།  འཛིན་ཆས། སྨན་ལས་པའི་སྡོད་ཤག་དང་འཛིན་ཆས་སོགས་མདོར་ན་སྨན་ལས་པའི་གླ་ཆ་ལས་གཞན་པའི་མཐུན་རྐྱེན་ཡོངས་རྫོགས་ནར་གཏོང་ཞུ་རྒྱུ་ཁས་ལེན་གནང་པ་ལྟར། སྨན་རྩིས་ཁང་ནས་སྨན་པ་བཀྲ་ཤིས་དབང་འདུས་ཆེད་མངགས་བསྐོ་གཏོང་གིས་སྨན་ཁང་དངོས་སུ་དབུ་འབྱེད་གནང་། སྨན་ཁང་འདི་ནས་རེས་གཟའ་ལྷག་པ་འཆར་ཅན་སེར་བྱེས་འཕྲོད་བསྟེན་སྨན་ཁང་དང་། རེས་གཟའ་མིག་དམར་འཆར་ཅན་རྙིང་དགོན་རྣམ་གྲོལ་གླིང་དུ་སྐོར་སྐྱོད་བྱེད་བཞིན་ཡོད། ཕྱི་ལོ་ ༢༠༠༠ ཡས་མས་སུ་སྨན་ཁང་འདིར་ཕོ་གཅོང་དང་། ཡ་སྲིན། ཁྲག་རླུང་། རྩ་དཀར། གྲུམ་བུ་སོགས་བསྟེན་གཏུགས་བྱེད་མཁན་གྱི་ཕྱི་ནང་ནད་པ་ཆ་སྙོམས་ཉིན་རེར་བདུན་ཅུ་ནས་བརྒྱད་ཅུ་བར་སླེབས་བཞིན་ཡོད།

༣༽ ད་ལྟའི་གནས་སྟངས།

ད་ལྟའི་ཆར་སྨན་ཁང་འདིར་སྨན་པ་གཉིས་དང་།  སྨན་སྤྲོད་དང་རྩིས་པ་བཅས་ལས་བྱེད་གཉིས་བཅས་ཁྱོན་བསྡོམས་སྨན་ལས་གྲངས་བཞི་ཡོད། ཉིན་རེར་ཆ་སྙོམས་བྱས་ན་བསྟེན་གཏུགས་བྱེད་མི་རྒྱ་གར་བ་དང་བོད་མི་གྲངས་ ༤༦ ལྷག་ཡོང་བཞིན་ཡོད། སྨན་ལས་རྣམས་ལ་ལས་ཤག་དང་སྤྱི་ཐབ། སྦག་སྦག་གཅིག་བཅས་ཀྱི་མཐུན་རྐྱེན་ཡོད་མུས་རེད།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་བཀྲ་ཤིས་དབང་འདུས། ༢༠༠༡།༧།༧ - ༢༠༠༢།༡༠།༡

༢། སྨན་པ་བསྟན་འཛིན་མཆོག་ལྡན། ༢༠༠༢།༡༠།༢ - ༢༠༠༣།༤།༡༤

༣། སྨན་པ་བསྟན་འཛིན་འོད་ཟེར། ༢༠༠༣།༤།༡༥ - ༢༠༠༦།༨།༢༥

༤། སྨན་པ་བཤད་གྲུབ་ཚེ་རིང་། ༢༠༠༦།༩།༡༠ - ༢༠༠༨།༤།༨

༥། སྨན་པ་བསྟན་འཛིན། ༢༠༠༨།༤།༡༥ - ༢༠༠༩།༡༢།༡༥

༦། སྨན་པ་བསྟན་འཛིན་འོད་ཟེར། ༢༠༠༩།༡༢།༢༠ ནས་གནང་མུས།

   

ནཱ་ཝི་མུམ་བཻ་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

མུམ་བཻ་ཡན་ལག་སྨན་ཁང་ནི་ཕྱི་ལོ་ ༢༠༠༢ ཟླ་ ༩ ཚེས་ ༡༨ ཉིན་དངོས་སུ་སྒོ་འབྱེད་བྱས་པ་ཞིག་ཡིན། གྲོང་ཁྱེར་མུམ་བཻ་ནི་རྒྱ་གར་གྱི་མཧཱ་རཱཥཏྲ་མངའ་སྡེའི་རྒྱལ་ས་ཡིན་ལ། དུས་བཞིར་གནམ་གཤིས་དྲོད་གྲང་སྙོམས་ཤིང་རྒྱ་མཚོའི་འགྲམ་དུ་ཆགས་ཡོད་པར་བརྟེན་མཚོ་ལམ་དང་། མཁའ་ལམ་སོགས་འཛམ་གླིང་ཤར་ནུབ་རྒྱལ་ཁབ་དང་ཡུལ་གྲུ་གང་སར་ཚོང་ལས་དང་།  ཆབ་སྲིད་སོགས་ཀྱི་འབྲེལ་གཏུགས་བྱེད་སའི་གྲོང་ཁྱེར་གྱི་ལྟེ་གནས་ཤིག་ཡིན་པར་མ་ཟད། རྒྱ་གར་ནང་ཁུལ་གྱི་འགྲིམ་འགྲུལ་དང་བཟོ་ཚོང་ལས་རིགས་སོགས་བགྲངས་ལས་འདས་ཤིང་། མི་གྲངས་ས་ཡ་ཉི་ཤུ་རྩ་གཅིག་ལྷག་འདུས་སྡོད་བྱེད་བཞིན་པའི་རྒྱ་གར་གྱི་ཚོང་ལས་ཀྱི་གྲོང་ཁྱེར་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་མ་ཟད་གྲོང་ཁྱེར་འདི་རྒྱ་གར་གི་དཔལ་འབྱོར་དང་ཚོང་ལས་ཀྱི་རྒྱལ་སར་ཡང་ངོས་འཛིན་བྱེད་ཀྱི་ཡོད།

༢༽ འཕེལ་རིམ།

སྨན་རྩིས་ཁང་གི་ལོ་མང་སྔོན་ནས་གྲོང་ཁྱེར་མུམ་བཻ་རུ་ཡན་ལག་སྨན་ཁང་ཞིག་འཛུགས་འཆར་ཡོད་ཀྱང་། དགོས་མཁོའི་གསོལ་སྨན་དང་སྨན་ལས་པའི་མི་འགྲོས་ལྡང་མིན་སོགས་ཀྱིས་རྐྱེན་པས་དུས་ཡུན་གང་འཚམས་སོང་རྗེས་འཛུགས་ཐུབ་པ་བྱུང་ཡོད། དེ་ཡང་མུམ་བཻར་གནས་སྡོད་ལྕམ་ཇ་ཡ་མ་ཧེ་ཤ་ཝ་རིའི་ Jaya Maheshwari བུ་ལ་ཕྱི་ལུགས་ནས་ Leukemia ཞེས་ཟུངས་ཁྲག་ཟད་པའི་ནད་གཞི་ཕོག་སྟེ་ཟླ་རེར་ཁྲག་ཤེལ་དམ་བཞི་ལྔ་ཙམ་བླུགས་དགོས་པ་དང་འགྲོ་གྲོན་ཟླ་རེར་སྒོར་འབུམ་གཅིག་ལྷག་འགྲོ་བཞིན་པ་དེ་དྷ་སར་ཆེད་བཅར་གྱིས་ྋསྐུའི་བླ་སྨན་རྣམ་པར་བསྟེན་གཏུགས་ཀྱིས་ཟླ་གསུམ་རིང་སྨན་བཅོས་བྱས་པ་བརྒྱུད་བསམ་ཡུལ་ལས་འདས་པའི་ཕན་བསྐྱེད་བྱུང་བར་བསྟེན། ལྕམ་ཇ་ཡ་མ་ཧེ་ཤཱ་ཝ་རི་ལགས་ནས་ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་ལོ་གཉིས་ཀྱི་རིང་མུམ་བཻ་གྲོང་ཁྱེར་དུ་སྨན་སྐོར་ཐེངས་ལྔ་ཙམ་གོ་སྒྲིག་ཞུས་པ་དང་། སྨན་སྐོར་དེ་དག་གི་བརྒྱུད་རིམ་ནང་ཕྱི་ལུགས་ཀྱིས་བཅོས་དཀའ་བའི་གཅོང་ནད་རིགས་མང་པོར་ཕན་བསྐྱེད་བྱུང་བ་དང་།

ལྷག་པར་དུ་འབྲས་ནད་ཀྱི་ནད་པ་མང་པོ་ཞིག་ལ་ཕན་བསྐྱེད་མངོན་གསལ་བྱུང་བས། ལྕམ་ཇ་ཡ་མ་ཧེ་ཤཱ་ཝ་རི་ལགས་ཀྱིས་ཁོ་མོའི་བུའི་སྨན་བཅོས་དྲིན་ལན་བསབ་ཕྱིར་དང་གྲོང་ཁྱེར་མུམ་བཻའི་ནད་པ་རྣམས་ལ་དུས་གཏན་དུ་ཕན་པ་བསྒྲུབ་ཕྱིར། དུས་ཡུན་རིང་པོ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་མཐར་མི་ལན་མ་ཧེ་ཤ་ཝ་རི་ Milan Maheshwari ཡི་ཚོང་འབྲེལ་མཉམ་ལས་ཕྱག་རོགས་སྐུ་ཞབས་ཅན་ཏར་ཀན་ཏ་གོག་རི་ Chandrakant Gogri ལགས་ཀྱི་དགེ་རྩ་ Dhanwallabh Charitable Trust ཚོགས་པའི་མཚན་ཐོག་སྨན་ཁང་དང་། སྨན་ལས་པའི་སྡོད་ཤག་བཅས་ལོ་གསུམ་རིང་སྦྱིན་བདག་བྱེད་རྒྱུའི་ཞལ་བཞེས་གནང་བ་ལྟར། སྨན་རྩིས་ཁང་ནས་སྨན་པ་ཀརྨ་སྒྲོལ་མ་དང་།  སྨན་པ་བཀྲ་ཤིས་དབང་འདུས་གཉིས་ཆེད་གཏོང་གིས་མུམ་བཻ་གསར་བའི་ཀོ་པར་ཁེར་ནི་ཞེས་པར་ཕྱི་ལོ་ ༢༠༠༢ ཟླ་ ༩ ཚེས་ ༡༨ ཉིན་ས་གནས་འབྲེལ་ཡོད་དཔོན་རིགས་དང་། སྦྱིན་བདག་ལྕམ་ཇ་ཡ་མ་ཧེ་ཤཱ་ཝ་རིའི་ནང་མི། སྨན་རྩིས་ཁང་གི་འགན་འཛིན་དང་དྲུང་ཆེ། སྨན་སྦྱོར་འགན་འཛིན་སོགས་གནད་ཡོད་མི་སྣ་གྲངས་སུམ་བརྒྱ་ཙམ་ཚང་འཛོམས་ཐོག་ Lion Service Center ཞེས་པའི་ཚོགས་ཁང་དུ་དངོས་གཞིའི་མཛད་སྒོ་དང་འབྲེལ་སྨན་བཅོས་སྨན་ཁང་གསར་འཛུགས་སྒོ་འབྱེད་ཞུས། ཕྱི་ལོ་ ༢༠༠༠ ཡས་མས་སུ་ཡན་ལག་སྨན་ཁང་འདིར་དབུགས་བསགས་དང་།  འབྲས་ནད། གྲུམ་བུ། རྩ་དཀར། ཁྲག་ཤེད་སོགས་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་ཆ་སྙོམས་ཉིན་རེར་བརྒྱད་ཅུ་ནས་དགུ་བཅུ་བར་ཡོད་པ་དང་།  བརྒྱ་ཆའི་དགུ་བཅུ་གོ་དགུ་ནི་རྒྱ་གར་མི་རིགས་ཡིན་པ་རེད།

