སྨན་རྩིས་དྲ་བ། - སྡེ་སྲིད་ཁོག་འབུགས།

སྦྱར་བྱང་ནང་དུ་ཁོག་འབུབས་མང་པོའི་རྩོམ་ཚུལ་གསལ་བར་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.01.2022
སྡེ་སྲིད་ཁོག་འབུགས། >>

སྦྱར་བྱང་ནང་དུ་ཁོག་འབུབས་མང་པོའི་རྩོམ་ཚུལ་གསལ་བར་བཤད་པ།

ཅེས་གསོ་བ་རིག་པའི་ཁོག་འབུབས་ཀྱི་རིམ་པ་ལ་ཆ་ལག་གྲས་སུ་ཁོག་འབུབས་ཁྱུང་ཆེན་ལྡིང་བ་བོད་སྔ་རབས་ཀྱིས་བྱས་པ་རྒྱུད་བཞིའི་ཆེ་བ། སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་ཆོས་འཁོར་སོགས་མཛད་པ། རིག་གནས་ཀྱི་བཤད་པ། གསོ་རིག་བཀར་སྒྲུབ་པ་དང་། སྟོང་ཐུན་མཛེས་པའི་འཇའ་རིས་འགོའི་བརྗོད་བྱ་གོང་དང་མཐུན་ཞིང་དངོས་གཞི་བཤད་རྒྱུད་ཀྱི་ལེའུའི་ས་བཅད། བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱི་ཤེས་བྱ་རབ་གསལ་སྤྱིར་དམ་པ་རྣམས་ཀྱིས་འགྲོ་བ་རྗེས་སུ་བཟུང་བ་དང་། བྱེ་བྲག་བསྐལ་བཟང་གི་སངས་རྒྱས། །ཁྱད་པར་བདག་ཅག་གི་སྟོན་པ་བྱོན་ཚུལ། ཕན་བདེ་སངས་རྒྱས་ཀྱི་བསྟན་པ་དང་བསླབ་པ་གསུམ་གྱི་རྣམ་བཞགརིག་གནས་སྤྱི་དང་གསོ་དཔྱད་རྒྱ་བོད་དུ་དར་ལུགས། རྒྱུད་བཞི་སངས་རྒྱས་སྨན་བླས་གསུངས། དྲང་སྲོང་རྣམས་ཀྱིས་བསྡུས། བཻ་རོས་བོད་དུ་བསྒྱུར། །ཆོས་རྒྱལ་ཁྲི་སྲོང་གི་ཕྱ་ཏུ་ཕུལ། དེས་གཏེར་དུ་སྦས་པ་གྲྭ་པ་མངོན་ཤེས་ཀྱིས་བཏོན། །གཡུ་ཐོག་པས་དར་རྒྱས་མཛད་པ་སོགས་བདག་གི་བླ་མ་ལྔ་པ་ཆེན་པོའི་དགོངས་པ་དང་ཤས་ཆེར་མཐུན་པ། །འཕན་ཡུལ་ཀྲོ་ས་བ་ཚོགས་གཉིས་རྒྱ་མཚོས་མཛད་པ་རྒྱུད་བཞིའི་ཁོག་འབུབས་བཻ་ཌཱུརྱའི་ཆུ་རྒྱུན་གསང་སྔགས་སྔ་འགྱུར་ཤས་ཆེ་བའི་གསོ་དཔྱད་སྐོར་སྤྱི་མཐུན་དང་། རྒྱུད་བཞི་བཀའ་འཁོར་ལོ་བར་བའི་དུས་ཨྱོན་གྱི་ཡུལ་དུ་གསུངས་པ། སྡེ་སྣོད་གསུམ་ལས་འདུལ་བར་གཏོགས་ཚུལ་ལས་གཏེར་མར་མི་བཞེད་པ། བྱང་པ་ལྷའི་བཙུན་པ་བཀྲ་ཤིས་དཔལ་བཟང་གི་བཀའ་སྒྲུབ་རྣམ་ངེས་དཔག་བསམ་ལྗོན་ཤིང་ཚིགས་བཅད་མ་རྒྱུད་གསུངས་ས་རྡོ་རྗེ་གདན་དུ་འདོད་པ། དེ་སྲས་བྱང་སྨན་བསོད་ནམས་