སྨན་རྩིས་དྲ་བ། - ཆེད་རྩོམ།

སྤོ་ལྷག་པ་དང་པྲོག་དབྱིབས་གཉན་རིམས། ༡༩

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.09.2020
ཆེད་རྩོམ། >>



༄། །སྤོ་ལྷག་པ་དང་པྲོག་དབྱིབས་གཉན་རིམས། —19

-སྨན་པ་སྟོན་པ་སྐྱབས།

 

དང་པོ། 

སྤོ་བོ་ལྷག་པ་ཚེ་རིང་ལགས་ནི། ད་ལོ་དགུང་ལོ་གྱ་གསུམ་ཡིན། གོ་མིན་ཏང་དང་། རྒྱ་དཀར་ནག བོད་བཅས་ཀྱི་དམག་མི་བྱས་མྱོང་། བྱས་རྗེས་ཆེ། ཡིན་ཡང་སློབ་གྲྭའི་སྒོ་ཐེམ་ལ་གོམ་པ་སྤོ་མྱོང་མེད།

    རང་ལོ་བཅུ་བཞིའི་སྟེང་སྤྲོ་སྣང་གིས་དམག་མིར་ཞུགས། དུས་ཀྱི་འགྱུར་ལྡོག་ལས་རྒྱལ་ཁབ་བཞི་ཡི་དམག་ས་འགྲིམས་རིམ་བཞིན། རང་སྲོག་བློས་གཏོང་མཁན་གྱི་དཔའ་བོའི་མཚན་སྙན་ཡང་ཐོབ་མྱོང་། སྐབས་དེར། “རང་ཉིད་ཤ་དར་ཁྲག་དར་ཡིན་ནམ། ཡང་ན། རྒྱལ་ཞེན་ཆེ་དྲགས་པས་ཡིན། དམག་འཐབ་སྐབས། ཤི་རྒྱུ་ལའང་སྐྲག་སྣང་རྩ་བ་ནས་སྐྱེས་མ་མྱོང་།” སྤོ་ལྷག་པས་འདི་ལྟར་འདས་དོན་རྣམས་སྤྱན་ཟུང་ལ་ཤར་ནས། ཞལ་ལ་སྤོབས་ཉམས་མངོན། ཡིན་ནའང་། དབུགས་རིང་ཞིག་དང་མཉམ་དུ་ཞལ་གྱི་སྤོབས་ཉམས་དེ་དལ་གྱིས་ཡལ་སོང་། ད་ལོའི་ནད་ཡམས་འདི་བྱུང་བ་ནས་རྒྱལ་ཁབ་མང་པོས་རྩོད་གླེང་བྱེད་བཞིན་པའི་སྐོར་དེས། སྤོ་ལྷག་པའི་ལུས་སེམས་གཉིས་ཀ་ཅུང་ལྕི་རུ་སོང་བའི་ཚོར་བ་སླེབས། ནད་ཡམས་འདི་ནི་ཁོང་གི་མཐའ་མཇུག་གི་ངོ་ཡ་དེ་ཡིན་སྣང་བཟུང་ཡོད་ཀྱང་། སྔར་གྱི་དཔའ་གདེངས་དེ་བོར་ནས་ཡུན་རིང་ཕྱིན་པའང་གཞི་ནས་ཚོར་གྱིན་པ་འདྲ། “ལོ་ཡི་རྐྱེན་ཡིན་ནམ་སྒེར་སེམས་ཆེ་བས་ཡིན། གང་ལྟར་ཡང་། སྔོན་ཀྱི་དམག་ས་ལས། དེང་སྐབས་ཀྱི་སྤྱི་ཚོགས་འདི་འཇིགས་ཡེར་བ་འདུག” ཅེས་པའི་སྡོམ་ཞིག་བཞག མཐའ་མར་སྤོ་ལྷག་པས་འདི་ལྟར་སྡོད་པ་ལས་འབྲེལ་ཡོད་སྨན་པར་དྲིས་ན་ལེགས་པའི་ངེས་ཤེས་རྙེད་ཅིང་། སྨན་པ་སུ་ཞིག་གདན་འདྲེན་ཞུ་རྒྱུར་བསམ་བློ་བཏང་།

   “དེ་རིང་རྣམ་པ་གཉིས་ཕེབས་པར་དགའ་པོ་བྱུང་། ཐུགས་རྗེ་ཆེ། ལས་བྲེལ་ཆེ་སྒང་ལ་ཐུགས་བསུན་བཟོས་སོང་། ལྷོད་ལྷོད་བཞུགས་དང་། གསོལ་ཇ་མཆོད་རོགས།” སྤོ་བོ་ལྷག་པ་ཚེ་རིང་འབོལ་སྟེགས་ལས་བཞེངས་ཙམ་གྱིས་དེ་ལྟར་བཤད་དེ་མར་བཞུགས། ཚ་བོ་ཉི་མ་བཀྲ་ཤིས་ལ་གསོལ་ཇ་འདྲེན་དགོས་པའི་བརྡ་བསྟན། 

   “ལས་བྲེལ་མེད་ལགས། ངེད་གཉིས་འདིར་བཅར་ནས་ཁྱེད་ལ་ཐུགས་ཕན་འདྲ་སོས་ན་དེ་གས་འགྲིག ང་ལ་ཆུ་ཁོལ་ཤེལ་ཕོར་གང་། ཐུགས་རྗེ་ཆེ།” ནུབ་ལུགས་སྨན་པ་ཕུར་བུ་རྒྱལ་མཚན་གྱིས་བཤད། 

   “ལགས་རེད། དེ་རིང་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་གཞུང་འབྲེལ་གུང་གསེང་ཡིན། ཁྱེད་ཀྱི་བཀའ་འདྲི་ལ་ངེད་གཉིས་ནས་གང་ནུས་ཅི་ཐུབ་བྱེད་ཆོག” བོད་ལུགས་སྨན་པ་པ་སངས་དོན་འགྲུབ་ཀྱིས་མུ་མཐུད། 

   “ནད་ཡམས་འདི་ཡི་སྐོར་ལ་མང་པོ་ཞིག་གླེང་བཞིན་པ་ལ་སེམས་འཚབ་འདུག སོང་ཙང་རྣམ་པ་གཉིས་ཆེད་དུ་གདན་དྲངས་ནས་དངོས་ཡོད་ཤེས་པ་ཡིན་ན། སེམས་ལ་ཁྱད་པར་འདུག” སྤོ་ལྷག་པས་འདི་ནི་དྲི་བ་དང་ཁ་བརྡ་གང་ཡིན་རང་ཉིད་ལའང་གསལ་ཁ་མེད་པས་ཚིག་མཚམས་བཞག ཚ་བོ་ཉི་མ་བཀྲ་ཤིས་ཀྱིས་བོད་ཀྱི་རྒྱལ་དར་དཔར་ཡོད་པའི་ཇ་ཕོར་དང་ཆུ་ཕོར་རེ་རེ་བཞིན་དྲངས།

   “ལགས་རེད། དེ་ག་རང་རེད།” ཅེས་སྨན་པ་གཉིས་ཀས་ཁ་མཉམ་ལྟ་བུར་ལན་བཏབ། 

   “ནད་ཡམས་འདི་ལ་ Covid-19 ཞེས་སུ་ཞིག་གིས་བཏགས་པ་ཡིན་ནམ། བོད་སྐད་ལ་ཚང་མས་ཏོག་དབྱིབས་ནད་དུག་ཟེར་བཞིན་པ་ལ་རྒྱུ་མཚན་འདྲ་ཡོད་དམ་” སྤོ་ལྷག་པས་ཤེས་འདོད་ཀྱིས་དེ་ལྟར་དྲིས།