༣༽ ད་ལྟའི་གནས་སྟངས།

ད་ལྟའི་ཆར་སྨན་ཁང་འདིར་སྨན་པ་གཉིས་དང་། སྨན་སྤྲོད་དང་རྩིས་པ་སོགས་ལས་བྱེད་བཞི། གླ་པ་གཉིས་བཅས་ཁྱོན་བསྡོམས་སྨན་ལས་གྲངས་བརྒྱད་ཡོད། ཉིན་རེར་ཆ་སྙོམས་བྱས་ན་སྨན་ཁང་འདིར་རྒྱ་བོད་གཉིས་ཀྱི་ནད་པ་གྲངས་ ༣༢ ཙམ་བསྟེན་གཏུགས་བྱེད་དུ་ཡོང་བཞིན་ཡོད། སྨན་ལས་རྣམས་ལ་ལས་ཤག་དང་། སྤྱི་ཐབ། སྦག་སྦག་གཅིག་བཅས་ཀྱི་མཐུན་རྐྱེན་ཡོད།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་ཀརྨ་སྒྲོལ་མ། ༢༠༠༢།༩།༡༥ ནས་ ༢༠༠༤།༩།༡༠

༢། བཀྲ་ཤིས་དབང་འདུས། ༢༠༠༤།༩།༡༥ ནས་ ༢༠༠༨།༤།༨

༣། སྨན་པ་སྟོན་པ་སྐྱབས།༢༠༠༨།༥།༢༠ ནས་  ༢༠༡༠།༥།༧

༤། སྨན་པ་བསྟན་འཛིན་ཆོས་གྲུབ། ༢༠༡༠།༦།༡༥ ནས་གནང་མུས།

   

ལ་དྭགས་རིག་གཞུང་བསྟི་གནས་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

ལ་དྭགས་རིག་གཞུང་བསྟི་གནས་ཁང་ནི་ཕྱི་ལོ་ ༢༠༠༣ ཟླ་ ༦ ཚེས ༣༠ ཉིན་གསར་དུ་དབུ་འབྱེད་གནང་བ་ཞིག་ཡིན། ས་གནས་དེ་ནི་ཇམ་མུ་ཀསྨིར་མངའ་སྡེའི་ཁོངས་སུ་གཏོགས་པའི་ལ་དྭགས་རྒྱལ་ས་གླེ་རུ་ཆགས་ཡོད་ཅིང་།  ལ་དྭགས་གླེ་ནི་ལ་དྭགས་མི་རིགས་ཡོངས་ཀྱི་ཆོས་དང་རིག་གཞུང་དང་། ཆབ་སྲིད་དཔལ་འབྱོར་སོགས་ཀྱི་བསྟི་གནས་ཡིན། ལ་དྭགས་ནི་གནའ་སྔ་མོ་ནས་བོད་དང་འབྲེལ་འདྲེས་ཤིན་ཏུ་ཆེ་བ་ལོ་རྒྱུས་ཀྱི་བཞུར་རྒྱུན་ཤིན་ཏུ་རིང་ལ། ད་ལྟ་ཡང་སྔར་རྒྱུན་བཞིན་ཆོས་དང་རིག་གཞུང་གཅིག་གྱུར་ཡིན་པ་མ་ཟད་གང་ཅིའི་ཐད་ནས་འབྲེལ་བ་དམ་ཟབ་ཡོད་པ་ཡིན། ས་གནས་འདི་ནི་རྒྱ་མཚོའི་ངོས་ན་ཕི་ཊི་ ༡༡༤༩༩ འམ་མི་ཊར་ ༣༥༠༥ ཡོད་པས་གནམ་གཤིས་ཤིན་ཏུ་གྲང་བའི་ས་ཁུལ་ཞིག་ཡིན་པ་ཡོངས་གྲགས་དང་།  དབྱར་དུས་སུ་གནམ་གཤིས་ཅུང་བཟང་པས་ཡུལ་ཕྱོགས་གང་ས་ནས་ཡུལ་སྐོར་སྤྲོ་འཁྱམ་མང་པོ་འཛོམས་སའི་གནས་ཤིག་ཡིན་པ་རེད།

༢༽ འཕེལ་རིམ།

རིག་གཞུང་བསྟི་གནས་ཁང་འདི་བཞིན་ས་གནས་མི་མང་གི་རེ་འདུན་ལྟར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་འབུལ་ཞུས་པ་བཞིན་ཕྱི་ལོ་ ༡༩༩༨ ཙམ་ནས་ལས་གཞི་མགོ་འཛུགས་གནང་ཡོད་ཅིང་། འཛིན་སྐྱོང་ནས་བསྟན་འཛིན་རྡོ་རྗེ་ལགས་གཞི་རྒྱ་ཆེ་བའི་ལས་གཞི་དེའི་འཆར་འགོད་སོགས་ཀྱི་འགན་ལེན་གནང་མཁན་དུ་བསྐོ་བཞག་སྩལ་དོན་བཞིན་ཨར་ལས་མགོ་འཛུགས་ཞུས་ཏེ། ཕྱི་ལོ ༢༠༠༣ ལོར་ལེགས་འགྲུབ་བྱུང་ཞིང་། དེ་ནས་ཕྱི་ལོ་ ༢༠༠༥ བར་བསྟན་འཛིན་རྡོ་རྗེ་བསྟི་གནས་ཁང་དེའི་འཛིན་སྐྱོང་འགན་འཛིན་གནང་བའི་ལས་ཞོར་དུ་སྨན་རྒྱུ་འཚོལ་སྒྲུབ་སོགས་ཀྱི་ལས་དོན་སྣ་མང་བསྒྲུབས། བསྟན་འཛིན་རྡོ་རྗེ་ལགས་ནས་འགན་འཛིན་གནང་རིང་བསྟི་གནས་ཁང་འདི་འཛིན་སྐྱོང་གི་ཁྱབ་ཁོངས་སུ་བཞག་འདུག། དེ་ནས་རིམ་གྱིས་སྨན་པ་ཆེད་སྡོད་བྱས་པ་ནས་རིམ་པས་ཡན་ལག་སྨན་ཁང་ཞིག་ཡོད་པའི་དབང་གིས་ད་ལྟ་འཛིན་སྐྱོང་དང་སྨན་ཁང་གཉིས་ཀྱི་འགན་འཛིན་གཅིག་ལྕོགས་གཅིག་ལས་མེད་པ་རེད། རིག་གཞུང་བསྟི་གནས་ཁང་འདིར་མི་སུམ་བརྒྱ་ཙམ་ཤོང་བའི་ཚོགས་ཁང་དང་།  འོག་རིམ་དུ་འགྲེམས་སྟོན་ཁང་ཞིག་ཀྱང་ཡོད། བསྟི་གནས་ཁང་དེ་བཞིན་བཙུགས་པའི་དགོས་པ་ནི་ལ་དྭགས་ཁུལ་དུ་བོད་ཀྱི་རིག་གནས་བསྟི་གནས་ཁང་ཞིག་ཡོད་ཚེ་ཕྱི་ནང་གི་དོན་གཉེར་ཅན་རྣམས་ལ་སྨན་རྩིས་རིག་གནས་ངོ་སྤྲོད་དང་ཟབ་སྦྱོང་གང་མང་གོ་སྒྲིག་ཞུས་ཏེ་བོད་ཀྱི་ཐུན་མིན་སྨན་རྩིས་རིག་གནས་ཀྱི་སྒོ་ནས་ཞབས་འདེགས་གང་ཐུབ་ཞུ་རྒྱུ་དེ་ཡིན་ཞིང་། དམིགས་ཡུལ་དེ་ལྟར་བཟུང་བ་བཞིན་སྔ་ཕྱི་བར་གསུམ་དུ་ཟབ་སྦྱོང་ཐེངས་མང་གོ་སྒྲིག་ཞུས་དང་ཞུ་བཞིན་ཡོད་པ་རེད། ས་གནས་མི་མང་གི་དགོས་མཁོར་དམིགས་ཏེ་རྒྱུན་དུ་སྨན་པ་ཆེད་འཛུགས་ཀྱིས་བརྟག་དཔྱད་སྨན་བཅོས་ཀྱང་བྱེད་བཞིན་ཡོད་པས་ད་ཆ་ས་གནས་མི་མང་ཙམ་དུ་མ་ཟད་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཁྱམ་པ་བཅས་ལ་དགེ་ཕན་གང་ལེགས་བྱུང་དང་འབྱུང་བཞིན་ཡོད་པ་བཅས་སོ།།

༣༽ ད་ལྟའི་གནས་སྟངས།

སྨན་པ་གཉིས་དང་། སྨན་སྤྲོད་རྩིས་པ་སོགས་ལས་བྱེད་དྲུག ཆོད་གན་ལས་བྱེད་གཅིག་དང་། ལས་མི་གཅིག་བཅས་ཁྱོན་བསྡོམས་བཅུ་ཡོད་ཅིང་།  ཁོང་ཚོ་ས་གནས་དེ་ཙམ་དུ་མ་ཟད་བྱང་ཐང་བི་ལ་ས་དང་ཆུ་ཤུལ་སོགས་སུ་རྒྱུན་དུ་སྨན་སྐོར་དུ་འགྲོ་མུས་ཡིན་པ་རེད། དེ་དག་ནས་སྔར་བཞིན་སྨན་རྒྱུ་འཚོལ་སྒྲུབ་དང་མངགས་ཉོ། འཐུ་སྒྲུབ་བྱེད་བཞིན་ཡོད་ལ། སྨན་ལས་རྣམས་ཀྱི་མཐུན་རྐྱེན་ཐད་གསོལ་ཐབ་དང་ལས་ཤག རླངས་འཁོར་ཆེ་ཆུང་གཉིས་དང་། ཁྲི་རྟ་བཅས་ཀྱི་མཐུན་རྐྱེན་དང་མགྲོན་ཁང་ཁང་མིག་ཁ་ཤས་བཅས་ཡོད།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། ཨར་ལས་དང་འཛིན་སྐྱོང་འགན་འཛིན་བསྟན་འཛིན་རྡོ་རྗེ། ༡༩༩༨།༢།༡ ནས་ ༢༠༠༥།༣།༡༦ ༼བསྟན་འཛིན་རྡོ་རྗེ་གནས་སྤོས་སོང་རྗེས་འགན་འཛིན་སྨན་པའི་མིང་དང་ལོ་དུས།༽

༡། སྨན་པ་འགན་འཛིན་དཀོན་མཆོག་ཚེ་རིང་། ༢༠༠༤།༩།༢༥ ནས་ ༢༠༡༠

༢། སྨན་པ་བསྟན་འཛིན་མཐའ་ཡས། ཕྱི་ལོ་༢༠༡༡།༥།༢༠ ནས་གནང་མུས།

   

ཨི་ཊ་ནགར་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

སྨན་ཁང་འདི་ནི་སྔར་ནས་ཡོད་མུས་ཀྱང་སྐབས་ཤིག་ནས་ས་གནས་ལ་དཀའ་ངལ་འཕྲད་དབང་གིས་ཁུ་བསྡུ་བྱེད་དགོས་བྱུང་འདུག་ཀྱང་།  ྋགོང་ས་མཆོག་ལ་ས་གནས་ཀྱི་མི་མང་གིས་རེ་སྐུལ་ཞུས་པ་བཞིན་ཕྱི་ལོ་ ༢༠༠༣ ལོར་སྨན་ཁང་བསྐྱར་འཛུགས་གནང་བ་ཞིག་རེད། ཨི་ཊ་ནགར་འདི་བཞིན་ཨ་རུ་ན་ཅཱལ་མངའ་སྡེའི་རྒྱལ་ས་ཡིན་པས་གྲོང་ཁྱེར་འདིའི་ནང་མི་འབོར་ ༣༤༧༧༠ ཡོད་པ་དང་མི་རིགས་མང་ཆེ་བ་ཉི་ཤི་མི་རིགས་ཡིན་པས་སྐད་ཡིག་ཀྱང་ཉི་ཤི་གཙོ་ཆེ། ས་གནས་འདིར་དབྱར་དུས་ཆར་ཆུ་འབེལ་བོ་ཡོད་ཅིང་།  དགུན་དུས་རྒྱ་གར་གྱི་ས་ཁུལ་གཞན་དག་དང་བསྡུར་ན་གྲང་ངར་ཆེན་པོ་ཡོད་པའི་ས་གནས་ཤིག་ཡིན་པ་བཅས་སོ།།