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པ་གསོ་རིག་པད་ཚལ་འབྱེད་པའི་ཉི་འོད་སངས་རྒྱས་ཀྱི་བསྟན་པ་སྤྱིའི་རྣམ་བཞག་ཐུན་མོང་གསོ་རིག་གི་ཁོག་འབུབས། ཐུན་མོང་མིན་པ་སྟོན་པ་རྡོ་རྗེ་འཆང་གིས་ཨྱོན་དུ་གསུངས་པའི་དཔལ་ལྡན་རྒྱུད་བཞི། དེར་ཡང་བཀའ་གཏེར་གཉིས་ལས་བྱང་ལུགས་ལ་གཉིས་གའི་ཆུ་བོ་འདུས་ཚུལ། མིའི་ཉི་མ་ཡབ་སྲས་དང་བསོད་ནམས་ཡེ་ཤེས་རྒྱལ་མཚན་ཡན་གྱི་རྣམ་ཐར་སོགས་བྱང་ལུགས་ཀྱི་རྩ་བ་ལྟ་བུ། མིའི་ཉི་མ་ཡབ་སྲས་ཀྱི་རྗེས་སུ་བྱུང་བའི་བྱང་ལུགས་པ་ཞིག་གིས་མཛད་པ་ཁོག་འབུབས་རིན་ཆེན་སྒྲོན་མ་འཆད་ལུགས་ཀྱི་གཞི་བྲང་ཏིའི་ཤེས་བྱ་རབ་གསལ་དང་ཆ་འདྲ་ཞིང་། རྒྱུད་བཞི་ཨོ་རྒྱན་གྱི་ཡུལ་དུ་རྡོ་རྗེ་འཆང་གིས་གསུངས་པར་བཞེད་པ་མཚོ་སྨད་མཁན་ཆེན་སྐ་བ་ཤཱཀྱ་དབང་ཕྱུག་གིས་མཛད་པ་ལེགས་བཤད་དངུལ་དཀར་མེ་ལོང་ཚིགས་བཅད་མ་དོན་བྱིངས་བྲང་ཏིའི་ཤེས་བྱ་རབ་གསལ་དང་བྱང་པ་བཀྲ་ཤིས་དཔལ་བཟང་གི་རྣམ་ངེས་དང་མཐུན་ཞིང་། རྒྱུད་བཞི་སྟོན་པས་ཨྱོན་དུ་གསུངས། །དྲང་སྲོང་ཡིད་ལས་སྐྱེས་ལ་གཏད། དེ་རྗེས་རི་བོ་གངས་ཅན་དུ་རྫུ་འཕྲུལ་གྱིས་གཤེགས་པར་སྟོན་པའི་ཞལ་ནས་འོད་ཟེར་འཕྲོས་པས་ཡིད་ལས་སྐྱེས་བྱོན། །འཚོ་བྱེད་གཞོན་ནུར་རྒྱུད་བཞི་གསུངས། རྣམ་སྲས་ཀྱི་བུ་རྒྱལ་བ་ཁྱུ་མཆོག་གམ་ཞང་བློན་རྡོ་རྗེ་བདུད་འདུལ་རྒྱུད་བཞིའི་སྲུང་མར་བསྐོས་པ་སོགས་ཟུར་ཁྱད་ཅན། བྱར་པོ་པཎ་ཆེན་རྡོ་རྗེ་ཕ་ལམ་གྱིས་མཛད་པ་ཁོག་འབུབས་ལེགས་བཤད་གསེར་གྱི་སྙེ་མ་རིག་གནས་ལྔའི་སྤྱི་བཤད་དང་གསོ་རིག་གསར་རྙིང་གཉིས། འགྱུར་བྱེད། དར་ལུགས། མཛད་པོ་སྟེ་ས་བཅད་ལྔར་ཕྱེ་བ། རྒྱུད་བཞི་སྟོན་པས་སྨན་བླར་སྤྲུལ་ནས་ཨྱོན་དུ་གསུངས་པ། ནག་རྩིས་དང་དཀར་ཡོལ་སོགས་རྒྱ་གར་དུ་མེད་པའི་དོགས་གཅོད་འཁྲུལ་སྤོང་། གཡུ་ཐོག་པས་མ་ཚང་ཁ་སྐོང་དང་གབ་འཁྲུགས་གསལ་བར་བཞེད་པ་དང་ཆ་ལག་བཅོ་བརྒྱད་ཀྱང་མཛད་ཚུལ། འབྲུག་པ་པདྨ་དཀར་པོས་མཛད་པ་རྒྱུད་བཞིའི་བཤད་པ་གཞན་ཕན་གྱི་གཏེར་དཔལ་ལྡན་རྒྱུད་བཞི་འོ་སྐོལ་གྱི་སྟོན་པས་འཚོ་བྱེད་གཞོན་ནུ་རི་བོ་སྤོས་