   “ནད་ཡམས་འདི་འགོས་རྐྱེན་བྱེད་པའི་དུག་སྲིན་དེ་ཅུང་སྣུམ་ཞད་ཡོད་པའི་དབྱིབས་ཟླུམ་སྒོར་དང་། ཕྱི་ངོས་ནས་ Spike ཚེར་མ་ལྟ་བུ་མང་པོ་གཟེངས་ནས་ཡོད་པ་དེ་གཞན་ལ་འགོ་བར་གྲོགས་སུ་འགྲོ་བ་དང་། དབྱིབས་ནི་དབུ་རྒྱན་ནང་བཞིན་ཡོད་པས། ཕྱི་ལོ་ 2020 ལོའི་ཟླ་བ་ 2 ཕྱི་ཚེས་ 11 ཉིན་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ (WHO) དེ་ལྟར་བཏགས་པ་རེད། Corona Virus Disease 2019 ཅེས་བའི་བསྡུས་མིང་རེད་ལགས། Corona དང་ Crown གཉིས་ཀྱི་ནང་དོན་གཅིག་པ་རེད། རྒྱལ་པོ་སོགས་ཀྱིས་མནབ་རྒྱུའི་དབུ་རྒྱན་ནམ་ཅོད་པན་གྱི་དོན་རེད། virus ནི་ཕན་ཚུན་ལ་འགོས་མཆེད་ཀྱི་རྒྱུ་གཙོ་བོ་བྱེད་པའི་གཉན་སྲིན་ནམ་ནད་དུག་ལ་ཟེར་བ་དང་། Disease ནི། ནད་ཡམས་སམ་ན་ཚའི་དོན་རེད། 19 ནི་ནད་ཡམས་དེ་བྱུང་བའི་ལོ་སྟེ། 2019 ལོ་མཚོན།” ཞེས་ནུབ་ལུགས་སྨན་པས་སྐད་གསང་མཐོན་པོའི་སྒོ་ནས་སྔོན་ལ་ཁ་གྲགས། 

   “དེ་ག་རང་རེད་ལགས། ཡིན་ནའང་། བོད་སྐད་དུ་ “ཏོག་དབྱིབས་”ཞེས་ཁྱབ་ཆེ་བ་འདུག དང་པོ་དྲྭ་ལམ་ཁག་ཏུ། བོད་ནང་གི་སྨན་པ་མང་པོ་ཞིག་གི་དཔྱད་རྩོམ་ནང་ལ་“ཏོག་དབྱིབས་”དང་། ཡང་ཁ་ཤས་ནང་དུ་“པྲོག་དབྱིབས་”ཅེས་བྲིས་འདུག གང་ལྟར་ཡང་ད་སྐབས། “ཏོག་དབྱིབས་”ཅེས་བའི་ཐ་སྙད་འདི་ཚང་མའི་ངག་ལ་འཇགས་ཤིང་ལག་ལ་བྱང་ཚར་འདུག་ཀྱང་། ཁྱད་པར་མི་འདུག ང་ཚོས་སློབ་སྟོན་བརྙན་པར་མང་པོ་དང་། ཁྱད་ལས་མི་སྣའི་འགྲེལ་བཤད་སོགས་ལས་ཅུང་སྣུམ་ཞད་ཡོད་པའི་གཉན་སྲིན་ཏེ། དབྱིབས་ཟླུམ་སྒོར་ཅན་ཞིག་ལས་ཚེར་མ་ལྟ་བུ་མང་པོ་ཕྱིར་གཟེངས་ནས་ Corona འམ་ Crown དང་འདྲ་བོ་ཡོད་པས། གཉན་སྲིན་དེའི་མིང་ལ་ཡང་ Corona Virus ཞེས་བཏགས་པར་བཤད་པ་གོ་ཐོས་བྱུང་། བོད་པའི་བླ་མའམ་རྒྱལ་པོ། ལྷ་པ་དང་སྐུ་དྲག་ཚོས་མནབ་རྒྱུའི་པྲོག་ཞུའམ། ཅོད་པན། དབུ་རྒྱན་དང་། རིགས་ལྔ་སོགས་ལའང་རྩེ་མོ་མང་པོ་ཡོད་ལ། རིན་ཆེན་རིགས་ཀྱིས་སྤྲོས་ནས་བརྗིད་ཆགས་པ་དང་། འོད་དུ་འཚེར་བ། མདངས་དང་ལྡན་པས་སྣུམ་ཞག་དོད་པ་བཅས་ Crown དང་གཅིག་ཏུ་གོ་ལ། Corona Virus དང་ཡང་འདྲ་བོ་ཡོད་པས་པྲོག་ཞུ་དབྱིབས་སམ་པྲོག་དབྱིབས་ཅེས་བཏགས་ན་ག་འདྲ་འདུག ནམ་རྒྱུན་ང་ཚོས། ཅ་ལག་སྤུས་དག་དང་ཡག་པོ། ཡང་ན་ས་ཆུ་འཛོམས་པའི་གཤིན་ས་རིགས་ལ་སྣུམ་ཞག་དོད་པོ་འདུག་ཅེས་བཤད་སྲོལ་ཡོད་པ་ལྟར་གཉན་སྲིན་དེ་རྩ་ཆེར་བརྩིས་ནས་མ་ཡིན་པར་དབྱིབས་དང་སྣུམ་ཞད་ཡོད་པའི་ཆ་ནས་འདྲ་བོ་མཐོང་སོང་། ལྐུགས་པའི་ཨུ་ཚུགས་ཙམ་ཡིན།” ཞེས་བོད་ལུགས་སྨན་པས་ཉམ་ཆུང་གིས་བཤད། 

   “ད་གཞི་ནས་ཤེས་སོང་། ཁ་ཤས་ཀྱིས་གྲངས་ཀ་ ༡༩ དེ་ནི། ནད་དུག་ལས་ཕྱིར་གཟེངས་པའི་ཚེར་མ་ལྟ་བུའི་རྐང་གྲངས་མཚོན་ཟེར་བ་ནི་ཧ་མ་གོ་བའི་སྐད་ཆ་རང་རེད་འདུག མིག་གསལ་བ་ལ། དེ་འདྲ་ཞིག་ཡིན་པ་སུས་མཐོང་བ་ཡིན་ནམ།” ཞེས་སྤོ་ལྷག་པའི་ཞལ་ལ་དོགས་པས་ཁེངས་ནས་ངག་ལས་དེ་ལྟར་ཤོར།

   དེང་སང་གི་ཚན་རིག་པ་རྣམས་ལ་ཚེ་ཕྱི་མའི་ཚུར་ཕྱོགས་ཀྱི་ཕལ་ཆེ་བ་ཞིག་སྦ་ཐབས་མེད། ཕྲ་མཐོང་ཆེ་ཤེལ་སོགས་གསར་ཐོན་ཅ་ལག་མང་པོ་ཡོད་པ་རེད། ཧ་ཅང་ཆུང་དྲགས་ནས་ཤའི་མིག་གིས་ཐད་ཀར་མཐོང་མི་ཐུབ་པའི་རིགས་ལའང་གསལ་བོར་བལྟ་ཐུབ་ཀྱི་རེད། དཔེར་ན། ནས་འབྲུ་གཅིག་ཆ་ཤས་ཁྲི་ལྷག་ལ་བགོས་བའི་ཆ་ཤས་གཅིག་གི་ཚད་ལའང་བལྟ་ཐུབ་པ་ལྟ་བུ་རེད། ང་ཚོ་བོད་པའི་སྤྱི་ཚོགས་ནང་། ན་མང་བའི་གློ་གཅོང་ནད་ཀྱི་ཕྲ་སྲིན་ནམ་ TB ཡི་ Bacteria ནི་ཧ་ཅང་ཆུང་ཡང་། ཚན་རིག་པ་དང་ཆེད་ལས་སྨན་པ་ཚོས་བཤད་ན། ཕྲ་མཐོང་ཆེ་ཤེལ་ལས་ Micrometer 3 ནས་ 4 བར་ཡིན་པ་དང་། ཕྲ་མཐོང་ཆེ་ཤེལ་ལས་ཀྱང་ལྷག་པའི་གློག་རྡུལ་ཆེ་ཤེལ་ལས་ Electron Microscope ནད་ཡམས་འདིའི་གཉན་སྲིན་ནི་ Nanometer 20 ནས་ 200 བར་དང་། གོང་གི་ཕྲ་སྲིན་ལས་ལྡབ་ཉིས་སྟོང་ལྷག་གི་ཆུང་བ་ཡོད་པ་མཐོང་ཡོད། དབྱིབས་ནི་ཅོད་པན་ནམ་དབུ་རྒྱན་དང་འདྲ་བོ་ཡོད་ལ། རིགས་རྫས་ DNA དང་ RNA གཉིས་ལས་ཕྱི་མ་དེའི་རིགས་སུ་གཏོགས། གཉན་སྲིན་དེ་ལ་ཕྲ་ཕུང་ངམ་ Cell མེད་པས་སྲོག་ལྡན་མིན་པར་བཤད་ཀྱང་རྩོད་གཞི་ཡོད་ས་རེད། དེ་ཉིད་རྟེན་གནས་བྱེད་ས་ Host ལྟ་བུ་ལ་འགྱིག་དང་ལྕགས་སོགས་ཀྱི་ཅ་ལག་རིགས་དང་། མིའི་གཟུགས་པོ། ལྷག་པར་ཁ་རས་ཀྱི་ཕྱི་ངོས་སུ་ཡུན་རིང་གནས་ཐུབ་པས་ཕྲ་ཕུང་ཡོད་པའི་ནད་འབུ་ལས་འགོས་མཆེད་མགྱོགས་པོ་ཡོད་ཚུལ་འདུག” ནུབ་ལུགས་སྨན་པས་ཤར་མར་བཤད།