༢༽ འཕེལ་རིམ།

ལོ་དུས་མི་གསལ་ཡང་སྔར་ནས་ཁུལ་དེར་ཡན་ལག་སྨན་ཁང་བཙུགས་པ་ཕྱིས་སུ་ས་གནས་རང་གི་དཀའ་ངལ་ལ་བརྟེན་རེ་ཞིག་སྒོ་རྒྱག་དགོས་བྱུང་ཡོད་ཀྱང་། ཕྱི་ལོ་ ༢༠༠༣ ལོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ས་གནས་དེར་ཆིབས་སྒྱུར་བསྐྱངས་སྐབས་ས་གནས་མི་མང་ནས་སྔར་གྱི་སྨན་རྩིས་ཁང་གི་ཡན་ལག་དེ་བཞིན་བསྐྱར་འཛུགས་ཡོང་བའི་གསོལ་འདེབས་ཞུས་དོན་བཞིན་ལོ་དེར་བསྐྱར་འཛུགས་ཞུས། ཨ་རུ་ན་ཅཱལ་ཡན་ལག་སྨན་ཁང་གི་ལས་ཤག་རང་བདག་མིན་ལ་ཨི་ཊ་ནགར་ནང་པའི་ཆོས་ཚོགས་ཀྱིས་སྨན་རྩིས་ཁང་ལ་ཁང་པ་ཉམས་གསོའི་ཆེད་སྣེ་རིན་ཟླ་རེར་ཧིན་སྒོར་ ༣༦༣༨ ལ་མཐུན་འགྱུར་གནང་མུས་ཡིན་པ་རེད། ས་གནས་འདིར་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་ཕལ་ཆེ་བ་ནི་ཕོ་བ་བད་རླུང་གི་གཞི་དང་བད་ཀན་སྨུག་པོ་ཆུ་སྐྱུར་ཅན་གྱི་ནད་གཞི་བརྒྱ་ཆ་ ༤༠། དེ་བཞིན་རྩ་དཀར་རྩ་གྲུམ་ནད་གཞི་བརྒྱ་ཆ་ ༣༠། གཞང་འབྲུམ་ཁྲག་འཛགས་ཅན་གྱི་ནད་གཞི་བརྒྱ་ཆ་ ༢༠། ཡུན་རིང་དྲི་ཐོག་རྩ་འགགས་ཅན་གྱི་ནད་གཞི་བརྒྱ་ཆ་ ༣༠། མཁྲིས་དུག་མཁྲིས་སྨུག་ཅན་གྱི་ནད་གཞི་བརྒྱ་ཆ་ ༡༥། མཁལ་གྲང་མཁལ་རླུང་ཅན་གྱི་ནད་གཞི་བརྒྱ་ཆ་ ༢༠། མངལ་སྐྱོན་མངལ་སྐྲན་ཅན་གྱི་ནད་གཞི་བརྒྱ་ཆ་ ༡༠། རྒྱུ་ཚད་ཅན་གྱི་ནད་གཞི་བརྒྱ་ཆ་ ༢༠། མཁལ་རྡེའུ་ཅན་གྱི་ནད་གཞི་བརྒྱ་ཆ་ ༡༠། བུད་མེད་གྲང་དཀར་འཛག་པ་ཅན་གྱི་ནད་གཞི་བརྒྱ་ཆ་ ༢༠ བཅས་ཡིན་འདུག

༣༽ ད་ལྟའི་གནས་བབ།

ད་ལྟའི་ཆར་སྨན་ཁང་འདིར་སྨན་རྩིས་ཁང་གི་མ་ཡིན་པའི་སྨན་པ་གཅིག་དང་། སྨན་སྤྲོད་དང་རྩིས་པ་གཅིག་ལྕོགས་གཅིག གླ་པ་གཅིག་བཅས་སྨན་ལས་གྲངས་གསུམ་ཡོད། ཉིན་རེར་ཆ་སྙོམས་བྱས་ན་རྒྱ་གར་བ་དང་བོད་པ་གྲངས་ ༩ ལྷག་ལ་བརྟག་དཔྱད་གནང་བཞིན་ཡོད། སྨན་ལས་རྣམས་ལ་ལས་ཤག་དང་སྦག་སྦག་གཅིག་གི་མཐུན་རྐྱེན་ཡོད་པ་བཅས་སོ།།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་པདྨ་རྡོ་རྗེ། ༡༩༨༤ ནས་ ༡༩༨༩།༣།༢༥

༢། སྨན་པ་རྡོ་རྗེ་ཚེ་བརྟན། ༡༩༨༩།༤།༡ ནས་ ༡༩༩༤།༣།༡༠ ༼དེའི་རྗེས་བར་སྐབས་རིང་སྨན་ཁང་སྒོ་བརྒྱབ་དགོས་བྱུང་།༽

༣། བློ་བཟང་བཟོད་པ། ༢༠༠༣།༡༢།༡༧ ནས་ ༢༠༠༤།༤།༥

༤། སྨན་པ་ཤཱཀྱ་རྒྱལ་མཚན། ༢༠༠༤།༤།༡༥ ནས་ ༢༠༠༨།༤།༨

༥། སྨན་པ་བསྟན་འཛིན་ཡེ་ཤེས། ༢༠༠༨།༦།༡ ནས་ ༢༠༠༩།༤།༣

༦། སྨན་པ་བསྟན་འཛིན་ལྷ་མཛེས། ༢༠༠༩།༤།༡༥ ནས་ ༢༠༡༠།༥།༧

༧། སྨན་པ་ཐུབ་བསྟན་རྣམ་གྲོལ། ༢༠༡༠།༥།༡༥ ནས་གནང་མུས།

   

ཀྲུ་ཀྲིང་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

ཀྲུ་ཀྲིང་ཡན་ལག་སྨན་ཁང་དེ་བཞིན་ཐོག་མར་ ༢༠༠༣ ཟླ་ ༡༢ ནང་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཀྲུ་ཀྲིང་ས་གནས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་ས་གནས་མི་མང་རྣམས་ནས་ནད་མནར་སྨན་བཅོས་མཐུན་རྐྱེན་ཇི་བཞིན་མེད་པས་སྨན་རྩིས་ཁང་གི་ཡན་ལག་ཅིག་འཛུགས་སྐྱོང་ཡོང་བ་དང་། སྨན་ཁང་དང་ལས་ཤག་བཅས་ས་གནས་ནས་གྲ་སྒྲིག་ཞུ་རྒྱུ་ཡིན་ཞེས་སྙན་སེང་ཞུས་པ་ལྟར། ཕྱི་ལོ་ ༢༠༠༤ ཟླ་ ༦ ཚེས་ ༣ ཉིན་གསར་འཛུགས་བསྐྱངས་པ་ཞིག་ཡིན་འདུག ཡན་ལག་སྨན་ཁང་ཡོད་སའི་ས་གནས་འདི་ནི་བོད་དང་ས་འབྲེལ་དང་ལྷག་པར་བོད་ཀྱི་ཡར་ཀླུང་གཙང་པོའི་འགྲམ་རྒྱུད་དུ་གཏོགས་པའི་ཨ་རུ་ན་ཅཱལ་མངའ་སྡེའི་ནང་གི་ཨ་པར་སི་ཡང་ཞེས་པའི་རྫོང་ཁོངས་སུ་ཆགས་ཡོད་ལ། རྫོང་དེའི་ཁོངས་སུ་མི་འབོར་ ༣༥༢༨༩ ཙམ་ཡོད་པ་རྣམས་ཕལ་ཆེ་བ་མོན་རིགས་ཡིན་པས་སྐད་ཡིག་ཨ་ཌི་དང་ཧིན་བོད་ཡིན་པ་མ་ཟད་། ཡི་གེ་ཡང་བོད་ཨིན་དང་ལེ་ཌིན་བཅས་ཡིན།

༢༽ འཕེལ་རིམ།

ཀྲུ་ཀྲིང་ས་གནས་མི་མང་གིས་རོགས་དངུལ་ཐབས་ཤེས་ཀྱིས་སྒོར་འབུམ་ཙམ་འགྲོ་གྲོན་བཏང་སྟེ་སྨན་ཁང་གསར་རྒྱག་བྱས་པའི་ནང་བརྟགས་དཔྱད་ཁང་དང་། རྩིས་ཁང་གཅིག སྨན་སྤྲོད་ཁང་གཅིག་བཅས་ཆ་བགོས་བྱས་ཏེ་སྨན་བཅོས་ཞུ་བཞིན་ཡོད། ཀྲུ་ཀྲིང་ས་གནས་དེ་བཞིན་གཞན་དང་མི་འདྲ་བའི་འགྲུལ་བསྐྱོད་ཀྱི་ཐད་ཧ་ཅང་གི་དཀའ་ངལ་ཆེན་པོ་ཡོད་པ་དང་།  སྐབས་རེའི་སྨན་ཁང་གི་དགོས་མཁོའི་ཙག་ཙིག་སོགས་ཉོ་སྐབས་ཚོང་ཁང་ཚད་ལྡན་མེད་སྟབས་རྩིས་ཀྱི་འགྲོ་ལུགས་བཞིན་བྱུང་འཛིན་ངོ་མ་རེག་ཐབས་མེད་པ་སོགས་དཀའ་ངལ་མང་དག་ཅིག་ཡོད་ནའང་སྨན་ལས་རྣམས་ནས་མུ་མཐུད་དུ་སྨན་བཅོས་དང་བརྟག་དཔྱད་སོགས་འགྲོ་ཕན་གྱི་ལས་དོན་གང་ཐུབ་བྱེད་བཞིན་ཡོད་འདུག སྨན་ཁང་འདིར་རྒྱུན་དུ་སྨན་བསྟེན་མཁན་གྱི་ནད་གཞི་མང་ཆེ་བ་ནི་དྲེག་གྲུམ་དང་། ཆུ་སེར་ནད་གཞི། ཕོ་ནད། རྩ་དཀར། ཁྲག་ཤེད་སོགས་ཡིན་འདུག

༣༽ ད་ལྟའི་གནས་སྟངས།

ད་ལྟའི་ཆར་སྨན་ཁང་འདིར་སྨན་རྩིས་ཁང་གི་མ་ཡིན་པའི་སྨན་པ་གཅིག་དང་། སྨན་སྤྲོད་དང་རྩིས་པ་གཅིག་ལྕོགས་གཅིག གླ་པ་གཉིས་བཅས་ཁྱོན་སྨན་ལས་གྲངས་བཞི་ཡོད། ཉིན་རེར་ཆ་སྙོམས་བྱས་ན་རྒྱ་གར་བ་དང་བོད་པ་གྲངས་ ༥ ལྷག་ལ་བརྟག་དཔྱད་གནང་བཞིན་ཡོད། སྨན་ཁང་ལ་མཐུན་རྐྱེན་སྦག་སྦག་གཅིག་ལས་མེད།

༤༽ འགན་འཛིན་སྨན་པའི་མིང་་དང་ལོ་དུས།

༡། སྨན་པ་དམ་ཆོས་རབ་འབྱོར། ༢༠༠༤།༤།༡༥ ནས་ ༢༠༠༧།༦།༤

༢། སྨན་པ་ཕུན་ཚོགས་དབང་འདུས། ༢༠༠༧།༦།༡༥ ནས་གནང་མུས།

   