ཀྱི་ངད་ལྡང་དུ་འཁྲིད་ནས་དེའི་ཁེངས་པ་བཅག་རྗེས་སླར་ཟློས་བུར་གསུངས་པར་འདོད་པ་དང་། བྱང་བདག་ཆོས་རྒྱལ་དབང་པོའི་སྡེ་དང་དུས་མཉམ་དུ་བྱུང་བའི་ལྷ་རྗེ་མི་ཕམ་བཟང་པོས་བྱས་པ་ཁོག་འབུབས་འཆི་མེད་ཕུན་ཚོགས་ལྔ་ལྡན་རྒྱུད་བཞི་སྟོན་པས་རྒྱ་གར་རྡོ་རྗེ་གདན་དུ་གསུངས་ཤིང་སྔ་འགྱུར་བདུད་རྩི་ཡོན་ཏན་གྱི་རྒྱུད་དུ་གཏོགས་པར་འདོད་པ། །དེ་དང་དོན་གཅིག་པ་ལ་ཚིག་སྦྱོར་རྒྱས་པ་བདེ་ཆེན་ཆོས་འཁོར་གྱི་སྨན་པ་རཏྣའི་མིང་ཅན་གྱིས་སྦྱར་བ། སྐྱིད་ཤོད་པའི་བླ་སྨན་རིན་ཆེན་སྡིངས་སེམས་དཔའ་ཆེན་པོ་བློ་བཟང་རྒྱ་མཚོས་མཛད་པ་ཆོས་འབྱུང་དྲང་སྲོང་དགོངས་རྒྱན་ཆོས་སྤྱི་དང་རིག་གནས་ལྔ་ཁྱད་པར་གསོ་རིག་བྱུང་ཚུལ་གྱི་ཁོག་འབུབས། ཆོས་ལ་ཉན་བཤད་བྱ་བ། རྒྱུད་བཞི་བདག་ཅག་གི་སྟོན་པས་སྨན་བླར་སྤྲུལ་ནས་ཨྱོན་དུ་གསུངས་ཤིང་། བྱ་བའི་རྒྱུད་དུ་གཏོགས་པ་བཻ་རོས་བོད་དུ་བསྒྱུར་བ་དང་གྲྭ་པས་གཏེར་ནས་བཏོན་པ་སོགས་རྗེ་བླ་མ་ལྔ་པའི་དགོང་བཞེད་དང་ཤིན་ཏུ་མཐུན་པ། དྭགས་པོ་འཚོ་བྱེད་ཀརྨ་ཀུན་ཕན་པའི་སློབ་མ་ཞིག་གིས་བྱས་པ་གསོ་རིག་སྤྱིའི་རྣམ་བཤད་རིན་ཆེན་བང་མཛོད་རྒྱུད་བཞི་བཀར་སྒྲུབས་ཤིང་། གཏེར་མའི་སྐབས་སྤྱི་མཐུན་དང་། ཟུར་ཁྱད་སྟོན་པས་རྒྱུད་གསུངས་པ་དྲང་སྲོང་རྣམས་ཀྱིས་བསྡུས། །མཁའ་འགྲོའི་གཙོ་མོ་དཔལ་ལྡན་འཕྲེང་བར་བཀའ་གཏད་གཉེར་དུ་བསྐོས་པར་ཕྱིས་གཡུ་ཐོག་པས་ཞུས་ནས་གཏན་ལ་ཕབ་པ་དང་། སྨན་བླ་དང་ཤཱཀྱ་ཐུབ་གཅིག་མིན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐྱེས་རབས་དྲངས་ནས་དཔྱད་པ་སོགས་སྔ་མ་རྣམས་དང་ཅུང་མི་འདྲ་བ། བླ་རྟའམ་སྐྱེམ་པ་ཚེ་དབང་གི་སྤྱི་དོན་ལེགས་བཤད་འདོད་འཇོར་རྒྱུད་ཕྱི་ནང་གསང་གསུམ་དུ་བཞེད་པ། བྱར་པོ་པཎ་ཆེན་དང་དུས་མཚུངས་ཙམ་དུ་བྱུང་བ་ཟུར་མཁར་བློ་གྲོས་རྒྱལ་པོའམ་ལེགས་བཤད་འཚོལ་གྱིས་མཛད་པ་ཁོག་འབུབས་གཏན་པ་མེད་པའི་མཆོད་སྦྱིན་གྱི་སྒོ་འཕར་ཡངས་པོའམ་དྲང་སྲོང་ཀུན་དུ་དགའ་བའི་ཟློས་གར་དུ་གྲགས་པ་སྐབས་དང་པོ་ཕྱི་གནོད་བྱེད་ཀྱི་རྐྱེན་ཡན