   “དེང་གི་འགོས་ཡ་ཡོད་པའི་ན་ཚ་རིགས་ཁ་ཤས་ལ། ང་ཚོ་བོད་སྨན་ལས་གཉན་རིམས་ཟེར། འགོས་མཆེད་མགྱོགས་ལ་ཚེ་སྲོག་མྱུར་དུ་འཕྲོག་པ་དང་། ངོས་འཛིན་ཁག་ལ་བཅོས་ཡུན་འགོར་བ་སོགས་ནམ་རྒྱུན་གྱི་འགོས་ནད་རིགས་དང་ཁྱད་པར་ཤིན་ཏུ་ཆེ། རྒྱུ་རྐྱེན་མང་པོ་ཞིག་གིས། པརྤ་ཏ་ཞེས་ཕྱི་ཡི་དུག་ཅན་གྱི་སྲིན་བུ་དེ་ཉིད་ལུས་ཀྱི་བུ་ག་དགུའམ་བ་སྤུའི་བུ་ག་གང་རུང་ནས་ཞུགས་ཏེ་ལུས་ལ་ལྷན་སྐྱེས་སུ་གནས་པའི་ཁྲག་སྲིན་དང་འཐབ་པའི་དུག་རླངས་རིམ་གྱིས་ལུས་ཟུངས་ལ་བབས་ནས་སྲོག་འཕྲོག་གི་རེད། གཉན་སྲིན་དེའི་རིགས་ཀྱི་ཁྱད་ཆོས་ནི། ཧ་ཅང་ཕྲ་ལ་ཆུང་དྲགས་ནས་ཤའི་མིག་གིས་ཐད་ཀར་མཐོང་མི་ཐུབ་ཀྱང་། ཕྲ་མཐོང་ཆེ་ཤེལ་དང་། རྟོགས་པའི་བློའམ་ཏིང་ངེ་འཛིན་གྱི་སྒོ་ནས་མདོག་དབྱིབས་དང་བཅས་པ་བོད་ལུགས་གསོ་རིགས་གཞུང་ལས་གསུང་ཡོད། མན་ངག་ལྷན་ཐབས་ལས། རྒྱུ་ལ་རྐྱེན་དེས་ཏྲེ་ཏྲེ་ཧོ་ཞེས་སམ།། པརྤ་ཏ་དེ་སྲིན་གྱི་གཟུགས་སྤྲུལ་པ།། རྩངས་པའི་མགོ་དབྱིབས་ཁ་ཆེ་སྦྲུལ་ལྟ་བུའི།། མཇུག་རིང་རྟ་བླ་ལྟར་དུ་ཡན་ལག་མང་།། རླུང་གཤོག་ལྡན་པས་ཕྱོགས་ཀུན་རྒྱུ་བ་སྟེ།། བར་སྣང་ཁམས་ནས་བ་སྤུ་སྣ་སྒོ་འཇུག། ཅེས་དང་། མིའི་གཟུགས་པོར་གནས་པའི་ཁྲག་སྲིན་གྱི་ཐད་ལ་ཡང་། དེ་ཉིད་ལས། དེ་བསྟུན་ལུས་ནང་གནས་པའི་སྲིན་བུ་ནི།། ཁྲག་སྲིན་རྐང་མེད་ཟླུམ་ལ་དམར་བ་དེ།། ཁྲག་ལ་གནས་ཤིང་རྩ་ནང་ཀུན་ཏུ་རྒྱུ།། གཉན་ནད་ཀུན་གྱི་རྒྱུ་དང་མཛེ་ནད་བྱེད།། ཅེས་གསུངས་ཡོད།” བོད་ལུགས་སྨན་པས་བཤད་ཚར་བ་དང་དྲི་བ་རྗེས་མ་ལ་སྒུག

   སྤོ་ལྷག་པས་བློར་བབས་པའི་བརྡ་ལ་མགོ་བོ་ནང་དུ་གུག་གུག་ལན་འགའ་བྱས། དེ་ནས་ཚེ་ཕྱི་མའི་ཚུར་ཕྱོགས་ཀྱི་ཡོད་ཚད་མཐོང་མཁན་ཚོས་གཉན་སྲིན་དེ་མ་བཟུང་བའམ་ཡང་ན་འཛིན་མ་ཐུབ་པ་ཡིན་ནམ་བསམ་བློ་འདྲ་མིན་འཁོར། “གཉན་སྲིན་དེ་རྒྱ་ནག་ཝུའུ་ཧན་ནས་ག་འདྲ་སེ་འཛམ་གླིང་ཧྲིལ་བོར་མཆེད་སོང་ངམ། ད་ལྟ་མི་མང་པོའི་ཚེ་སྲོག་ཤོར་བཞིན་འདུག ལྷག་པར་རྒན་རྒོན་ལ་སྡང་པོ་འདུག་ཟེར་བ་བདེན་ནམ། ཨོཾ་མཎི་པདྨེ་ཧཱུཾ། ་་་་ །” ཞེས་ཤབ་ཤུབ་ངང་མ་ཎི་བགྲངས་བཞིན་སྨན་པ་གཉིས་ལ་ཉན། 