དིལླི་བྷུདྷ་བི་ཧར་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

ལ་དྭགས་ནང་པའི་གཙུག་ལག་ཁང་གི་ངེས་སྟོན་པ་ཟུར་བ་ཟླ་བ་ལགས་ནས་ཐོག་མར་འདི་ག་སྨན་རྩིས་ཁང་དུ་ཆེད་བཅར་གྱིས་དིལླི་ལ་དྭགས་ནང་དགོན་དུ་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཞིག་གསར་འཛུགས་ཡོང་བའི་འབོད་སྐུལ་གནང་བ་དང་། དེ་རྗེས་ངེས་སྟོན་པ་གསར་པ་ནས་སླར་ཡང་འབོད་སྐུལ་གནང་དོན་བཞིན་འདི་ནས་ཕྱི་ལོ་ ༢༠༠༥ ཟླ་ ༡༢ ཚེས་ ༢ ཉིན་སྨན་ཁང་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་དིལླི་སྐུ་ཚབ་དོན་གཅོད་ཁང་གི་སྐུ་ངོ་མཚོ་མགོ་ལྷག་པ་ལགས་གཙོ་བཞུགས་ཐོག་དབུ་འབྱེད་གནང་བ་ཞིག་ཡིན། ས་གནས་དེ་ནི་ཡ་མུ་ན་གཙང་པོའི་མཁྲིས་རང་ཡོད་ལ་བོད་མིའི་གཞིས་སྒར་བསམ་ཡས་གླིང་དང་ཀི་ལོ་མི་ཊར་ ༼༤༽ཙམ་ཡོད་པའི་སར་ཡོད་པས་ས་གནས་སྤྱིའི་གནས་བབ་གཅིག་མཚུངས་ཡིན། འོན་ཀྱང་ས་གནས་འདིར་ལ་དྭགས་ནང་པའི་རིག་གཞུང་བསྟི་གནས་ཁང་ཞིག་ཡོད་པས་ཆ་ནས་ཧི་མ་ལ་ཡའི་རི་རྒྱུད་ཁག་གི་མི་རིགས་དང་བོད་མི་འདུས་སྡོད་བྱེད་ས་གཙོ་བོ་ཞིག་ཡིན་པ་མ་ཟད། བོད་རིགས་ཚོང་ལས་གཉེར་མཁན་གང་མང་ཡོད་པ་བཅས་ལ་བརྟེན་ཕར་འགྲོ་ཚུར་འོང་གི་བྲེལ་ཟིང་དོད་པོ་ཡོད་པའི་ས་གནས་ཤིག་ཡིན།།

༢༽ འཕེལ་རིམ།

ཕྱི་ལོ་ ༢༠༠༥ བར་ས་གནས་འདིར་དིལླི་བོད་སྒར་ཡན་ལག་སྨན་ཁང་གི་སྨན་པས་སྨན་སྐོར་གྱིས་ཁུལ་དེའི་ནད་པ་རྣམས་ལ་སྨན་བཅོས་གནང་ཡོད་ནའང་ས་གནས་དེར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་དང་བོད་མི་གང་མང་ཡོད་པའི་རྐྱེན་གྱིས་ས་གནས་མི་མང་གི་རེ་སྐུལ་ཞུས་དོན་ལྟར་གསར་དུ་བཙུགས་པ་ཞིག་ཡིན་པ་བཅས་སོ།།

༣༽ ད་ལྟའི་གནས་སྟངས།

ད་ལྟའི་ཆར་སྨན་ཁང་འདིར་སྨན་པ་གཅིག་དང་། སྨན་སྤྲོད་དང་རྩིས་པ་བཅས་ལས་བྱེད་གཉིས་བཅས་ཁྱོན་བསྡོམས་སྨན་ལས་གྲངས་གསུམ་ཡོད། ཉིན་རེར་ཆ་སྙོམས་བྱས་ན་རྒྱ་གར་བ་གྲངས་ ༨ ལྷག་ཙམ་ཡོང་བཞིན་ཡོད། སྨན་ལས་རྣམས་ལ་ལས་ཤག་དང་སྤྱི་ཐབ་བཅས་ཀྱི་མཐུན་རྐྱེན་མེད།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་བཀྲ་ཤིས་བསྟན་འཛིན། ༢༠༠༥།༡༠།༡༥ ནས་ ༢༠༠༨།༤།༨

༢། སྨན་པ་པདྨ་དབྱངས་ཅན། ༢༠༠༨།༥།༡༨ ནས་ ༢༠༡༠།༡༠།༢༡

༣། སྨན་པ་བློ་བཟང་སྒྲོལ་དཀར། ༢༠༡༡།༡།༡ ནས་གནང་མུས།

   

མུམ་བཻ་མ་ལཱཌ་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

མུམ་བཻ་མ་ལ་སྨན་ཁང་འདི་བཞིན་ཕྱི་ལོ་ ༢༠༠༧ ཟླ་ ༨ ཚེས་ ༢༡ ཉིན་མགོ་འཛུགས་བྱས་པ་ཞིག་ཡིན། གྲོང་ཁྱེར་མུམ་བཻ་ནི་རྒྱ་གར་གྱི་མཧཱ་རཱཥཏྲ་མངའ་སྡེའི་རྒྱལ་ས་ཡིན་ལ། དུས་བཞིར་གནམ་གཤིས་དྲོད་གྲང་སྙོམས་ཤིང་རྒྱ་མཚོའི་འགྲམ་དུ་ཆགས་ཡོད་པར་བརྟེན་མཚོ་ལམ་དང་། མཁའ་ལམ་སོགས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དང་ཡུལ་གྲུ་གང་སར་ཚོང་ལས་དང་ཆབ་སྲིད་སོགས་ཀྱི་འབྲེལ་གཏུགས་བྱེད་སའི་ལྟེ་གནས་ཤིག་ཡིན་པར་མ་ཟད། རྒྱ་གར་ནང་ཁུལ་གྱི་འགྲིམ་འགྲུལ་དང་བཟོ་ཚོང་ལས་རིགས་སོགས་བགྲང་ལས་འདས་ཤིང་། མི་གྲངས་བྱེ་བ་གཅིག་ལྷག་འདུས་སྡོད་བྱེད་བཞིན་པའི་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཤོས་ཀྱི་གྲས་ཤིག་ཡིན།

༢༽འཕེལ་རིམ།

སྨན་ཁང་འདི་བཙུགས་ནས་དུས་ཡུན་མང་པོ་སོང་མེད་པས་དམིགས་བསལ་འཕེལ་རིམ་གྱི་བྱུང་བ་དེ་ཙམ་ཤོད་རྒྱུ་མེད་ཀྱང་མགོ་འཛུགས་བྱས་པ་ནས་སྨན་ཁང་རང་བདག་མེད་པར་རོགས་སྐྱོར་འོག་གནས་ཡོད་པ་དང་།  སྨན་ལས་པ་རྣམས་ཀྱི་ལས་ཤག་ཁང་གླ་ཁོ་ནའི་ཐོག་བསྡད་ཡོད་ལ། ལོ་རེ་ནས་ལོ་རེར་ཅ་དངོས་གོང་ཚད་ཇེ་མཐོར་ཕྱིན་པའི་དབང་གིས་ཁང་གླ་ཡང་འཕར་ཏེ་ཐེངས་ཁ་ཤས་སྨན་ལས་པ་རྣམས་གནས་སྤོ་བྱེད་དགོས་པའི་གནས་སྟངས་བྱུང་ཡོད་པའི་གནས་ཚུལ་དབུས་སུ་ཞིབ་བརྗོད་རེ་བསྐུལ་ཞུས་པ་བཞིན། ད་ཆ་ཞིབ་འཇུག་གི་ལས་དོན་འགྲོ་བཞིན་ཡོད། སྨན་ཁང་འདིར་བརྟག་དཔྱད་སྨན་བཅོས་གནང་བའི་ནད་རིགས་མང་ཤོས་ཁག་ལྔ་ནི། གྲུམ་བུའི་ནད་རིགས་དང་། གློ་ནད་དབུགས་མི་བདེ་བ། ཕོ་ནད་མ་ཞུ་སྨུག་པོའི་རིགས། པགས་ནད་ཆུ་སེར་རིགས། རྩ་དཀར་དང་འབམ་རིགས་བཅས་ཡིན་ལ། འབྲས་ནད་རིགས་ཀྱང་སྨན་ཁང་དུ་ཐོ་འགོད་གནང་སྟེ་ནད་པ་གྲངས་ ༤༨ སྨན་བཅོས་གནང་བཞིན་པ་ལས། ཁྲག་གི་འབྲས་ནད་གཉིས་དང་། སྨིན་བུའི་འབྲས་ནད་གཅིག་བཅས་གསུམ་ལ་ཕན་བསྐྱེད་ཆེན་པོ་བྱུང་ཡོད་འདུག

༢༽ ད་ལྟའི་གནས་སྟངས།

ད་ལྟའི་ཆར་སྨན་ཁང་འདིར་སྨན་པ་གཅིག་དང་། སྨན་སྤྲོད་རྩིས་པ་གཉིས་བཅས་སྨན་ལས་གྲངས་གསུམ་ཡོད། ཉིན་རེར་ཆ་སྙོམས་བྱས་ན་རྒྱ་གར་བ་བསྟེན་གཏུགས་བྱེད་མི་གྲངས་ ༣༢ ལྷག་ཡོང་བཞིན་ཡོད། སྨན་ཁང་གི་དཀའ་སེལ་སླད་སྦག་སྦག་གཅིག་ཡོད་འདུག་པ་ལས་དམིགས་བསལ་མཐུན་རྐྱེན་གཞན་མེད་པ་རེད།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡།སྨན་པ་དམ་ཆོས་རབ་འབྱོར། ༢༠༠༧།༦།༤ ནས་གནང་མུས།

   

ཨཧ་མ་ད་བཱད་ཁུལ་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

ཨཧ་མ་ད་བཱད་ཁུལ་ཡན་ལག་སྨན་ཁང་ནི་དེ་སྔ་ནས་སྨན་རྩིས་ཁང་གི་སྨན་ཟ་བཞིན་པའི་ནད་པ་ ༼སྐུ་ཞབས་ Manoj Vadodari༽ ནས་དེ་ཁུལ་ཡན་ལག་སྨན་ཁང་གསར་འཛུགས་ཡོང་བའི་རེ་སྐུལ་ཞུས་པ་བཞིན་ཕྱི་ལོ་ ༢༠༠༧ ཟླ་ ༨ ཚེས་ ༢ ཉིན་དབུ་འབྱེད་བྱས་པ་ཞིག་ཡིན། ཨཧ་མ་ད་བཱད་ས་གནས་འདི་ནི་གུཇ་རཱཏ་མངའ་སྡེའི་རྫོང་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༡༡ ལོར་དྲྭ་ལམ་དུ་མི་འབོར་གྲངས་གནས་སྤེལ་གསལ་ལྟར་ན་རྫོང་ཁོངས་དེ་མི་གྲངས་ ༥༥༧༠༥༨༥ ཡོད་པར་འཁོད་འདུག་ལ། ས་གནས་དེའི་ནང་སྐད་ཡིག་གུཇ་རཱཏི་དང་ཧིན་སྐད་སྤྱོད་ཀྱིན་ཡོད་པ་དང་། ཐོན་ཁུངས་གཙོ་བོ་ནི་ཕ་ལམ་ཡིན་པ་མ་ཟད། རས་གོས་བཟོ་གྲྭ་གང་མང་ཡོད་པའི་ས་གནས་ཤིག་ཡིན་པར་བཤད།