་ལག་དང་བཅས་པ་ཞེས་འཇིག་རྟེན་གྱི་ཁམས། གཉིས་པ་བཅུད། གསུམ་པ་སྟོན་པའི་ཐུགས་བསྐྱེད་ནས་བཟུང་སྟེ་བསྟན་པ་སྤྱིའི་རྣམ་བཞག་ནས་ནུབ་པའི་བར། བཞི་པ་གསོ་དཔྱད་ལྷ་ཡུལ་དང་མི་ཡུལ་དུ་དར་ཚུལ། ལྔ་པ་འཕགས་ཡུལ་དུ་ཇི་ལྟར་བྱུང་བའི་སྐོར། །དྲུག་པ་བོད་དུ་དར་ཚུལ། བདུན་པ་གཞན་ལུགས་བཀོད་ནས་དེ་དགག་པ། བརྒྱད་པ་གསོ་དཔྱད་ཀྱི་བརྗོད་དོན་དངོས་བཤད་པའི་གཡུ་ཐོག་རྣམ་ཐར་དང་དེའི་སློབ་མ་སུམ་སྟོན་ཡེ་ཤེས་གཟུངས་ཡན་དང་། དེ་ནས་རང་ཉིད་བར་འཆད་རིགས་པར་རྐྱེན་ཅི་འདྲ་ཞིག་ཡིན་ཀྱང་སུམ་སྟོན་གྱི་རྟོགས་བརྗོད་ཀྱང་འཕྲོར་ལུས། དེ་ནས་ཐ་མ་ཉམས་སུ་ལེན་པར་ས་བཅད་གསུམ་བཀོད་དེ་མཛད་རྩིས་ཀྱི་རིག་གནས་ལྔ་བཤད་ཁྱུག་ཙམ་དང་ཡི་གེའི་བཤད་པ་ཞིག་མཛད་པ་སྣོད་བཅུད་སངས་རྒྱས་ཀྱི་མཛད་པ་སོགས་རང་ཉིད་ཀྱིས་གང་མཐོང་གསོ་དཔྱད་ཆོས་འབྱུང་དུ་ངོམ་པ་ལྟ་བུའི་ཚིག་ཚོགས་ཤིན་ཏུ་ཆེ། དེ་ཡང་འཕྲོར་ལུས་པ་འབྲུག་པ་སངས་རྡོར་བས་དབུ་མའི་སྐོར་ལ་རྗེ་བཙུན་ཙོང་ཁ་བར་དགག་པ་དང་བཅས་འཕྲོ་རྫོགས་པར་འཐུད་པ། ཚ་རོང་ཨ་ཡུའི་མིང་ཅན་གྱིས་འགོའི་ཆེ་བརྗོད་སོགས་ཤོག་བུ་བཞི་ལྔའི་བར་ཟུར་མཁར་བློ་གྲོས་རྒྱལ་པོའི་དྲང་སྲོང་ཀུན་ཏུ་དགའ་བའི་ཟློས་གར་ཇི་བཞིན་བཤུས་པ་ལ། །དེ་ནས་ལྷུ་མཆོངས་དང་། མ་མཆོངས་པའི་རིགས་ཚིག་བཤུས་ཁོ་ནའི་སུམ་སྟོན་མན་ཁོང་རང་གིས་བྱས་འདྲའི་ཆོས་འབྱུང་བསྐལ་བཟང་བགྲོད་པའི་མྱུར་ལམ་དུ་གྲགས་པ་སོགས་དང་། ཟུར་མཁར་བའི་སློབ་མ་རུདྷ་ཨ་ནནྡྷས་མཛས་པ་སྤྱི་དོན་ལེགས་བཤད་རྒྱ་མཚོ་དྲང་སྲོང་ཀུན་ཏུ་དགའ་བའི་ཟློས་གར། སྤྱི་དོན་གྱི་ཚུལ་དུ་ཁོག་ཕུབ་པ། ཚིག་དོན་གྱི་ཚུལ་དུ་གཞུང་བཤད་པ་སྟེ་ས་བཅད་གཉིས་ཀྱི་དང་པོ། །སྣོད་ཀྱི་འཇིག་རྟེན། བཅུད་ཀྱི་སེམས་ཅན། བསྐལ་བཟང་གི་སངས་རྒྱས། བྱེ་བྲག་བདག་ཅག་གི་སྟོན་པའི་མཛད་པ་བཅུ་གཉིས། བཀའ་བསྡུ། མདོ་སྔགས་ཀྱི་ཆོས་བཀའ་དང་བསྟན་བཅོས། བྱམས་པ་འཇིག་རྟེན་དུ་འབྱོན་ཚུལ། གསོ་དཔྱད་བྱུང་ཚུལ། བཀའ་བསྟན་གྱི་རྣམ་བཞག། བོད་དུ་སྨན་དཔྱད་དར་བ་དང་སྨན་པའི་མིང་། འཚོ་བྱེད་ནས་གཡུ་ཐོག་ཡན་གྱི་རྣམ་ཐར་སོགས་ཚིག་ཚོགས་ཤིན་ཏུ་ཆེ་བ་དོན་གྱི་སྙིང་པོ་བློ་གྲོས་རྒྱལ་པོའི་རྗེས་སུ་ཞུགས་པ། དེ་མཚུངས་འདི་ཚུན་གྱི་ཟུར་ལུགས་རྣམས་རྩ་རྒྱུད་ཀྱི་འགྲེལ་བ་མན་ངག་འཕྲེང་བ་ཞེས་སོགས་རྒྱུད་གཡུ་ཐོག་པས་གསུངས་པར་བཞེད་པ་ལས་གསུངས་ས་ཤར་ཕྱོགས་བཻ་ཌཱུརྱ་སྣང་གི་ཞིང་ཁམས་སུ་འདོད་པ་སོགས་སེང་གེའི་ཡ་འགལ་དང་རྔ་མོའི་མ་འགལ་མི་འགྲིག་བཞིན་དུ་སྦྱར་བའི་ཡིག་ཆ་ཤུན་ཏུ་མང་། ཚིག་དང་དོན་གཞན་ལ་འཁྲུལ་བ་ཡོད་མེད་ཆ་མ་ཐིངས་ཏེ་རྒྱུད་སྟོན་པས་གསུངས་པ་སོགས་ཁོག་འབུབས་ལ་སྔ་བ་རིན་ཆེན་སྤུངས་པ། ཆེར་རྗེ་ཞིག་པོས་མཛད་པའི་གསལ་བྱེད་སྒྲོན་མེ། འཕགས་སྟོན་ཤཱཀྱ་མགོན་པོས་མཛད་པའི་དོན་གསལ་ཉི་མའི་འོད་ལྡན། སྨན་སྟོན་གཞོན་ནུ་རིན་ཆེན་གྱིས་མཛད་པའི་སྟོང་ཐུན་ཆེན་མོ། ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་དོན་བཞི་གསལ་སྒྲོན། སྙེ་མོ་ཀུན་དགའ་དོན་གྲུབ་ཀྱིས་མཛད་པའི་ལོ་རྒྱུས་འབྱུང་ཚུལ། དཔལ་མཁའ་སྤྱོད་དབང་པོས་མཛད་པའི་ཁུངས་ཀྱི་ཡིག་ཆུང་སོགས་སྔ་རབས་ཀྱི་ཡིག་ཆ་འགའ་ཡོད་པར་སྣང་སྟེ་མིག་ལམ་དུ་མ་ཆུགས། ཡན་ལག་བརྒྱད་པ་ཕྱོགས་ལ་ཞང་སྟོན་ཞིག་པོས་མཛད་པའི་རྒྱལ་མཚན་རྩེར་འབར་སྟོན་པའི་ཐུགས་བསྐྱེད་ཚོགས་བསགས། མཛད་པ་བཅུ་གཉིས། ཆོས་འཁོར་བར་བའི་སྐབས་གཅེར་མཐོང་རིག་པའི་རྒྱུད་གསུངས་པ་དང་དྲང་སྲོང་རྣམས་ཀྱི་ཆེ་བརྗོད། དཔའ་བོའི་འཁྲུངས་ཡུལ་ག་ལེ་མི་འགྲིག་པ་རྣམས་བསལ་བ་སོགས་རྣམ་ཐར། སྙིང་པོ་བསྡུས་པ་སོགས་བརྩམས་པ། དེ་དག་བོད་དུ་འགྱུར་ཚུལ། བཀའ་བསྟན་གྱི་རྣམ་བཞག་ལུགས་བདུན་སྐོར་བཞི། འགྱུར་དུས་གཉིས་རྣམས་བཤད་པ། དེའི་དོན་བསྡུ་བྱང་པ་ལྷ་བཙུན་བཀྲ་ཤིས་དཔལ་བཟང་གིས་མཛད་པ་རྒྱལ་མཚན་རྩེར་འབར་ཆུང་བ། གཡུ་ཐོག་རྒྱ་མཚོས་མཛད་པའི་ཁོག་འབུབས་རིག་གནས་སྤྱི་དང་སྟོན་པའི་ཐུགས་བསྐྱེད་མཛད་པའི་སྐོར་རགས་ཙམ་བརྗོད་ནས། དཔའ་བོའི་རྣམ་ཐར་མི་འདྲ་བ་དང་འཕགས་ལྷ་སོགས་སྤྱི་བཞིན། བརྒྱད་པ་རྩོམ་ཚུལ་དང་བཅས་པ། གཞན་ཡང་མཐའ་བཞི་ཤི་ལ་