   “ལགས་རེད། མི་རིགས་ལ་དབྱེ་བ་མེད་པར་འགོས་ནས་ཚེ་སྲོག་མང་པོ་འཆོར་བཞིན་པ་བདེན་པ་རེད་ལགས། སྤྱིར་ལོ་ན་མཐོ་བ་རྣམས་ཀྱི་ལུས་ཁམས་དང་ཟུངས་སྟོབས་སོགས་མི་དར་མ་ལས་ཅུང་ཞན་པ་ཆོས་ཉིད་རེད། ཡིན་ནའང་། རྒན་རྒོན་རྣམས་ཀྱིས་དུས་ལྟར་ཞལ་ལག་ཡག་པོ་མཆོད་པ་དང་། འཚོ་བཅུད་སྨན་རྫས་རིགས་བསྟེན་ནས་ལུས་ཟུངས་སྟོབས་དང་ལྡན་ཞིང་། ཁྲག་ཤེད་མཐོ་བ་དང་གཅིན་སྙིའི་ནད་གཞི། སྙིང་ནད་དང་གློ་ནད་རིགས། མཁལ་ནད་དང་མཆིན་པའི་ན་ཚ་སོགས་མེད་པ་ཡིན་ན། རྒན་གཞོན་ཚང་མ་གཅིག་པ་རེད་ལགས། ཐུགས་ཁྲལ་དང་ཞེད་སྣང་སོགས་མི་དགོས། དང་པོ་གཉན་རིམས་འདི་ཝུའུ་ཧན་ལ་དར་ནས་སྤྱི་ཚོགས་ཟང་ཟིང་ཆགས་སྐབས། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་གཙོས། ན་ཚ་འདི་ཡུལ་ལུང་ངམ་ས་ཆ་བྱེ་བྲག་པ་ཞིག་ལ་བྱུང་བའི་ནད་ཡམས་ Epidemic ཙམ་ཡིན་པས། ཚང་མ་བློ་བདེ་བོར་བཞུགས་རོགས་ཞེས་གསུངས་པའི་ལམ་སྟོན་ལས། རྒྱ་ནག་ལ་འགྲོ་འོང་བྱེད་པའི་རྒྱལ་ཁབ་མང་པོའི་གནམ་གྲུ་འཕུར་བསྐྱོད་མཚམས་འཇོག་འཕྱི་དྲགས་པ་སོགས་རྒྱུ་རྐྱེན་མང་པོ་ཞིག་གིས། འཛམ་གླིང་ཡོངས་ལ་མཆེད་པར་སྟབས་ཇེ་བདེ་དང་མགྱོགས་པོ་ཆགས་པ་རེད། རྒྱལ་ཁབ་མང་པོ་ནས་ཉིན་རེ་བཞིན་ནད་པ་ཁྲི་ལྷག་བརྒལ་པའི་གསར་འགྱུར་གཅིག་འཕྲོར་གཅིག་སྤེལ་བར་བརྟེན། ཕྱི་ལོ་ ༢༠༢༠-༣-༡༡ ཉིན། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་གཙོས། འཛམ་གླིང་ཡོངས་ཁྱབ་ཀྱི་ནད་ཡམས་ Pandemic ཤིག་རེད་ཅེས་བསྐྱར་དུ་གསལ་བསྒྲགས་གནང་དགོས་བྱུང་། ནད་རྟགས་ལ་ཚ་བ་འཕར་བ་དང་། དབུགས་འབྱིན་རྔུབ་ཁག་པ། གློ་སྐམ་པོ་ལུ་པ་བཅས་གཙོ་བོ་གསུམ་གསུངས། ཡང་སྨན་པ་མང་པོས་སྨན་བཅོས་ཉམས་མྱོང་ཕྱོགས་བསྡོམས་བྱས་རིམ་བཞིན། གྲང་ཞུམ་བྱེད་པ་དང་། འདར་སིག་རྒྱག་པ། ཚིགས་གཞི་མི་བདེ་བ། མགོ་ན་བ། མིད་པ་དང་གྲེ་བར་ཚ་ཟུག་ལངས་པ། ཟས་ལ་དང་ག་འགག་པའམ་བྲོ་བ་མེད་པ་བཅས་ནད་རྟགས་དྲུག་ཙམ་ཨ་རིའི་འབྲེལ་ཡོད་ལས་ཁུངས་ Center for Disease Control ནས་འཕར་བསྣོན་བྱས་པ་ལ་ངོས་ལེན་གཏན་འབེབས་དང་། ཡོངས་ཁྱབ་གསལ་བསྒྲགས་གནང་། ནམ་རྒྱུན་གྱི་ཆམ་པའི་ནད་རྟགས་དང་འདྲ་བོ་འདུག རྒྱ་ཁྱབ་ཏུ་འགོས་མཆེད་འགྲོ་བ་ལ་ཐུག་རེག་དང་། ཁ། སྣ། མིག་སོགས་བརྒྱུད་ནས་མི་གཅིག་གིས་མི་བཞི་དང་། བཞི་ཡིས་བཅུ་དྲུག བཅུ་དྲུག་གིས་རེ་བཞི། རེ་བཞི་ཡིས་ཉིས་བརྒྱ་ང་དྲུག་ལ་འགོས་འཕེལ་བྱེད་པ་བཅས་ཆ་སྙོམས་མི་གཅིག་གིས་མི་བཞི་ལ་འགོས་བར་བྱེད། ནད་ཡམས་འདིའི་གཉན་སྲིན་ནི། སྔོན་ཆད་བྱུང་བའི་ནད་ཡམས་ SARS དང་ MERS གཉིས་ཀྱི་གཉན་སྲིན་དང་རིགས་རྒྱུད་གཅིག་པ་དང་། དེ་གཉིས་ལས་འགོས་མཆེད་མགྱོགས་མོད་ཤི་ཚད་ཉུང་བར་བཤད། ན་ཚ་འགོས་བ་ནས་ནད་རྟགས་ཕྱིར་མངོན་པ་ལ་ཉིན་བདུན་ཡས་མས་འགོར་བར་བཤད་མོད། རྗེས་སུ་ཉིན་བདུན་ནས་བཅུ་བཞི་ཡི་རིང་ཡིན་པར་བརྗོད། རིམས་ནད་ལ་བརྟག་དཔྱད་བྱས་རིམ་བཞིན་གསལ་བསྒྲགས་ལའང་འགྱུར་བ་འགྲོ་བཞིན་ཡོད།” སྤོ་ལྷག་པར་ད་དུང་དྲི་བ་མང་སྲིད་ལ། སྨན་པ་པ་སངས་ལགས་ཀྱིས་ཀྱང་སྒུག་འདུག་བསམ་ནས་ནུབ་ལུགས་སྨན་པས་བཤད་མཚམས་བཞག

   “དེང་སྐབས་བརྒྱུད་ལམ་ཁག་ཏུ། གཉན་རིམས་འདི་དང་འབྲེལ་ནས། ཆེད་ལས་མཁས་པ་མི་ཉུང་བ་ཞིག་གིས་སྤེལ་བའི་དཔྱད་བརྗོད་ནི། སྔོན་བྱོན་བོད་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་ཚོའི་དགོངས་པ་དང་ཐག་ཉེ་ཙམ་འདུག དམ་པ་གོང་མ་ཚོས། འདྲ་མཉམ་དང་ཆོག་ཤེས། བྱམས་བརྩེ་དང་སྙིང་རྗེ་ལ་སོགས་པ་བརླག་ན། གཅེས་སུ་འོས་པའི་ཁྱིམ་ཚང་གཅིག་ལྟ་བུའི་སའི་གོ་ལ་འདི་ཉིད་འཁྲུག་རྩོད་དང་འབྱུང་བའི་གནོད་པ། ནད་ཡམས་དང་མུ་གེ་སོགས་ཀྱི་འབྱུང་ཁུངས་སུ་འགྱུར་བར་གསུངས་ལ།  བོད་ལུགས་གསོ་རིག་ལས་ཀྱང་དེ་ལྟར་འདོད། ན་ཚ་ཞེད་སྣང་ཚ་པོའི་རིགས་གློ་བུར་དུ་འབྱུང་བ་དང་། གང་སར་ཁྱབ་སྟེ། ཚེ་སྲོག་མང་པོ་འཕྲོག་བཞིན་པ་ནི་འགྲོ་བ་མི་ཡི་སྒོ་གསུམ་གྱི་ཀུན་སྤྱོད་མ་རུང་བར་རག་ལས་པ་དང་། ནང་སེམས་ཀྱི་འཕྲོད་བསྟེན་ལའང་ཐུག་འདུག སོ་སོ་གཅིག་པུའི་བདེ་དོན་ཆེད་དུ། སྣོད་བཅུད་གཉིས་ཀ་ལོག་སྤྱོད་འཛེམས་མེད་བྱས་པའི་ཉེར་ལེན་ལས། གཉན་ནད་རིགས་བྱུང་ནས་ཇི་ལྟར་མི་ལ་ཕོག་ཚུལ་དང་། གཅིག་ནས་གཞན་ལ་འགོས་ཏེ་གཉན་རིམས་སུ་འགྱུར་བའི་ཐད་ལ། མན་ངག་ལྷན་ཐབས་ལས། དེ་ལ་རྒྱུ་ནི་དུག་གསུམ་ལས་སྐྱེད་པའི།། སྡེ་བརྒྱད་ལ་སོགས་དྲག་པོའི་གདོན་ཡིན་ཏེ།། རྐྱེན་ནི་མི་བསྲུན་སྙིགས་མའི་མི་རྣམས་ཀྱིས།། ཁྲིམས་ལ་མི་གནས་མནའ་ཟ་ནང་དམེ་བྱེད།། བག་མེད་ཐོ་ཅོས་ལྷ་ཀླུ་ཀུན་ལ་བསྡོས།། དམ་ཚིག་མི་སྲུང་བླ་མའི་བཀའ་ཡང་བཅག། མ་རུངས་མི་དགེ་སྤྱོད་ངན་སྣ་ཚོགས་ཀྱིས།། སྲུང་མའི་ཐུགས་ཁྲོས་ལྷ་ཡང་བདུད་དུ་བབས།། མ་མོའི་ཁ་རླངས་གདུག་པ་སྤྲིན་དུ་འཁྲིགས།། གཉན་རྒོད་རིམས་ནད་ཆར་བཞིན་ཕབ་པ་ལས།། སྤྲ་བ་རླན་མེད་མེ་དང་འཕྲད་པ་བཞིན།། ཞེས་གསུངས་ཡོད། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་ནས་བསྒྲགས་པའི་ནད་རྟགས་ལས་བོད་ལུགས་གསོ་རིག་གཞུང་ནས་གསུངས་པ་མང་ལ་ཞིབ་ཚགས་པར་འདུག ནད་པའི་ལུས་ཟུངས་དང་། ན་ཚ་བབས་སའི་གནས་ཀྱི་ཁྱད་པར་ལས་ནད་རྟགས་ཀྱང་གཅིག་པར་མ་ངེས། སྤྱི་བྱེ་བྲག་གི་རྟགས་ལའང་ནང་གསེས་དབྱེ་བ་མང་པོ་ཡོད། དེ་བཞིན་དུ་ Pandemic ལ་འཛམ་གླིང་ཡོངས་ཁྱབ་ནད་ཡམས་ཞེས་སྤྱི་ཚོགས་སྟེང་གོ་བདེ་ཡང་། ནད་སྟོབས་ཆེ་ཆུང་གིས་མཆེད་ཚད་མགྱོགས་བུལ་དང་། སྔོན་འགོག་སྨན་བཅོས་མྱུར་དལ་ལས་སྤྱི་ཚོགས་ལ་ཐེབས་པའི་མི་རྒྱུའི་གྱོང་གུན་ཆེ་ཆུང་སོགས་ལ་དཔྱད་ན། ང་ཚོས་དེ་ལ་“གཉན་ནད་ནག་པོ་” ཞེས་འབོད། མན་ངག་ལྷན་ཐབས་ལས། བཅོས་པའི་ལོང་མེད་འཕྲལ་དུ་ཐོག་བབས་གསོད།། གཉན་ནད་ནག་པོས་འཛམ་གླིང་བཞི་ཆ་སྟོང་།། ཞེས་གསུངས་ཡོད། ཨོ་དགོངས་དག ད་མང་པོ་ཆགས་སོང་།” བོད་ལུགས་སྨན་པས་ལུང་ཚིག་དྲངས་རྗེས་དེ་ལྟར་བཤད་ཚོད་བཟུང་། 