སྨན་ཁང་འདི་ཉིད་བཙུགས་ནས་ད་ལྟའི་བར་དུས་ཡུན་མང་པོ་སོང་མེད་སྟབས་དམིགས་བསལ་འཕེལ་རིམ་གྱི་བྱུང་བ་བརྗོད་རྒྱུ་མེད་ཀྱང་།  སྐུ་ཞབས་ Manoj Bhai ཞེས་པས་ཨཧ་མ་ད་བཱད་ཁུལ་དུ་ཡན་ལག་སྨན་ཁང་གསར་འཛུགས་ཡོང་བའི་རེ་སྐུལ་དང་སྨན་ཁང་དང་ལས་ཤག་བཅས་ཁོ་རང་ངོས་ནས་མཐུན་འགྱུར་གནང་རྒྱུར་ཁས་བླངས་ལ་བརྟེན་སྔ་རྗེས་སུ་ཡན་ལག་སྤྱི་འགན་དང་། འཛིན་སྐྱོང་འགན་འཛིན་ཆེད་བསྐྱོད་ཀྱིས་ཁང་ཁུངས་རྣམས་དགོས་མཁོ་བཞིན་ཡོད་མིན་རྟོགས་ཞིབ་བྱས་ཏེ་བཟོ་བཅོས་དགོས་པའི་རིགས་རྣམས་གྲུབ་མཚམས་ཡན་ལག་སྨན་ཁང་སྒོ་དབྱེ་ཞུ་རྒྱུ་གཏན་འཁེལ་བྱས་ཏེ་གསར་འཛུགས་ཞུས་པ་ནས་ཁང་ཁུངས་སྦྱིན་བདག་རང་ཉིད་ཀྱིས་མཐུན་འགྱུར་གནང་བས་ཁང་གླ་དང་ཆུ་རིན་རྣམས་གང་ཡང་སྤྲོད་མི་དགོས་པའི་ཐོག ཡན་ལག་སྨན་ཁང་འདིར་བརྟག་དཔྱད་ཁང་གཉིས་ཡོད་པའི་ནང་གི་འཛིན་ཆས་ཆ་ཚང་དང་སྨན་སྤྲོད་ཁང་དང་རྩིས་ཁང་ནང་གི་འཛིན་ཆས་མང་ཆེ་བ། སྨན་ཁང་དུ་གློག་ཀླད་འཐུས་ཚང་གཅིག ནད་པའི་སྒུག་སྡོད་ཁང་གི་རྐུབ་སྟེགས་རྣམས་སྨན་ལས་པ་རྣམས་ཀྱི་ལས་ཤག་བཅས་སྦྱིན་བདག་ཁོང་གིས་མཐུན་འགྱུར་གནང་འདུག་པར་མ་ཟད། སྨན་ཁང་གི་ཁོར་ཡུག་གཙང་བཟོ་བྱེད་མཁན་གད་པའི་གླ་ཆ་དང་། དེ་བཞིན་འདི་གའི་ལས་བྱེད་རྣམས་ཀྱི་དཀའ་ངལ་ལའང་ཁོང་གིས་གང་ཐུབ་ཀྱིས་གཟིགས་རྟོགས་གནང་བཞིན་མཆིས།

༢༽ ད་ལྟའི་གནས་སྟངས།

ད་ལྟའི་ཆར་སྨན་ཁང་འདིར་སྨན་པ་གཉིས་དང་། སྨན་སྤྲོད་རྩིས་པ་སོགས་ལས་བྱེད་གསུམ་བཅས་སྨན་ལས་གྲངས་ལྔ་ཡོད། ཉིན་རེར་ཆ་སྙོམས་བྱས་ན་སྨན་གཏུག་བྱེད་མཁན་རྒྱ་གར་བ་གྲངས་ ༣༣ ལྷག་ཡོང་བཞིན་ཡོད། གོང་ཞུས་བཞིན་ཕྱིའི་མཐུན་རྐྱེན་ཕལ་མོ་ཆེ་སྦྱིན་བདག་རང་གི་བཀའ་དྲིན་ལས་ཐོབ་ཡོད་པ་བཅས་སོ།།

༤༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་མིག་དམར་ལྷ་མོ། ༢༠༠༧།༨།༡༠ ནས་ ༢༠༠༨།༥།༡༠

༢། སྨན་པ་བློ་བཟང་སྒྲོལ་དཀར། ༢༠༠༨།༥།༢༥ ནས་ ༢༠༠༩།༢།༡༣

༣། སྨན་པ་མིག་དམར་ལྷ་མོ། ༢༠༠༩།༢།༢༠ ནས་ ༢༠༡༡།༢།༡༩

༤ སྨན་པ་བསྟན་འཛིན་ཉི་མ། ༢༠༡༡།༥།༡ ནས་གནང་མུས།

   

སི་ཀནྡར་བཱད་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

སྨན་ཁང་དེ་ནི་ཕྱི་ལོ་ ༢༠༠༩ ལོར་གསར་འཛུགས་གནང་བ་ཞིག་ཡིན། ས་གནས་དེ་ནི་རྒྱ་གར་ལྷོ་ཕྱོགས་ཀཱརནཱ་ཊ་ཀ་མངའ་སྡེའི་རྒྱལ་ས་བེངྒ་ལོར་གྱི་ཉེ་མཁྲིས་སུ་ཡོད་ཅིང་། ས་གནས་དེའི་གནས་བབ་ནི་ལྷོ་ཕྱོགས་སྤྱི་མཚུངས་ཡིན། སྔར་བེངྒ་ལོར་སྨན་ཁང་ནས་ཟླ་རེའི་ནང་སྨན་སྐོར་འགྲོ་བཞིན་ཡོད་ལ། ཕྱིས་སུ་སྨན་ལས་ཀྱིས་ལྕོགས་མིན་ལ་བརྟེན་ས་གནས་དེར་སྨན་ཁང་ཆེད་འཛུགས་བྱས་པ་ཡིན།

༢༽ ད་ལྟའི་གནས་སྟངས།

སྨན་པ་གཉིས་དང་སྨན་སྤྲོད་རྩིས་པ་སོགས་ལས་བྱེད་ལྔ་ཡོད་པ་རེད། ད་ལྟ་ས་ཁང་ཐད་རང་བདག་མེད་པར་སྨན་ཁང་དང་ལས་ཤག་གཉིས་ཁང་གླའི་ཐོག་ཟླ་རེར་ཧིན་སྒོར་ ༤༥༠༠༠ འབུལ་བཞིན་ཡོད། ས་གནས་སྨན་ཁང་དེ་ནས་ཟླ་རེའི་ནང་གུན་ཏུར་ཞེས་པའི་ས་གནས་སུ་སྨན་སྐོར་དུ་འགྲོ་བཞིན་ཡོད་པ་བཅས་སོ།།

༣༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་བསྟན་འཛིན་མགོན་པོ། ༢༠༠༩།༤།༧ ནས་གནང་མུས།

   

རྟ་ཕོ་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ས་གནས་དེར་ཞབས་སོར་བཀའ་དྲིན་བསྐྱངས་སྐབས་ཡུལ་མི་རྣམས་ནས་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཞིག་ས་གནས་འདིར་འཛུགས་གནང་ཡོང་བའི་གསོལ་འདེབས་ཞུས་དོན་བཞིན་ཕྱི་ལོ་ ༢༠༠༩ ཟླ་ ༨ ཚེས་ ༣ ཉིན་གསར་འཛུགས་དབུ་འབྱེད་གནང་བ་ཞིང་ཡིན་ཞིང་། དེ་ཡང་ས་གནས་དེའི་རྟ་ཕོ་དགོན་པའི་མཐུན་འགྱུར་འོག་དགོན་པའི་མགྲོན་ཁང་ཞིག་ཡོད་པ་དེའི་ནང་ནས་ཁང་པ་རིན་མེད་ཐོག་གཡར་བའི་བཀའ་དྲིན་ལ་བརྟེན་གསར་འཛུགས་ཐུབ་ཡོད་ཅིང་། ཕྱིས་སུ་སྨན་རྩིས་ཁང་ནས་ཧིན་སྒོར་བརྒྱད་ཁྲི་ཙམ་གྱིས་འགྲོ་གྲོན་བཏང་སྟེ་ཡར་རྒྱས་བཏང་བ་དེ་ཡང་ས་གནས་ཡུལ་མི་ནས་ཕྱིར་སློག་གནང་སྟེ་ཁོང་ཚོ་རང་གིས་བཏང་ཡོད་པ་རེད།

ས་གནས་འདི་ནི་ཧི་མ་ཅལ་མངའ་སྡེའི་ཁོངས་གཏོགས་ལ་ཧོར་སྤི་ཏི་ཞེས་པའི་རྫོང་གི་ནང་དུ་ཆགས་ཡོད་ལ། རྫོང་དེར་ཡོད་པའི་མི་རིགས་ནི་སྤི་ཏི་དང་གར་ཤ་བ་ཡིན་པས་ཆོས་ལུགས་ནི་ནང་ཆོས་དང་ཧིན་དྷུ་ཡིན་ལ། སྐད་ཡིག་ཀྱང་ཧིན་བོད་ཡིན་གཉིས་གཙོ་ཆེ་ཞིང་། ཕྱི་ལོ་ ༢༠༡༡ ལོ་སྤེལ་གསལ་ལྟར་ན་རྫོང་ཁོངས་དེར་མི་འབོར་ ༣༡༥༢༥ ཡོད་པ་དང་། ཐོན་ཁུངས་གཙོ་བོ་གྲོ་ནས་དང་མ་རྒན་བཅས་ཡིན་པ་རེད། མཐོ་ཚད་སོགས་ས་བབ་སྤྱིའི་གནས་སྟངས་ཧི་མ་ཅལ་དང་གཅིག་མཚུངས་ཡིན།

༢༽ ད་ལྟའི་གནས་སྟངས། 

ད་ལྟའི་ཆར་སྨན་ཁང་འདིར་སྨན་པ་གཅིག་དང་། ལས་བྱེད་གཅིག གླ་པ་གཅིག་བཅས་སྨན་ལས་གསུམ་ཡོད། ཉིན་རེར་ཆ་སྙོམས་བྱས་ན་ནད་པ་རྒྱ་གར་བ་གྲངས་ ༧ ལྷག་ཡོང་བཞིན་ཡོད།

༣༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་ཕུན་ཚོགས་དོན་འགྲུབ། ༢༠༠༩།༨།༡ ནས་གནང་མུས་ཡིན་པ་རེད།

   

ཅོན་ཏ་ར་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

ཅོན་ཏ་ར་ཡན་ལག་སྨན་ཁང་འདི་བཞིན་ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༨ ཉིན་གསར་འཛུགས་སྒོ་འབྱེད་གནང་བ་ཞིག་ཡིན་ཞིང་། དེ་ཡང་དེ་སྔ་སྦིར་གཞིས་ཁོངས་སུ་ཡན་ལག་སྨན་ཁང་ཞིག་ཡོད་པ་དེ་ནས་ཁུལ་འདིར་སྨན་སྐོར་ལ་ཡོང་བཞིན་ཡོད་ནའང་།  སྨན་རྩིས་ལས་བྱེད་བགྲེས་ཤག་ཅིག་ཅོན་ཏ་ར་ས་གནས་སུ་དེ་སྔ་ནས་ལས་མགོ་བརྩམས་པ་ལོ་འདིར་ལེགས་གྲུབ་བྱུང་བ་བཞིན་ཅོན་ཏ་ར་གཞིས་ཆགས་དང་། ཁུལ་དེར་ཡོད་པའི་བུ་ཁྱིམ་སློབ་གྲྭ་སོགས་ཡུལ་མིའི་དགོས་མཁོ་ལ་གཞིགས་ཏེ་བགྲེས་ཤག་ཁང་དེར་སྨན་ཁང་ཞིག་སྒོ་འབྱེད་གནང་བ་ཞིག་ཡིན། ད་ལྟའི་ཆར་སྨན་རམས་པ་ངག་དབང་མཁྱེན་བརྩེ་ལགས་རྒན་ཡོལ་ཐོན་ཟིན་ཡང་ཞབས་གཡར་གྱིས་སྨན་ཁང་འདིའི་སྨན་པའི་ཐུགས་ཁུར་བཞེས་བཞིན་ཡོད་པ་དང་། སྨན་སྤྲོད་དང་རྩིས་པ་གཉིས། ཁ་ལོ་བ་ཞིག་བཅས་སྨན་ལས་བཞི་ཡོད་པ་རེད། ཉིན་རེར་ཆ་སྙོམས་བྱས་ན་བོད་པ་གྲངས་ ༡༩ ལྷག་བརྟག་དཔྱད་སྨན་བཅོས་གནང་མུས་ཡིན།