སཾ་གྷས་མཛད་པའི་བདུད་རྩི་ཆུ་རྒྱུན། མི་ཉག་མི་བསྐྱོད་རྡོ་རྗེས་མཛད་པའི་ཁོག་འབུབས། སྒྲུང་འཕྲེང་། སྟོང་ཐུན། གདམས་པ་སུམ་ཅུ་པའི་ཁོག་འབུབས། བདུད་རྩི་སྙིང་པོའི་ཁོག་འབུབས་རྣམས་ཡོད་པར་སྣང་སྟེ་མིག་ལམ་དུ་མ་གྱུར་། ཕྱིས་སྟག་ལོའི་རིག་ཀུན་སོགས་ཆུ་བུམ་ཡར་འཇོ་མར་འཇོའི་ཚུལ་ཇི་སྙེད་དང་བཅས་མཆིས་ཀྱང་། གསོ་བ་རིག་པ་རང་གི་ལུས་ཡོངས་སུ་རྫོགས་པ་ཞིག་མ་མཐོང་བས། ཁོག་འབུབས་བགྱིད་འདུན་གྱི་འགོ་རང་ལོ་སུམ་ཅུ་སྐོར་ནས་བཙུགས་རུང་གཡེང་བ་དང་བསྟན་བཅོས་གཞན་ཇེ་འཕེལ་གྱིས་ས་བོན་ཙམ་ལས་ལག་ཏུ་མ་ལོན་པ། རབ་བྱུང་བཅུ་གཉིས་པའི་ཆུ་ཕོ་རྟའི་ལོ་ཆུ་སྟོད་ཟླ་བའི་རྒྱལ་བ་ལྷུམས་སུ་ཞུགས་པའི་དུས་ཆེན་ཚེས་བཅོ་ལྔའི་ཟླ་བ་གྲོ་བཞིན་གྱི་འགྲུབ་སྦྱོར་ནས་དབུ་བཟུང་། ཁོག་འབུགས་སྔ་མ་ཕལ་ཆེར་གྱིས་སྣོད་བཅུད་ཆགས་ཚུལ། སྟོན་པའི་ཐུགས་བསྐྱེད་ནས་བཟུང་བའི་མཛད་པ། རིག་གནས་ལྔའི་བཤད་པ་སོགས་རང་གིས་གང་མཐོང་གསོ་དཔྱད་ཁོག་འབུབས་སུ་བཀོད་པ་ཤས་ཆེ་ནའང་ད་ལམ་དེ་དག་རྣམས་གཞན་དུ་རྒྱས་པར་བཤད་ཟིན་པས། གསོ་བ་རིག་པ་རང་ཉིད་ཀྱི་སྐོར་རྫོགས་པ་དང་། དེ་དག་འཆད་ཉན་ནས་བརྩམས་པའི་སློབ་དཔོན་དང་སློབ་མའི་རྣམ་བཞག། དེའི་སློབ་དཔོན་གྱི་འཕྲོས་དོན་ལས་སུམ་ལྡན་རྡོ་རྗེ་འཛིན་པའི་སྐོར་དང་། ཆོས་སྟོན་པ་པོའི་རྟེན་གྱི་ཁྱད་པར་དང་བཅས་དཔལ་ལྡན་གསོ་བ་རིག་པའི་ཁོག་འབུབས་ལེགས་བཤད་བཻ་ཌཱུརྱའི་མེ་ལོང་དྲང་སྲོང་དགྱེས་པའི་དགའ་སྟོན་ཞེས་བྱ་བ་འདི་ནི། ཇི་སྐད་དུ། འབྲི་ཕག་རྒྱ་མ་གཡའ་བཟང་བ། ཚུལ་པ་བྱ་ཡུལ་ལྷ་འབྲུག་གསུམ། བསྡེབས་པས་དབུས་ཀྱི་ཁྲི་སྐོར་དྲུག། མངའ་རིས་ལ་སྟོད་ལྷོ་བྱང་གཉིས། །ཆུ་མིག་ཞ་ལུ་བྱང་འབྲོག་བཅས། །བསྡེབས་པས་གཙང་གི་ཁྲི་སྐོར་དྲུག །གཙང་མིན་དབུས་མིན་ཡར་འབྲོག་གི། །ཁྲི་སྐོར་དང་བཅས་བཅུ་གསུམ་མོ། །ཞེས་པའི་ནང་ཚན་ཚལ་པ་ཁྲི་སྐོར་གྱི་ཁོངས་སུ་འདུ་བ་དབུ་རུ་ཤོད་ཆེན་བཙན་པོ་མངའ་བདག་གི་ཡུལ་སྟོད་སྨད་གཉིས་སུ་ཕྱེ་བའི་སྨད་ཀྱི་ཆར་གཏོགས་པ། གནམ་འཁོར་ལོ་རྩིབས་བརྒྱད། ས་པདྨ་འདབ་བརྒྱད། ལོགས་བཀྲ་ཤིས་བརྟག་བརྒྱད་ཀྱིས་བསྐོར་བའི་དགེ་བཅུ་མ་ལུས་པ་ཚང་བའི་ནང་ནས། ནང་དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་དངོས་དང་ཕྱི་ཁམས་གསུམ་མ་ལུས་ཁྱབ་པའི་གདུགས། བཀྲ་ཤིས་གཡས་སུ་འཁྱིལ་བའི་དུང་དཀར། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་གསུམ་གྱི་རང་བྱོན་ཆུ་ཟླ་ལྟར་གསལ་བ་དང་ཤིན་ཏུ་ཉེ་བའི་རྒྱབ་རི་བཟང་པོས་སྐྱབས་ཤིང་། ཉང་ཏིང་འཛིན་བཟང་པོའི་བྲན་དུ་གྱུར་པའི་ཡུལ་གྲོང་སྡེའི་སྟོད་སྨད་གཉིས་ཀྱི་ཕྱི་མའི་ཆར་མཚུར་སྟོན་དབང་གི་རྒྱལ་པོའི་རུས་ལས་ཆད་པ་ཡིན་ཞེས་དཔྱ་ཁྲལ་གྱི་འཚོ་བའི་རིགས་སུ་སྐྱེས་པ། ཡབ་རྗེ་ཀུན་མཁྱེན་རྒྱལ་བའི་དབང་པོ་ལྔ་པ་ཆེན་པོས་བཙས་མ་ཐག་ནས་སྲིའུ་གསོ་བའི་ཚུལ་དུ་བརྩེ་བས་བསྐྱངས་ཤིང་། ཕྱི་ལྟར་ཆོས་སྲིད་ཡོངས་སུ་རྫོགས་པ་བསྩལ་བའམ་དབང་བསྐུར། ནང་ལྟར་བཀའ་གཏེར་གསང་རྒྱ་དང་བཅས་པ་ལས་ལྷ་སྲས་རྒྱལ་པོའི་སྐྱེ་བ་ཞིག་འབྱུང་བར་ངོས་འཛིན་དང་། གསང་བ་ཡང་གསང་དེ་ཁོ་ཉིད་ཀྱི་དཀྱིལ་འཁོར་དུ་མར་དབང་བཞི་རྫོགས་པར་བསྩལ་ཏེ་རྡོ་རྗེ་སློབ་དཔོན་ཆེན་པོ་ལ་མངའ་གསོལ་བ་སོགས་ཚིག་ཙམ་མ་ཡིན་པའི་བཀའ་དྲིན་གྱིས་འཚོ་བ། ལེགས་པར་སྦྱར་བ་སཾ་སྐྲྀ་ཏའི་སྐད་དུ་བུདྡྷ་ཨབྷི་སྟེ་རི་ཁ་བ་ཅན་གྱི་ལྗོངས་སུ་སངས་རྒྱས་རྒྱ་མཚོ། བྱ་ཀ་ར་ཎའི་གཙུག་ལག་ཏུ་ཐོས་པའི་ཀུན་བཤད་ཀྱི་མིང་དབྱངས་ཅན་དགྱེས་པའི་བློ་ལྡན་གདོང་དྲུག་བསྙེམས་པའི་ལང་ཚོ་གསར་བས་རང་ལོ་བཅུ་ཕྲག་ལྔ་དང་ཉག་མ་གཅིག་དང་། རྒྱལ་བ་དོན་ཀུན་གྲུབ་པ་སེར་སྐྱའི་གྲོང་ཁྱེར་དུ་བལྟམས་པའི་ཚུལ་བསྟན་ནས་བགྲང་བྱ་ཉིས་སྟོང་དྲུག་བརྒྱ་རེ་གསུམ། རྩྭ་ཅན་དུ་གཟུགས་སྐུའི་བཀོད་པ་བསྡུས་ནས་ཉིས་སྟོང་ལྔ་བརྒྱ་གྱ་གསུམ་ནས་འདས་པ། སྒྲུབ་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་དུས། དུས་ཀྱི་འཁོར་ལོའི་རྩོད་ལྡན་འཆར་ནས་ལོ་བརྒྱ་དང་ལྔ་སོང་བ། དྲག་པོའི་འཁོར་ལོས་ཀླ་ཀློ་བཅོམ་ནས་རྫོགས་ལྡན་འཆར་བ་ལ་བདུན་བརྒྱ་ཉེར་གཅིག་ཡོད་པ། ལེགས་པར་སྦྱར་བ་ལྷའི་སྐད་དུ་བྷཱ་ནུ། སྟོང་འགྲེལ་བ་ཉི་མ། མ་ཧཱ་ཙི་ནའི་སྐད་གུའི་ཝུའི། ལྗོངས་འདིར་དབང་ཐང་དང་བསྟུན་པའི་ཆུ་མོ་ལུགའབྱུང་བ་བཞི་ལྡན། ཟླ་བའི་ཀླུངས་ཀྱི་ལོའི་ཉིན་མོར་བྱེད་པ་འཁྲིག་པའི་ཁྱིམ་དུ་སྤྱོད་ཅིང་། དུས་འཁོར་བའི་དབྱར་འབྲིང་རགས་པ་སྣོན་གྱིས་ཉ་བ། སྤོར་ཐང་བའི་སྟོན་ར་ལྕགས་སྤྲེལ་ཆེ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པ། དུས་འཁོར་བའི་དབྱངས་ར། གསལ་བྱེད་གུ། འབྱུང་བ་མེ། འདོད་ཡོན་རོ། དབྱངས་འཆར་བའི་དབྱངས་ཨ། གསལ་བྱེད་ཁ། འབྱུང་བ་མེ། འདོད་ཡོན་གཟུགས། གཉི་ག་མཐུན་པའི་ངར་གུང་ལང་ཚོ། རེས་གཟའ་ཟླ་བའི་བུ་སྟོབས་དང་ལྡན་པ། ལས་སྐར་མཛའ་ལྷའི་ལྷ་མོ་དང་དགའ་མགུར་སྤྱོད་པའི་འཆི་མེད་འགྲུབ་པའི་སྦྱོར་བ། འཕྲོད་གཞོན་ནུ། ཁམས་སྦྱོར་ལང་ཚོ། འཕྲོད་ཆུང་འཕེལ་ཉི། སྦྱོར་བ་གྲུབ་བྱ། བྱེད་པ་ཏིལ་བརྡུངས། རྟེན་འབྲེལ་དུས་འཁོར་པའི་སྲེད་པ། དབྱངས་འཆར་བའི་འདུ་བྱེད། ཉི་མ་མེ་སྟགཚེས་སྦར་ལི་དང་། སྨེ་བ་བཞི་ལྗང་རྣམས་ཀྱི་གཟའ་ཚེས་སྐར་སྦྱོར་དགེ་ཞིང་རྟ་བདུན་གྱི་དབང་པོ་གོ་ལའི་ཁྱིམ་ནས་ལྷོ་བགྲོད་དུ་ཕྱོགས་པའི་ཉེན་གྱི་དུས་ནམ་ལངས་ཕྱི་ཆ་ས་ཡོས། དུས་སྤར་ཁོན། དུས་སྨེ་ལྔ་སེར། ཏ་ཏྐཱ་ལ་ཀ་རྐ་ཊ། ཕྱེད་ལྷ་རགས་པ་བརྟན་པ། གཟའ་ཕུར་བུ་སྟེ་བདུད་རྩིའི་ཐུན། ཟླ་སྙིགས་རྣམ་དག་ལེགས་སོ་འཆར་བའི་དུས་དགེ་བའི་ཐོགརང་ལོ་ལྔ་བཅུ་ཕན་དུ་ངག་དཔོད་ཀྱི་རིགས་དག་སྒྲ་འཆོལ་བས་འདྲི་མིས་ཇི་བཞིན་མ་གོ་བའི་སྐྱོན་དང་བཅས་རྩོམ་པ་མཐའ་དག་ཡི་གེ་ཞལ་ཡང་སུག་བྲིས་ཁོ་ན་ཡིན་རུང་། ལྔ་བཅུ་ནས་འབྲི་བའི་ལྕོགས་པའང་ཞན། སྔ་དགོངས་ལ་སོགས་རབ་རིབ་ཀྱིས་ཕྲ་བ་རྣམས་མཐོང་བ་ཡང་དཀའ་བ་སོགས་ཀྱིས་སུག་བྲིས་མ་ཐུབ་པས། ཡི་གེ་བ་ཆ་དཀར་བ་པདྨ་བསོད་ནམས་ཀྱིས་བགྱིས་པ་ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་པར་གྱུར་ཅིག། །།

མཐའ་མའི་འདོན་ཐེངས་།: 28.01.2022 ཉིན། 4:56 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།