 

གཉིས་པ། 

   སྤོ་བོ་ལྷག་པ་ཚེ་རིང་ལགས་གཉེན་སྒྲིག་བྱས་མ་མྱོང་། ཡིན་ཡང་གཟན་ཤམ་མནབས་པའི་དགེ་སློང་མིན། ལྷག་བསམ་རྣམ་དག་ཡིན། དགུང་ལོ་དྲུག་ཅུའི་སྟེང་དམག་ཁོངས་ནས་དགོངས་ཞུ་བྱས། དྷ་སར་བཞུགས། ལུས་ཁམས་བདེ། ཡིན་ན་ཡང་། སྤོ་ལྷག་པའི་སྤྱན་ཟུང་ལོང་ཡོད། དེ་ལ་ངོ་མཚར་ཞིང་སྐྱི་གཡའ་བའི་ལོ་རྒྱུས་རིང་པོ་ཞིག་ཡོད། དེ་ནི་རླབས་ཆེན་གྱི་ལོ་རྒྱུས་ཤིག་ཡིན།

   སྤོ་ལྷག་པས། གསོལ་ཇ་མངར་མོ་བལྟམས་པའི་བཞེས་ཕོར་ལས་དལ་གྱིས་ཧུབ་དོ་མཆོད། དམག་འཐབ་སྐབས་བློ་འགེལ་ས་ནི་མཚོན་ཆ་ཡིན་ལ་།དཔའ་བློ་ཁོག་ཡོད་པའི་ཁར་ཉམས་མྱོང་ཡང་གལ་ཆེན་ཡིན་པ་བཞིན། སྨན་ནི་སྨན་པའི་བློ་འགེལ་ས་གཅིག་པུ་དེ་ཡིན།  ཉམས་མྱོང་དང་ལྷག་བསམ་ཡང་ལོས་དགོས་ཅེས་བསམ་བློ་གཏོང་བཞིན་རེ་ཞིག་ཁུ་སིམ་མེར་ལུས། དེ་ནས་ལམ་སེང་ནང་དུ་སྒུར་པའི་ལུས་སྟོད་ཕྱིར་དགྱེ་ཙམ་བྱས། བྲང་ངོས་མདུན་ལ་གཏད། སོག་ཞེང་ཆེ་རུ་བཏང་རྗེས། “ན་ཚ་དེ་ནི་བཟོས་པ་ཡིན་ཙང་སྨན་བཅོས་ཁག་ལ་འགོག་སྨན་ཡང་ད་དུང་བཟོ་ཐུབ་མེད་པར་བཤད། བོད་སྨན་སྐོར་ལ་སྐད་ཆ་འདྲ་གོ་ཐོས་བྱུང་། དེ་དག་བདེན་པ་ཡིན་ནམ” ཞེས་བཤད་བཞིན་དུ། སྨིན་དཔྲག་ལ་གཉེར་མདུད་ཅིག་བསྡུས།

   “བདེན་པ་རེད་ལགས། ད་དུང་སྨན་བཅོས་ཁག་ལ་འགོག་སྨན་ཡང་བཟོ་ཐུབ་མེད། འཛམ་གླིང་གི་ཚན་རིག་པ་དང་སྨན་པ། ཆེད་ལས་མཁས་པ་རྣམས་ཀྱིས་ཉིན་མཚན་མཐུད་དེ་ཤུགས་རྒྱག་བཞིན་འདུག སྤྱིར་བཏང་འགོག་སྨན་ཞིག་བཟོ་བར་ལོ་མང་པོ་འགོར་སྲིད་ལ། ཉུང་མཐར་ཡང་ཟླ་བ་བཅོ་བརྒྱད་ཀྱི་དུས་ཡུན་དགོས་པ་རེད། འགོག་སྨན་བཟོ་ཐུབ་ཀྱང་ཐད་ཀར་མི་ལ་བེད་སྤྱོད་མི་ཆོག་པར། དུད་འགྲོ་དང་སེམས་ཅན་གཞན་ལ་ཚོད་ལྟ་རིམ་པར་བྱས་ནས་བརྟག་དཔྱད་མང་པོ་ཞིག་བརྒྱུད་དེ་ནུས་པ་དང་ལྡན་པ། ཞོར་སྐྱོན་མེད་པ་སོགས་ར་འཕྲོད་ན། ད་གཟོད་ས་གནས་དང་། རྒྱལ་སྤྱི་རིམ་པའི་འབྲེལ་ཡོད་ལས་ཁུངས་ཁག་གི་བཀའ་འཁྲོལ་ཐོབ་རྗེས། གཞི་ནས་ཡོངས་ཁྱབ་ཀྱི་བེད་སྤྱོད་ཆོག་པ་སོགས་བརྟག་དཔྱད་དང་ཞིབ་འཇུག ཁྲིམས་དང་སྒྲིག་གཞི་ཡི་འགྲོ་ལུགས་རིམ་པ་མང་པོ་ཞིག་བརྒྱུད་དགོས་པ་རེད། ད་ཐེངས། ཛ་དྲག་གིས་འགོག་ཁབ་བཟོས་ཏེ་ཐད་ཀར་དང་བླངས་མི་མང་ལ་ཚོད་ལྟ་བྱས་ནས་མགྱོགས་པོ་ལེགས་འགྲུབ་ཡོང་བར་འབད་བརྩོན་བྱེད་བཞིན་འདུག ཨ་རི་དང་དབྱིན་ཡུལ། འཇར་མན། ཨོ་སུ་ཁྲུ་རེ་ལེ་ཡ། ར་ཤི་ཡ། ཧོ་ལན་ཌི། འཇར་པན་དང་། རྒྱ་གར། རྒྱ་ནག་སོགས་རྒྱལ་ཁབ་མང་པོ་ཞིག་གི་ཚོགས་སྡེ་སོ་སོས་འགོག་ཁབ་བཟོས་ནས་ཚོད་ལྟ་རིམ་པ་གཉིས་ཙམ་ཚར་བའི་སྐད་ཆ་འདུག དེས་ན་མགྱོགས་པོ་རེད། ཡིན་ནའང་། གཉན་སྲིན་ནམ་ནད་དུག་ Virus དེ། མང་པོ་ཞིག་གིས་སྦྱར་བྱུང་ལ་ཐག་བཅད་ནས་ད་བར་དུ་འཕེལ་རིམ་མམ་རབས་ Generation བཅུ་བཞི་ལྷག་ལ་འཕེལ་ཟིན་པས་། འགོག་ཁབ་ཅིག་བཟོ་ཐུབ་ཀྱང་། སྔོན་འགོག་གི་ནུས་པའི་༼ཤུགས་ཚད་དུས་ཡུན་༽ཐད་ལའང་ད་དུང་ཚོད་དཔག་ཁག་པོ་རེད་ཟེར། བོད་སྨན་གྱི་སྐོར་དེ་མཐོང་ཐོས་བྱུང་། དན་དན་མང་པོ་ཞིག་ལ་ཕན་ཡོད་ཀྱི་རེད། སྤྱིར་བཏང་བོད་སྨན་གྱིས་ནད་གཞི་ཁ་ཤས་ཤིག་ལ་ཕན་ནུས་ཡག་པོ་ཐོན་པའི་སྐོར་ལ་སྔོན་ནས་གོ་ཐོས་བྱུང་། ཡིན་ན་ཡང་། གོང་དུ་ཞུས་པ་བཞིན་ཕན་ལུགས་ཕན་སྟངས་དང་ཕན་པའི་གྲངས་འབོར། སྨན་རྫས་རེ་རེ་བཞིན་ཚན་རིག་གིས་བརྟག་ཞིབ་དང། ཁྲིམས་སྒྲིག་གི་འགྲོ་ལུགས་སོགས་བརྒྱུད་རིམ་མང་པོ་ཞིག་གཞི་ལ་བཟུང་ནས་ཐག་གཅོད་བྱེད་པ་རེད། དེ་མིན་ཚན་རིག་པ་དང་སྨན་པ། སྨན་སྦྱོར་བཟོ་གྲྭའི་བདག་པོ་དང་ཕྱུག་བདག དེ་དག་ལ་སྟངས་འཛིན་ཐུབ་པའི་དཔོན་པོ་དང་ཆབ་སྲིད་པ་རྣམས་ཁ་འཆམས་བློ་མཐུན་བྱུང་ན་གང་ཡང་འབྱུང་སྲིད་པ་རེད།” ནུབ་ལུགས་སྨན་པས་བཤད་མཚམས་བཞག ཆུ་ཁོལ་འཐུང་ཞོར་བོད་ལུགས་སྨན་པ་ལ་བལྟས།