༡། སྨན་པ་ངག་དབང་མཁྱེན་བརྩེ། ༢༠༡༠།༧།༨ ནས་གནང་མུས།

   

ཅེ་ན་ཡེ་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

ཅེ་ན་ཡེ་ཡན་ལག་སྨན་ཁང་ནི། C.P Ramaswami Aiyur Foundation ཚོགས་པའི་འགན་འཛིན་ Dr Wanditha Krishna ལགས་ཀྱི་ཐུགས་ཁུར་རྒྱབ་སྐྱོར་འོག་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༠ ཉིན་གསར་འཛུགས་དབུ་འབྱེད་གནང་ཡོད། ཅེ་ན་ཡེ་ནི་རྒྱ་གར་ལྷོ་སྣེ་ཏ་མིལ་ནཱཌུ་མངའ་སྡེའི་ཁོངས་སུ་ཡོད་ཅིང་། རྒྱ་གར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་གྲས་སུ་གཏོགས་པས་གྲོང་ཁྱེར་འདིར་ཕྱི་ལོ་ ༢༠༡༡ ལོར་མི་འབོར་གྲངས་གནས་སྤེལ་གསལ་ལྟར་ན་མི་གྲངས་ ༤༦༨༡༠༨༧ ཡོད་པར་འཁོད། ཡུལ་མི་ཧིན་དྷུ་དང་ཁ་ཆེ་བཅས་ཡོད་ཅིང་ཆོས་ལུགས་ནི་ཧིན་དྷུ་དང་ཁ་ཆེ། གཞན་ཡང་ཡེ་ཤུ་བཅས་ཡོད་པ་རེད། མངའ་སྡེ་འདི་ནི་རྒྱ་གར་རྒྱལ་ཡོངས་ནང་དེང་དུས་ཚན་རྩལ་དང་འཕྲུལ་ལས་ཐད་ཤེས་ཡོན་པ་མང་པོ་ཐོན་སའི་ལུང་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་བཞིན་མངའ་སྡེའི་ཐོན་ཁུངས་ཡང་འཕྲུལ་ལས་བཟོ་གྲྭ་གཙོ་བོ་ཡིན་པ་རེད། དེ་ལྟ་བུའི་གྲོང་ཁྱེར་དེའི་ནང་དུ་ཡན་ལག་སྨན་ཁང་གསར་དུ་བཙུགས་དུས་སྨན་པ་ཉི་མ་རྒྱལ་མཚན་གྱིས་ཐུགས་འགན་བླངས་ཡོད་ཅིང་།  ཁོང་མཐོ་སློབ་དགེ་རྒན་དུ་ཕེབས་པའི་རྗེས་སྨན་པ་ཆོས་ཉིད་བསམ་འགྲུབ་བསྐོ་བཞག་གནང་ཡོད་པ་རེད།

༢༽ ད་ལྟའི་གནས་སྟངས།

ད་ལྟའི་ཆར་སྨན་ཁང་འདིར་སྨན་རྩིས་ཁང་གི་སྨན་པ་གཅིག་དང་།   སྨན་སྤྲོད་རྩིས་པ་གཅིག་ལྕོགས་གཅིག གླ་པ་གཅིག་བཅས་སྨན་ལས་གསུམ་ཡོད། ཉིན་རེར་ཆ་སྙོམས་བྱས་ན་རྒྱ་གར་བ་ནད་པ་གྲངས་ ༡༡ ཙམ་ལ་བརྟག་དཔྱད་སྨན་བཅོས་གནང་བཞིནཡོད། སྨན་ལས་རྣམས་ཀྱི་དཀའ་སེལ་སླད་སྤྱི་ཐབ་གསར་རྒྱག་གནང་ཡོད་འདུག

༣༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་ཉི་མ་རྒྱལ་མཚན། ༢༠༡༠།༧།༡༥ ནས ༢༠༡༡།༤།༢༩བར།

༢། སྨན་པ་ཆོས་ཉིད་བསམ་འགྲུབ ༢༠༡༡།༦།༡ ནས་གནང་མུས།

 

ཕྱི་སུ་སྒོ་བརྒྱབ་ཟིན་པའི་ཡན་ལག་སྨན་ཁང་ཁག

ཕྱི་ལོ་ ༡༩༦༣ ལོར་བཀ་སར་ཆོས་སྒར་དང་གློ་དམག་སྒར་བཅས་སུ་སྨན་ཁང་རེ་སྒོ་ཕྱེས་ཡོད་ཀྱང་ཕྱིས་སུ་དུས་ཀྱི་འགྱུར་འགྲོས་དབང་གིས་སྨན་ཁང་དེ་དག་ཕྱིར་བསྡུ་བྱ་དགོས་བྱུང་ཡོད།

 

ཇེ་གའོན་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

ཡན་ལག་སྨན་ཁང་འདི་ནི་ཕྱི་ལོ་ ༡༩༩༨ ཟླ་ ༢ ནང་ཉིན་དབུ་འཛུགས་བྱས་པ་ཞིག་ཡིན། ཇེ་གའོན་ཞེས་འབོད་པའི་གྲོང་བརྡལ་དེ་ནི་རྒྱ་གར་དང་འབྲུག་གི་ས་མཚམས་སུ་ཆགས་ཡོད་ཅིང་། རྒྱ་གར་དང་། བལ་བོ། འབྲུག་གསུམ་གྱི་དཔལ་འབྱོར་ཚོང་ལས་ཀྱི་ཁྲོམ་ར་གལ་ཆེན་ཞིག་དང་།  གཞུང་ལས་ཕར་ཕྱོགས་སུ་ཆགས་པའི་འབྲུག་ཕུན་ཚོགས་གླིང་གཞིས་ཆགས་ནི་འབྲུག་གཞུང་གི་ཚོང་ལས་དཔལ་འབྱོར་ཕྱིར་ཚོང་ནང་འདྲེན་བྱེད་ཡུལ་ལྟེ་བའི་འགག་སྒོ་ཞིག་ཀྱང་ཡིན། དགུན་དཔྱིད་དུས་སུ་གནམ་གཤིས་དྲོད་གྲང་སྙོམས་པ་དང་། དབྱར་དུས་ཚ་དྲོད་ཆེ་ཞིང་ཆར་ཆུ་འབེལ་བའི་ས་ཁུལ་ཞིག་ཡིན།

༢༽ འཕེལ་རིམ།

ཇེ་གའོན་ས་གནས་འདིར་མཚོན་ན་ཐག་ཉེ་འབྲེལ་མཚུངས་ས་ཁུལ་ཁག་ཏུ་བོད་སྨན་མེད་པས་བོད་གཞུང་སྨན་རྩིས་ཁང་གི་བཀའ་འབྲེལ་ལྟར་ཕྱི་ལོ་ ༡༩༩༦ ལོ་ནས་བཟུང་ཀ་སྦུག་སྨན་པ་བློ་བཟང་བཀྲ་ཤིས་ལགས་དུས་ངེས་མེད་ཀྱིས་སྐོར་སྐྱོད་དང་། སྨན་སྤྲོད་རྩིས་པ་ས་གནས་སུ་གཏན་འཇགས་བསྐོ་བཞག་བྱས་ནས་ལོ་གཉིས་ཙམ་གྱི་རྒྱུན་འཁྱོངས་བྱས་འདུག དེ་རྗེས་ས་གནས་མི་མང་དང་ལྷག་པར་འབྲུག་ཁུལ་གནས་སྡོད་བོད་རིགས་མི་མང་ནས་ཁུལ་དེར་གཏན་འཇགས་སྨན་ཁང་ཞིག་འཛུགས་གནང་ཡོང་བའི་རེ་སྐུལ་ཞུས་པ་བཞིན་བོད་ཕྱི་ལོ་ ༡༩༩༨ ལོར་ཁུལ་དེར་གནས་སྡོད་རང་རིགས་ངག་དབང་འགྱུར་མེད་ལགས་ཀྱིས་ཁང་ཁུངས་གསར་རྙིང་གཉིས་ཡོད་པ་དེ་བཞིན་སྨན་རྩིས་ཁང་གི་སྨན་ཁང་དང་། སྨན་ལས་པའི་ལས་ཤག་ཆེད་ཁང་གླ་འོས་འཚམ་སྟེང་གཉིས་མོས་བྱུང་བ་ནས་བཟུང་སྨན་ཁང་གཏན་འཇགས་ཚུགས་པ་ཞིག་རེད། སྨན་ཁང་འདི་གཙོ་ཆེར་འབྲུག་ནང་གནས་སྡོད་བྱེད་མཁན་བོད་རིགས་དང་འབྲུག་པར་དམིགས་ནས་བཙུགས་པ་ཞིག་ཡིན་པས་ཕྱི་ལོ་ ༢༠༠༠ ཡས་མས་སུ་འབྲུག་ཁུལ་དང་།  ཇེ་གའོན། ཧ་སེ་མ་ར་སོགས་ནས་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་ཉིན་རེར་ཆ་སྙོམས་ཉི་ཤུ་ནས་སུམ་ཅུ་དབར་སླེབ་བཞིན་པའི་ཁྲོད་མང་ཆེ་བ་ནི་ཕོ་སྨུག་དང་། གྲུམ་བུ། མཁྲིས་ནད། རྩ་དཀར། ཁྲག་རླུང་སྟོད་འཚངས་ཀྱི་ནད་གཞི་སོགས་ཡིན་པ་རེད།

ཡན་ལག་འདི་ནས་ད་དུང་ལོ་རེ་བཞིན་འབྲུག་ཁུལ་ནས་སྨན་རྒྱུ་མཁོ་སྒྲུབ་ཀྱིས་དབུས་སྨན་སྦྱོར་སྡེ་ཚན་དུ་གཏོང་གནང་གི་ཡོད། ཕྱིས་སུ་སྨན་གཏུག་བྱེད་མཁན་ཇེ་ཉུང་དུ་སོང་བའི་ཁར་ཁང་བདག་ནས་ཁང་གླ་ཆེན་པོ་སྤར་བ་སོགས་རྒྱུ་རྐྱེན་སྣ་མང་འཕྲད་པར་བརྟེན་དབུས་ནས་དེ་དོན་ལ་བསམ་ཞིབ་གང་མང་བྱས་པ་བརྒྱུད་མཐའ་དོན་རེ་ཞིག་སྒོ་བརྒྱབ་སྟེ་ས་ལུ་སྒ་ར་སྨན་ཁང་ནས་ས་གནས་དེ་རུ་སྨན་སྐོར་དུ་འགྲོ་རྒྱུ་བཅས་ཐག་གཅོད་བྱུང་བ་བཞིན་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡༧ པར་དངོས་སུ་སྒོ་བརྒྱབ་པ་རེད།

༣༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་འཇམ་དབྱངས་སྒྲོལ་མ། ༡༩༩༨།༢།༡ ནས་ ༢༠༠༣།༦།༡༠

༢། སྨན་པ་ཆོས་དབྱིངས་སྒྲོལ་མ། ༣༠༠༣།༦།༡༠ ནས་ ༢༠༠༥།༦།༨

༣། སྨན་པ་འཇམ་དབྱངས་བཀྲ་ཤིས། ༢༠༠༥།༧།༢༠ ནས་ ༢༠༡༠།༣།༣༠

༤། སྨན་པ་མིག་དམར། ༢༠༡༠།༤།༥ ནས་ ༢༠༡༡།༤།༢༩ ༼༢༠༡༡།༥།༡༧ ནས་སྨན་ཁང་འདི་སྒོ་བརྒྱབ།༽

 

མཻརཋ་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

མཻརཋ་ཡན་ལག་སྨན་ཁང་དེ་བཞིན་མི་ར་ཀྲི་གནས་བཞུགས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཟུར་བ་སྐུ་ཞབས་ཀེ་བེ་བག་ཞིས་ལགས་ནས་བཀའ་ཤག་བརྒྱུད་སྨན་རྩིས་ཁང་ལ་རེ་བསྐུལ་ཞུས་པ་བཞིན་ཕྱི་ལོ་ ༢༠༠༠ ལོའི་ཕྱི་ཟླ་ ༤ པར་གསར་འཛུགས་དབུ་འབྱེད་གནང་པ་ཞིག་ཡིན། གྲོང་ཁྱེར་དེ་བཞིན་རྒྱ་གར་མངའ་སྡེ་ཨུཏྟར་པྲདེཤ་རུ་ཆགས་ཡོད་པ་དང་རྒྱ་གར་རྒྱལ་ས་དིལླི་ནས་ཀི་ལོ་མི་ཊར་བདུན་ཅུའི་སར་ཡོད། གྲོང་ཁྱེར་འདིའི་རྒྱ་ཁོན་ཀི་ལོ་མི་ཊར་གྲུ་བཞི་མ་ ༡༧༢ དང་མི་འབོར་ས་ཡ་གསུམ་དང་ཚགས་བཞི་ཙམ་ཡོད། ས་ཁུལ་འདིའི་དྲོད་ཚད་མཐོ་ཤོས་ ༤༣ーc དང་དམའ་ཤོས་ ༠་༥ーc བར་སླེབས་ཀྱི་ཡོད། ས་གནས་འདིའི་ཐོན་ཁུངས་གཙོ་བོ་གྲོ་དང་བུར་ཤིང་དང་སྔོ་ཚལ་རིགས་ཡིན་པ་དང་གྲོང་ཁྱེར་འདིའི་ནང་བཟོ་གྲྭ་ཆེ་ཆུང་འདྲ་མིན་ ༥༢༠ ཙམ་ཡོད།

༢༽ འཕེལ་རིམ།

སྨན་ཁང་ཐོག་མར་མགོ་འཛུགས་སྐབས་བསྟེན་གཏུགས་བྱེད་མཁན་ནད་པ་དེ་ཙམ་མེད་ནའང་། རིམ་པས་བོད་སྨན་གྱི་ཕན་ནུས་ཤེས་རྟོགས་བྱུང་སྟེ་མཻརཋ་གྲོང་ཁྱེར་ཙམ་མ་ཡིན་པར་ཉེ་འཁོར་གྲོང་ཁྱེར་དང་གྲོང་གསེབ་ཁག་ནས་ཀྱང་ཡོང་མགོ་ཚུགས་ཏེ་ཉིན་རེར་ཆ་སྙོམས་ནད་པ་དྲུག་ཅུ་ནས་བདུན་ཅུ་བར་སླེབས་བཞིན་ཡོད་པར་བརྟག་དཔྱད་དང་ཞོར་དུ་ཟླ་རེར་ཐེངས་རེ་འཆར་ཅན་ནེ་ནི་ཏཱལ་ས་གནས་སུ་སྐོར་སྐྱོད་བྱེད་བཞིན་ཡོད་པ་རེད།

སྨན་ཁང་བཙུགས་ནས་ལོ་གསུམ་མ་འཁོར་གོང་སྨན་ལས་ནང་ཁུལ་འཆམ་མིན་གྱིས་རྙོག་གླེང་བྱུང་ནས་ཚང་མ་ཁ་འཐོར་ཕྱིན་པས། ཕྱི་ལོ་  ༢༠༠༤ ལོ་ནས་འགན་འཛིན་དང་སྨན་ལས་པ་གསར་བ་བསྐོ་བཞག་གནང་ཡོད་མོད། ཕྱི་ལོ་ ༢༠༠༥ ལོ་མཇུག་ཙམ་ནས་སླར་ཡང་སྨན་ལས་ནང་ཁུལ་མི་འཆམ་པའི་རྙོག་གླེང་བྱུང་ནས་དབུས་ནས་སྐུ་ངོ་དབུ་འཛིན་མཆོག་དང་སྐུ་ངོ་དྲུང་ཆེ། ཡན་ལག་འགན་འཛིན་སོགས་རིམ་པར་ཆེད་ཕེབས་ཀྱིས་རྙོག་སེལ་ཉེས་འཛོལ་ཆེ་ཆུང་ལ་གཞིགས་པའི་ཉེས་ཆད་ཀྱང་བཏང་སྟེ་འདུམ་སྒྲིག་བྱས་པའི་གནས་ཚུལ་བྱུང་།  ཡུན་དེའི་ནང་ཡན་ལག་འགན་འཛིན་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་དགོངས་པ་རྫོགས་པ་སོགས་བཀྲ་མ་ཤིས་པའི་གནས་ཚུལ་གཅིག་མཇུག་གཉིས་མཐུད་དུ་བྱུང་འདུག གཞན་ཡང་ཕྱི་ལོ་ ༢༠༠༦ ཟླ་ ༥ པའི་ནང་ཁང་གཡར་གྱི་གན་རྒྱ་རྫོགས་པ་དང་། ཁང་བདག་གིས་ཁང་པ་ཡང་བསྐྱར་ཁང་གླར་གཏོང་གི་མིན་པས་གལ་སྲིད་སྨན་རྩིས་ཁང་ནས་ཁང་པ་དེ་ཉོ་འདོད་ཡོད་ན་ཚོང་བསྒྱུར་བྱ་རྒྱུ་ཡིན་ཞེས་བརྗོད་པ་བཞིན་དབུས་ནས་ཀྱང་ཁང་པ་དེ་ཉོ་བར་དགོངས་པ་བཞེས་མོད། འོན་ཀྱང་སྐུ་ཞབས་བག་ཞིས་ལགས་སུ་བཀའ་འདྲི་ཞུས་པར་ཁང་པར་ཧིན་སྒོར་འབུམ་ཞེ་ལྔ་ལས་མི་གནས་པས་འབུམ་ལྔ་བཅུ་ལྷག་སྤྲད་ན་གྱོང་གུན་ཡོད་ཚུལ་བརྗོད་སྟབས། ཁང་བདག་དང་སླར་ཡང་འབྲེལ་བ་ཞུས་ཏེ་ཁང་པའི་སྐོར་ལ་གྲོས་མོལ་བགྱིས་ཀྱང་ཁང་བདག་གིས་ཆག་ཡང་མ་བཏང་བར་བརྟེན་ཉོ་རྒྱུ་མཚམས་འཇོག་བྱས། དེ་ནས་ལོ་ཤས་རིང་ས་གནས་དེར་རང་དབང་གི་ས་ཆ་ཞིག་འཐབ་འཚོལ་བྱས་ཡོད་ཀྱང་དོན་འབྲས་མ་སོན་པ་བཅས་ལ་བརྟེན་ཕྱི་ལོ  ༢༠༡༠ ཟླ་ ༡༢ ཚེས་ ༣༡ ཉིན་སྒོ་བརྒྱབ་དགོས་བྱུང་འདུག།

༣༽ འགན་འཛིན་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་ཚེ་རིང་དོན་འགྲུབ། ༢༠༠༠།༥།༢༣ ནས་ ༢༠༠༡།༢།༥

༢། སྨན་པ་ཚེ་བརྟན་རྡོ་རྗེ། ༢༠༠༡།༢།༢༠ ནས་ ༢༠༠༥ བར།

༣། སྨན་པ་བློ་བཟང་ཡེ་ཤེས། ༢༠༠༥ ནས་ ༢༠༠༨།༤།༨

༤། སྨན་པ་བཀྲ་ཤིས་བསྟན་འཛིན། ༢༠༠༨།༥།༢༠ ནས་ ༢༠༠༩།༣།༡༠

༥། སྨན་པ་བློ་བཟང་སྒྲོལ་དཀར། ༢༠༠༩།༣།༡༥ ནས་ ༢༠༡༠།༡༠།༢༡ ༼༢༠༡༠། ཟླ ༡༢ ཚེས ༣༡  ནས་སྨན་ཁང་འདི་སྒོ་བརྒྱབ།༽

 

ཇམ་ནགར་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

སྨན་ཁང་དེ་ནི་ཕྱི་ལོ་ ༢༠༠༨ ལོར་གུཇ་རཱཏ་མངའ་སྡེའི་ཇམ་ནགར་ནང་གི་ཡུལ་མི་ལྷག་བསམ་ཅན་ཞིག་ནས་རེ་སྐུལ་ཞུས་པ་བཞིན་གསར་འཛུགས་བྱས་པ་ཞིག་ཡིན། དེ་ཡང་སྨན་ཁང་དངོས་སུ་མགོ་འཛུགས་མ་གནང་གོང་སྨན་རྩིས་ཁང་ནས་སྨན་སྐོར་ཐེངས་གསུམ་ཙམ་སོང་བརྟག་དཔྱད་བྱས་པ་བརྒྱུད་བཙུགས་པ་ཞིག་ཡིན་ཡང་། བཙུགས་ནས་ལོ་ཤས་ལས་མ་སོང་བར་ས་གནས་གོ་སྒྲིག་གནང་མཁན་གྱིས་ལས་དོན་གང་ཅིའི་རོགས་འདེགས་དེ་ཙམ་མ་གནང་བ་སོགས་རྒྱུ་རྐྱེན་སྣ་མང་ལ་བརྟེན་ཁུ་བསྡུ་བྱ་དགོས་བྱུང་ཞིང་། དེ་ཡང་ཨཧ་མ་ད་བཱད་སྨན་ཁང་ནས་སྐོར་སྐྱོད་བྱ་རྒྱུ་བྱས་ཏེ་ཁུ་བསྡུ་གནང་བ་ཞིག་ཡིན་པ་ལས་ས་གནས་མི་མང་དང་འབྲེལ་ཐག་གཙང་བཅད་བྱས་པ་ཞིག་མ་ཡིན་པས་ཕྱིས་སུ་རོགས་འདེགས་གནང་མཁན་བརྟན་པོ་ཞིག་བྱུང་ཚེ་སླར་ཡང་སྨན་ཁང་སྒོ་ཕྱེ་ཆོག་པ་རེད།

༢༽ སྒོ་མ་བརྒྱབ་བར་གྱི་འགན་འཛིན་སྨན་པ་དང་ལོ་དུས།

༡། སྨན་པ་བསོད་ནམས་རྡོ་རྗེ། ༢༠༠༨།༥།༣༠ ནས་ ༢༠༠༩།༤།༣

༢། སྨན་པ་སྤེན་པ། ༢༠༠༩།༤།༡༥ ནས ༢༠༡༡།༥།༢༡ ༼༢༠༡༠།༦།༡ ནས་སྨན་ཁང་འདི་སྒོ་བརྒྱབ།༽

 

ཡུ་རོབ་ནེ་ཐར་ལནཌ་འམ་ཧོ་ལནཌ་ཡན་ལག་སྨན་ཁང་།  

༡༽ མགོ་འཛུགས་དང་ཆགས་ཡུལ།

ཧོ་ལནཌ་ཡན་ལག་སྨན་ཁང་ནི་ཕྱི་ལོ་ ༡༩༩༤ ལོར་གསར་འཛུགས་སྒོ་འབྱེད་གནང་བ་ཞིག་ཡིན་ལ། དེ་ནི་ཕྱིའི་རྒྱལ་ཁབ་ཅིག་གི་ནང་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་བཙུགས་པ་ཐོག་མ་དེ་ཡིན། ཧོ་ལནཌ་ནི་ཡོ་རུབ་དང་ཨེ་ཤ་ཡ་གཉིས་ཀྱི་བར་གནས་སུ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་དང་།  ཡོ་རུབ་སྤྱི་མཚུངས་ལྟར་དེང་དུས་ཀྱི་ཤེས་ཡོན་ཡར་ཐོན་ཆེན་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་རེད། ནེ་ཐརལནཌ་ཞེས་པ་འདི་ཡུ་རོབ་ཀྱི་ནུབ་བྱང་ན་ཡོད་པའི་རྒྱལ་ཁབ་ཞིག་ཡིན་ཞིང་རྒྱལ་ཁབ་འདིའི་རྒྱལ་ས་ཨེམས་ཊ་གྲམ་ཡིན། ཡན་ལག་སྨན་ཁང་ཆགས་ཡུལ་ས་གནས་དངོས་ནི་རྒྱལ་ས་ཨེམས་ཊ་གྲམ་དང་ཨེམ་སི་ཌ་གཉིས་ཡིན། 

ནེ་ཐར་ལནཌ་ཞེས་པའི་ཡུལ་དེར་ཧོ་ལནཌ་ཞེས་ཀྱང་འབོད་སྲོལ་ཡོད། འོན་ཀྱང་བྱང་ཧོ་ལནཌ་དང་ལྷོ་ཧོ་ལནཌ་གཉིས་ནི་རྒྱལ་ཁབ་དེའི་ཆོལ་ཁ་བཅུ་གཉིས་ཡོད་པའི་ནང་ནས་གཉིས་ཡིན་པ་ལས་རྒྱལ་ཁབ་ཆ་ཚང་ལ་གོ་མི་རུང་། ལུང་པ་འདིར་རི་དམའ་བོ་འགའ་ཤས་ཡོད་པ་ལས་སྤྱིར་ཐང་ཡིན། གནམ་གཤིས་དྲོད་ཚད་མཐོ་ཤོས་ ༣༠ーc གྱི་སྒང་དང་དྲོད་ཚད་དམའ་ཤོས་༠ーc ལས་དམའ་བ་ཡོད། ལུང་པ་འདིའི་གཞུང་འབྲེལ་སྐད་ཡིག་ཌཇ་ཡིན་པ་དང་མི་འབོར་བརྒྱ་ཆ་བརྒྱད་ཅུ་ཙམ་ཌཇ་ཡུལ་མི་ཡིན་ལ་དེ་མིན་ཡོ་རུབ་ཀྱི་མི་འདྲ་མིན་དང་། ཨིན་ཌོ་ནེ་ཤི་ཡའི་མི། ཏུར་ཀིའི་མི་སོགས་ཡོད། ཆོས་ལུགས་རིས་མེད་ཡིན་པ་གང་ཞིག་ལ་བརྒྱ་ཆ་མཐོ་ཤོས་ཡི་ཤུའི་ཆོས་ལུགས་དང་། དེ་མིན་ཁ་ཆེ་དང་ཧིན་དྷུ་སོགས་འདྲ་མིན་ལ་དད་ཞེན་བྱེད་ཀྱི་ཡོད།

རྒྱལ་ཁབ་འདི་བཞིན་ལོ་བརྒྱད་ཅུའི་རིང་ཧེབས་བྷག་རྒྱལ་ཁམས་དང་དམག་བརྒྱབ་ནས་ཕྱི་ལོ་ ༡༩༥༡ ལོར་རང་བཙན་ཐོབ་པ་དང་ཕྱི་ལོ་ ༡༩༦༨ ལོར་རྒྱལ་སྤྱིའི་ཐོག་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱུང་ཡོད་པ་རེད། ཡུལ་འདིའི་ས་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་བཞི་ཁྲི་ཆིག་སྟོང་ལྔ་བརྒྱ་བཞི་བཅུ་ཞེ་གསུམ་ ༼༤༡༥༤༣༽ ཡོད་པ་དང་མི་འབོར་ས་ཡ་བཅུ་དྲུག་དང་བརྒྱད་འབུམ་བཞི་ཁྲི་བདུན་སྟོང་བརྒྱ་མེད་བཅུ་མེད་བདུན་ ༼༡༦༨༤༧༠༠༧༽ ཡོད་པའི་ཁོངས་ནས་མི་འབོར་གྱི་བརྒྱ་ཆ་ ༢༡% དང་ས་ཁྱོན་གྱི་བརྒྱ་ཆ་ ༢༥% ཙམ་རྒྱ་མཚོའི་ངོས་ནས་གཤམ་དུ་གནས་ཡོད་ལ་ས་ཁྱོན་བརྒྱ་ཆ་ ༥༠% ཙམ་རྒྱ་མཚོའི་ངོས་ནས་མི་ཊར་གཅིག་ལས་ཉུང་བའི་མཐོ་ཚད་ལ་ཆགས་ཡོད། རྒྱལ་ཁབ་འདིའི་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་ཆེན་པོ་ཡོད་ལ་ཨེམས་ཊ་གྲམ་ཞེས་པ་དེ་རྒྱལ་ཁབ་འདིའི་དཔལ་འབྱོར་དང་ཚོང་ལས་ཀྱི་རྒྱལ་ས་ལྟ་བུ་ཡིན། ལུང་པའི་ཐོན་ཁུངས་གཙོ་བོ་མེ་ཏོག་དང་རྩི་ཤིང་སོས་པ་བཏུབ་པ། རྩ་རྡོག ཀྲོ་མེ་ཊར། སི་པན། ག་གོན་དང་ཀུ་ཤུ་བཅས་ཡིན། སྨན་ཁང་དེར་དང་ཐོག་མགོ་བཙུགས་དུས་ཌཇ་ཐེབས་རྩ་ཚོགས་པས་བཀོད་སྒྲིག་འོག་རྒྱལ་ཁབ་དེའི་ཁྲིམས་མཐུན་དེབ་སྐྱེལ་བྱས་ཏེ་བཙུགས་པའི་བོད་སྨན་བསྟེན་གཏུགས་བྱེད་ཡུལ་ཞིག་ཡིན་པས་སྨན་བཏུག་བྱེད་མཁན་མང་པོ་ཡོད་མུས་ཡིན་ནའང་སྨན་ལས་རེ་ཟུང་གིས་ལས་ཉེས་ལ་བརྟེན་རིམ་པས་སྒེར་བདག་གི་ངོ་བོར་གྱུར་ཏེ་གཞུང་ལ་ཕམ་ཁ་སྤྲད་པའི་ཐབས་རྡུགས་ཀྱི་གནས་ཚུལ་བྱུང་ཡོད།

༢༽ སྒོ་མ་བརྒྱབ་བར་གྱི་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་བསྟན་འཛིན་བདེ་བྱེད། ༡༩༩༦།༨།༢༠ ནས་ ༡༩༩༩།༤།༡༣

༢། སྨན་པ་བློ་བཟང་ཚུལ་ཁྲིམས། ༡༩༩༩།༤།༡༥ ནས་ ༢༠༠༢།༨།༡

༣། སྨན་པ་རྡོ་རྗེ་ཚེ་བརྟན། ༢༠༠༢།༨།༡ ནས་ ༢༠༠༥།༡༡།༣༠

༤། སྨན་པ་བསྟན་འཛིན་སྐྱིད་པ། ༢༠༠༥།༡༢།༡ ནས་ ༢༠༠༨།༨།༡༥

 

ཨ་རིའི་མངའ་སྡེ་མེ་ཌི་སིན་དུ་ཆགས་པའི་ཡན་ལག་སྨན་ཁང་།

༡༽ མགོ་བཙུགས་དུས་དང་ཆགས་ཡུལ།

དེ་བཞིན་དུ་ཨ་རིའི་མངའ་སྡེ་མེ་ཌི་སིན་དུ་ཡན་ལག་སྨན་ཁང་ཞིག་འཛུགས་ཐུབ་པ་བྱུང་ཡོད་། དེ་ཡང་ཕྱི་ལོ་ ༢༠༠༢ ལོར་ཨ་རི་མེ་ཌི་སན་དུ་བགྲེས་སོང་གཉིས་ནས་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཞིག་དབུ་འབྱེད་གནང་རྒྱུའི་འཆར་གཞི་ལྟར་སྨན་རྩིས་ཁང་ནས་སྨན་པ་ཆེད་གཏོང་གནང་སྟེ་སྨན་ཁང་སྒོ་འབྱེད་བྱས་ཡོད་། དང་ཐོག་སྨན་པ་ཟླ་སྒྲོན་ལགས་ལོ་གཉིས་རིང་བཏང་ཡང་ས་ཁམས་དང་གནམ་གཤིས་མི་འཕྲོད་བའི་རྐྱེན་གྱི་གཟུགས་ཁམས་བདེ་མིན་ལ་བརྟེན་ཕྱིར་ལོག་བྱ་དགོས་བྱུང་། དེའི་རྗེས་སུ་སྨན་རྩིས་ཁང་འཛིན་སྐྱོང་ནས་གྲོས་བསྡུར་གྱིས་ཕྱི་ལོ་ ༢༠༠༤ ལོར་སྨན་པ་བསྟན་འཛིན་གྲགས་པ་དང་། དེའི་རྗེས་སྨན་པ་ཀརྨ་སྒྲོལ་མ་ལགས་ས་གནས་དེར་བཏང་གནང་བའི་རྗེས་སྨན་ཁང་དེ་ཡང་གོང་མཚུངས་ལྟར་སྒོ་བརྒྱབ་དགོས་བྱུང་བ་ནི་བློ་ཕམ་སྐྱེ་བའི་གཞི་རུ་གྱུར་ཡང་བྱ་ཐབས་བྲལ། དེ་དང་ཕྱོགས་མཚུངས་སྔར་གཞུང་འབྲེལ་ཐོག་སྨན་སྐོར་དུ་འགྲོ་སའི་ཕྱི་རྒྱལ་ཡུལ་གྲུ་གང་མང་ཞིག་ད་ལྟ་རིམ་པས་ཉུང་དུ་འགྲོ་བཞིན་ཡོད་ལ། དེ་ཡང་གཞུང་བསྐྱོད་སྨན་སྐོར་དེ་དག་རིམ་པས་སྒེར་བསྐྱོད་སྨན་སྐོར་འགྲོ་ཡུལ་དུ་གྱུར་བ་ཡང་གང་མང་ཞིག་ཡོད།

༢༽སྒོ་མ་བརྒྱབ་བར་གྱི་སྨན་པའི་མིང་དང་ལོ་དུས།

༡། སྨན་པ་ཟླ་བ་སྒྲོལ་མ། ༢༠༠༢ ནས་ ༢༠༠༢

༢། སྨན་པ་བསྟན་འཛིན་གྲགས་པ། ༢༠༠༢ ནས་༢༠༠༤།

༣། སྨན་པ་ཀརྨ་སྒྲོལ་མ། ༢༠༠༤ ཟླ ༡༠ ནས ༢༠༠༦ ཟླ ༩ བར། སྐབས་འདི་ནས་སྨན་རྩིས་ཁང་གི་སྨན་པ་གཏོང་མཚམས་འཇོག་དགོས་བྱུང་བ་རེད།

 


   

མཐའ་མའི་འདོན་ཐེངས་།: 13.04.2016 ཉིན། 10:22 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།