   “གཉན་སྲིན་དེ་སྦྱར་བྱུང་ཡིན་མིན་གང་ལྟར་ཡང་། གཅིག་མཐུན་གྱི་བཅོས་ཐབས་ཤིག་ད་དུང་མེད་པ་འདྲ། བཤད་རྒྱུན་ལ། རང་གིས་བསྙལ་བའི་ཆང་དེ་ཞིམ་པོ་མེད་ཀྱང་འཐུང་དགོས་ཞེས་བ་ལྟ་བུ་རེད། བྱུང་དང་འབྱུང་བཞིན་པའི་ཐབས་སྐྱོ་བའི་གནས་ཚུལ་མང་པོ་ཞིག ང་ཚོས་རང་ཕྱོགས་ཁོ་ན་འཛིན་པའི་བསམ་བློ་ལས་བྱུང་བ་རེད། ཡོད་ཚད་གོ་མཚོན་གསར་བཟོ་དང་། ཕྱི་དངོས་པོ་ཡར་རྒྱས་ལ་སྟིམས་པའི་ཐབས་ཇུས་ལས་ཆ་ཤས་ཤིག་ཁོར་ཡུག་དང་རི་དྭགས་སྲུང་སྐྱོབ་ཚོགས་པའི་ལས་འགུལ། ནང་སེམས་ཀྱི་ཡར་རྒྱས་ལ་ཕན་པའི་སློབ་གསོ་དང་ཟབ་སྦྱོང་སོགས་ཀྱི་ཕྱོགས་ལ་ཁ་སྒྱུར་ཐུབ་ན། དཀའ་ངལ་མང་པོ་ཞིག་ལ་རང་བཞིན་གྱི་འགྱུར་བ་ཡོང་གི་རེད་འདོད། བོད་སྨན་གྱི་སྐོར་དེ་བདེན་པ་ཡིན་སྲིད། བོད་ཕྱི་ནང་གཉིས་ནས་བོད་ལུགས་སྨན་པ་མང་པོས་ལོ་རེ་བཞིན་ནད་པ་ས་ཡ་ཁ་ཤས་ལ་བརྟག་དཔྱད་སྨན་བཅོས་བྱེད་བཞིན་ཡོད་ལ། རྒྱ་གར་དྷ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་སྨན་རྩིས་ཁང་ལ་མཚོན་ནའང་། ཡན་ལག་སྨན་ཁང་དྲུག་ཅུ་ཙམ་ཡོད། ལོ་རེའི་ལས་བསྡོམས་ནང་། ནད་པ་འབུམ་མང་པོར་སྨན་བཅོས་བྱེད་བཞིན་པ་ལས་མང་པོ་ཞིག་དྲག་བསྐྱེད་དང་། བརྒྱ་ཆའི་བདུན་བཅུ་ཙམ་ལ་ཕན་ངོ་ཡོད་པ། ལྷག་པར་ཕྱི་ལུགས་སྨན་བཅོས་ཡུན་རིང་བྱས་ཏེ་རེ་བ་ཟད་ནས་ཡོང་མཁན་གྱི་ནད་པའང་མང་དུ་འགྲོ་བཞིན་པ་གསལ་འདུག དེ་ག་ནང་བཞིན་སྒེར་གཉེར་སྨན་ཁང་ཡང་ལུང་པ་མང་པོར་འཕེལ་བཞིན་འདུག ཞིང་གཤེགས་༧་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་ལགས་ཀྱིས་སྐུ་ཚེ་གང་བོར། ནད་པ་ཧ་ཅང་མང་པོར་བརྟག་དཔྱད་སྨན་བཅོས་ཕན་པོ་བྱུང་བ་ལས་རྒྱ་གར་དབུས་གཞུང་གིས་ཆེ་བསྟོད་ཕྱག་ཁྱེར་པད་མ་ཤྲི་ Padmashri ཕུལ་བ་ཡིན་ལ། ཚན་རིག་གི་བདེན་དཔང་གཅིག་པུར་ཡིད་ཆེས་བྱེད་པའི་རྒྱལ་ཁབ་མང་པོའི་གཟུ་བོར་གནས་པའི་དོན་གཉེར་ཅན་རྣམས་ཀྱིས་ཀྱང་། བོད་ལུགས་གསོ་རིག་གཞུང་ལུགས་དང་ལག་ལེན་གཉིས་ཀར་དོ་སྣང་དང་སློབ་སྦྱོང་བྱེད་བཞིན་ཡོད་པ་སོགས་ཕྱོགས་མང་པོ་ཞིག་ནས་དཔྱད་ན། བོད་སྨན་གྱིས་ཕན་པོ་བྱུང་ཡོད་ཀྱི་རེད། སྨན་རིགས་གང་ཡང་མ་བསྟེན་པར་དྲག་སྐྱེད་བྱུང་མཁན་ཡང་མང་པོ་འདུག ཡིན་ན་ཡང་། བོད་སྨན་གྱིས་ཐད་ཀར་གཉན་སྲིན་གསོད་པའམ། གཉན་སྲིན་ལུས་ལ་འགོས་ནས་ན་ཚ་བཟོ་བར་འགོག་སྲུང་བྱེད་དམ། ཡང་ན་གཉན་སྲིན་ཀྱིས་མ་རུང་བར་བྱས་བའི་ལུས་ཁམས་ཀྱི་འཕེལ་ཟད་འཁྲུགས་གསུམ་སྙོམས་པར་གསོ་པ་སོགས་གང་ཞིག་ཇི་ལྟར་ཡིན་པ། ཕྱི་ལུགས་ལྟར་བརྙན་དང་པར་རིས་སོགས་ཀྱི་སྟེང་ནས་འགྲེལ་བརྗོད་བྱེད་རྒྱུ་མེད་ཀྱང་ཡིག་ཐོག་ནས་ཕན་ལུགས་ཕན་སྟངས་སོགས་སྨན་པ་མང་པོས་ནད་བཅོས་ཞིབ་འཇུག་གི་སྙན་ཐོ་རེ་རེ་བཞིན་ཁ་གསལ་ཞིབ་ཚགས་དགོས་པ་རེད། སྨན་གང་ཞིག་བཏང་བའི་ནད་ཐོ་གཅིག་པུས་ར་སྤྲོད་ཡ་ཁག་པོ་རེད། སྤྱིར་གསོ་བཅོས་བྱ་ཚུལ་ནི་གཞུང་ལུགས་གཞིར་བཞག་སྟེང་སྨན་པ་སོ་སོའི་ཉམས་མྱོང་མི་འདྲ་བས་སྨན་གཏོང་ལུགས་ཀྱང་མི་འདྲ་ས་ཡོད་ཆོག་གི་རེད། དམ་པ་གོང་མ་ཚོས། གཉན་རིམས་རིགས་བཅོས་བའི་ཐབས་ལ། དོ་སྣང་དང་གཟབ་ནན་དགོས་ས་གཙོ་བོ་གསུམ་གལ་ཆེར་གདམས་ཡོད། འཆི་མེད་བདུད་རྩི་བུམ་པའི་རྒྱུད་ལས། བདུད་རྩི་ཆེན་མོའི་སྦྱོར་བ་ཡིས།། དང་པོ་གཉན་གྱི་རི་བོ་བསྙིལ།། བསིལ་སྨན་ཆེན་མོ་སྦྲགས་མ་ཡིས།། བར་དུ་ཚད་པའི་མེ་དབལ་བསད།། བཅུད་བཅོས་ཚད་དང་ལྡན་པ་ཡིས།། ཐ་མར་རླུང་བཅོས་ལུས་ཟུངས་གསོ།། ཞེས་དང་། ཁམས་གཙང་འབྲུག་རྒྱལ་མཆོག་གིས་ཀྱང་། ནད་འདིའི་གསོ་ཚུལ་སྤྱི་ཡི་ལག་ལེན་ལ།། ཐོག་མར་གཉན་གྱི་རི་བོ་བསྙིལ་བ་དང་།། བར་དུ་ཚད་པ་རྒྱས་པའི་མེ་དབལ་བསད།། ཐ་མ་རི་ཐང་མཚམས་སླེབས་ཟས་སྤྱོད་བཅོས།། ཞེས་སོགས་གསུངས་ཡོད། ཡིན་ན་ཡང་། ནད་པར་ཕན་པ་ཙམ་གྱིས་ག་ལ་འགྲིག གོང་དུ་སྨན་པ་ཕུར་པུ་ལགས་ཀྱིས་གསུངས་པ་བཞིན། བོད་སྨན་ལ་ད་དུང་ས་གནས་དང་མངའ་སྡེ། རྒྱལ་ཁབ་དང་རྒྱལ་སྤྱི་རིམ་པའི་ཁྲིམས་སྒྲིག་གི་འགྲོ་ལུགས་མང་པོ་ཞིག་བརྒྱུད་དེ་སྨན་བཅོས་བཀའ་འཁྲོལ་ཐོབ་དགོས་པ་སོགས་གནས་སྟངས་མང་པོ་ཞིག་ལ་བསམ་བློ་གཏོང་དགོས་པ་རེད།” བོད་ལུགས་སྨན་པ་བློ་ཕམ་དང་བཅས་བཤད་མཚམས་ཆད། 

 

གསུམ་པ།       

   སྤོ་ལྷག་པས། དམག་ས་ནས་ཤི་ན་གཟི་བརྗིད་རེད། རྒྱལ་ཁ་བླངས་ན་རླབས་ཆེན་ཡིན། གཉིས་ཀ་དཔའ་བོ་ལ་བརྩི། ཡིན་ཡང་། ད་ཐེངས་རྒྱལ་ན་རྒྱལ་ནི་ཡིན་ཞེས་རང་གིས་རང་ལ་སེམས་ཤུགས་སྤར། གང་ལྟར་ཡང་། ང་ཚོས་གྲ་སྒྲིག་སྡུག་ས་དང་། རེ་བ་ཡག་ས་ལ་བྱེད་དགོས་སམ་ཞེས་བསམ་བློ་གཏོང་བཞིན། “བོད་ཀྱི་སྐྱེས་ཆེན་ཚོ་ནང་བཞིན་མི་རིགས་གཞན་པ་ནས་མ་འོངས་སྔོན་གཟིགས་ལྟ་བུ་དེ་འདྲ་གསུང་མཁན་ཡོད་དམ། ཚན་རིག་པ་ཚོས་སྔོན་དཔག་བྱས་མྱོང་ངམ། བོད་ཀྱི་ལོ་ཐོ་ནང་ 2020 ལོ་ལ་ལོ་དཔྱད་དེ་འདྲ་ཡོད་དམ།” ཞེས་བཤད་དེ་དབུགས་རིང་ཞིག་བཏང་།

   “དེ་འདྲ་བཤད་མཁན་འདུག End of Days ཟེར་བའི་དེབ་ནང་དུ། ༼དུས་ཀྱི་མཐའ་མ།༽ གློ་ཚད་ཚབས་ཆེན་ཞིག་ཕྱི་ལོ་ 2020 ཡས་མས་སུ་བྱུང་ནས་གོ་ལ་ཡོངས་ལ་ཁྱབ་པ་དང་། ན་ཚ་དེས་མིའི་གློ་བ་དང་གློ་ཡུ་ལ་རྒོལ་པའི་སྡུག་བསྔལ་ལས། དེ་ལས་འཕྲོས་པའི་གཏམ་གྱིས་མིའི་ལུས་སེམས་ལ་མནར་གཅོད་ཆེ་ཚུལ་དང་། རིམ་གྱིས་ཡལ་མོད་ལོ་བཅུའི་རྗེས་ནས་བསྐྱར་ལོག་རྒྱག་པ་དང་དེ་ནས་རྩ་ཡལ་ལ་འགྲོ་བ་སོགས་ཐིག་ཕྲེང་བརྒྱད་ཙམ་འདུག ཕྱི་ལོ་ 2008 ལོར་ཨ་རི་ནས་ཡིན་པའི་མིང་ལ་ Sylvia Browne (1936–2013) ཟེར་པའི་བུད་མེད་ཅིག་གིས་བྲིས་པ་རེད། བུད་མེད་དེ་ Psychic ལྷ་པ་ཞིག་ཡིན་པ་ལས་ཚན་རིག་པ་ཡིན་པའི་ལོ་རྒྱུས་མ་མཐོང་། ཡང་ཨ་རིའི་རྩོམ་པ་པོ་ Dean konntz ནས་ཕྱི་ལོ་ 1981 ལོར་བྲིས་པའི The Eyes Of Darkness ༼མུན་མིག༽ ཟེར་བའི་དེབ་ནང་དུའང་གོང་དང་འདྲ་བར་གསལ་ཙམ་བྲིས་འདུག གཞན་བརྙན་ཐུང་ཞིག་འདུག་ཀྱང་། ཁུངས་འཕེར་ཆ་འཇོག་འོས་མིན་མ་ཤེས་པས་འདིར་མི་གླེང་པར་ཞུ། གང་ལྟར་ཡང་། ང་ཚོས་གཙོ་བོ་རྒྱལ་སྤྱི་དང་ས་གནས་སོ་སོའི་འབྲེལ་ཡོད་འཕྲོད་བསྟེན་ལས་ཁུངས་སོགས་ཀྱི་ལམ་སྟོན་བཀའ་སློབ་ལྟར། དོན་མེད་དུ་ཁྱིམ་ནས་ཕྱི་ལ་མི་འགྲོ་བ་དང་། འགྲོ་དགོས་བྱུང་ན་ལག་ཤུབས་དང་ཁ་རས་གྱོན་པ། དུག་སེལ་སྨན་ཆུས་ལག་པ་དང་ལུས་པོ་གཙང་སེལ་བྱེད་པ། མི་ཕན་ཚུན་བར་ལ་ཁྲུ་ཙི་བཞི་ལྷག་གི་བར་སྟོང་འཇོག་པ་སྟེ་འདོམ་གང་གི་ཚད་ཙམ། ཆུ་ཁོལ་མང་ཙམ་འཐུང་བ། རྗེན་ཟས་རིགས་སྤངས་ནས་འཚོད་པར་བཙོ་པ། ཕྱི་ནས་ཁྱིམ་དུ་འབྱོར་བ་དང་ཁ་ལག་གི་སྔོན་རྗེས་གཉིས་ལ་སྐར་ཆ་ཉི་ཤུའི་རིང་ལག་པའི་སེན་མོ་དང་མཛུབ་བར་བཅས་གཙང་མ་བཀྲུ་བ། འཚོ་བཅུད་སྨན་རྫས་རིགས་བསྟེན་པ་དང་ཞལ་ལག་དུས་ལྟར་ཡག་པོ་མཆོད་རྒྱུ་སོགས་ནམ་ཞག་རྒྱུན་དུ་དོ་སྣང་དང་གཟབ་ནན་བྱེད་དགོས། དེ་མིན་འགོག་སྨན་མགྱོགས་པོ་བཟོ་ཐུབ་པའི་རེ་བ་སྨོན་ལམ་ལས་གཞན་བྱེད་རྒྱུ་མི་འདུག དངོས་གནས་ནད་ཡམས་ལས་འཕྲོས་པའི་གཏམ་གྱིས་མི་དམངས་ལ་དཀའ་ངལ་འཕྲད་བཞིན་འདུག” ཅེས་ནུབ་ལུགས་སྨན་པས་དྲྭ་རྒྱ་བརྒྱུད་ལམ་མང་པོས་འགན་མི་འཁུར་བའི་ཁྱབ་བསྒྲགས་དང་། ཚད་ལས་འདས་པའི་དཔྱད་གཏམ། སྙིང་བོ་མེད་པའི་བགྲོ་གླེང་སོགས་ལ་འཁང་ར་བྱེད་བཞིན་ཁུ་སིམ་མེར་བསྡད། 

   “ཕྱི་ལོ་ ༢༠༢༠ ལོའི་བོད་ཀྱི་ལོ་ཐོ་ནང་དུ་ལོ་དཔྱད་དེ་འདྲ་ཡོད་པ་མཐོང་ཐོས་མ་བྱུང་ལགས། ནད་ཡམས་ལས་ཕྲོས་པའི་གཏམ་གྱིས་མི་ཚང་མའི་ལུས་སེམས་ལ་མནར་སྡུག་ཞེ་དྲག་བཏང་སོང་། ཡིན་ནའང་། ང་ཚོས་འབྲེལ་ཡོད་འཕྲོད་བསྟེན་ལས་ཁུངས་དང་ཆེད་ལས་མི་སྣའི་ལམ་སྟོན་ལ་བརྩི་སྲུང་གིས། སེམས་པ་ལྷོད་ལྷོད་བྱེད་རྒྱུ་ནི་གལ་ཆེན་པོ་ཡིན། དེ་མིན་ནམ་རྒྱུན་རྩོལ་བཅག་དང་འཆམ་འཆམ་ལ་གོམས་པའི་མི་དམངས་དང་། ཉིན་རེར་བཞིན་ངེས་པར་དུ་རྩོལ་བཅག་དང་། སྨན་ཁང་ལ་བརྟག་དཔྱད་དུ་འགྲོ་དགོས་པའི་རིགས་རྣམས་གློ་བུར་དུ་ཉིན་མང་པོར་ཁྱིམ་དུ་བསྡད་ན་ནད་བབ་སྡུག་ཏུ་འགྲོ་ཉེན་གྱི་སེམས་ཁྲལ་དང་། སུན་སྣང་། ཡུལ་པོ་སོགས་བྱུང་ནས་ག་ལེར་སེམས་ཁམས་མ་བདེ་བ་ཆགས་པ་དང་གཉིད་ཡེར་བ། དང་ག་འགག་ནས་ལུས་སྟོབས་ཉམས་པ་བཅས་དཀའ་ངལ་ཐོལ་པ་མང་པོ་ཞིག་ཡོང་ཉེན་ཡོད། དེ་བས་མཐུན་ཕྱོགས་ལ་བསམ་བློ་བཏང་ནས་སེམས་པ་ལྷོད་ལ་འབབ་ཐབས་བྱེད་དགོས། མི་ན་བར་གནས་རྒྱུ་ནི་ན་བ་གསོ་པ་ལས་ཆེས་གལ་ཆེན་དུ་བརྩི་བ་ནི་བོད་ལུགས་གསོ་རིག་གི་རྩ་དོན་ཞིག་ཡིན། དེ་ལྟར་བདེ་ཐང་ངང་གནས་ཐབས་སུ་ཟས་སྤྱོད་གཉིས་ཀྱི་སྤང་བླང་ཐད་ལ་རྒྱུན་དུ་གཟབ་ནན་དགོས། རྒྱུད་བཞི་ལས། ནད་སློང་རྐྱེན་གཉིས་དྲན་པས་རྟག་ཏུ་སྤང་།། ཞེས་གསུངས་ཡོད། ནུབ་ལུགས་སྨན་པ་དང་ཚན་རིག་པ་རྣམས་ཀྱིས་གཉན་རིམས་འགོག་སྲུང་ཐད་སྤེལ་བའི་དེང་གི་བྱེད་ཐབས་རྣམས་དང་འདྲ་བར། བོད་ལུགས་གསོ་རིག་གི་གཞུང་ནས་ཀྱང་དེ་ལྟར་གསུངས་ཡོད། ནད་ཅན་དང་ནད་མེད་ཀྱི་ཁྱད་པར་ལས་འགོག་སྲུང་བྱེད་ཐབས་ཀྱང་གཅིག་པ་མིན། དང་པོ་སྨན་པ་དང་ནད་མེད་རྣམས་གཉན་རིམས་ལས་འགོག་སྲུང་བྱེད་པ་གལ་ཆེ་ཡིན་པའི་སྐོར་ལ། ཁམས་གཙང་འབྲུག་རྒྱལ་མཆོག་གིས། འདིར་ནི་ཐོག་མར་སྨན་པ་རང་ཉིད་དང་།། ནད་མེད་ཀུན་ལ་འགོག་སྲུང་གལ་ཆེ་ཕྱིར།། ཞེས་དང་། ཡང་དམིགས་སུ་སྨན་པ་ལ། རྒྱུད་བཞི་ལས། ལྟོ་སྟོང་སེམས་ཞུམ་དུས་སུ་ནད་དྲི་སྲུང་།། འགྲངས་ངོམས་སྲུང་བས་དབའ་བསྐྱེད་དེ་དུས་བལྟ།། ཞེས་དང་ཡང་བྱེ་རིང་ལས། འདི་ན་སྨན་པའི་གཟུགས་བརྙན་འགའ།། རང་གི་སྲུང་བ་མི་ལྡན་པར།། འདོད་པས་མྱོས་ཏེ་གཞན་གྱི་རིམས་།། སྲོག་དང་བསྡོས་ནས་བག་མེད་འཆོས།། སྨྱོན་པའི་ཚོགས་ཀྱིས་དམག་གདོང་དུ།། གཅེར་བུར་རལ་ཁ་འབྱེད་པའམ།། ཕྱེ་མ་ལེབ་རྣམས་མེར་མཆོངས་བཞིན།། ཀྱེ་ཧུད་དེ་ལས་རྨོངས་པ་སུ།། དེ་ཕྱིར་སྲུང་བ་ཤིན་ཏུ་གཅེས།། ཞེས་གསུངས་ལ། སྲུང་བའི་ཐབས་ནི། ཟས་སྤྱོད་སྤང་བླང་གིས་སྲུང་བ་དང་། ཆེད་དུ་ནད་ཡམས་འགོག་སྲུང་ལ་བཟོས་པའི་ཚད་ལྡན་སྨན་སྦྱོར་རིགས་ཁར་བསྟེན་ནས་སྲུང་བ་དང་། སྨན་ཆུ་དང་སྨན་ཕྱེ་སྲུང་བ། དྲིའི་སྲུང་པ། བདུག་པའི་སྲུང་བ། བླ་མ་ནུས་ལྡན་གྱིས་དམིགས་བཀར་རིམས་ནད་ལ་བཟོས་པའི་སྲུང་འཁོར་རིགས་བཏགས་ནས་སྲུང་བ་བྱེད་པའི་ཁར་དེང་རབས་ཀྱི་འགོག་སྲུང་བྱེད་ཐབས་རྣམས་ཀྱང་ལག་ལེན་དུ་བསྟར་དགོས། མཁྱེན་རབ་ནོར་བུ་ལགས་ནས། དེ་རྣམས་ཁོང་དུ་ཆུད་པའི་ཐོག། རྒྱལ་ཁབ་ཆེན་པོའི་ལུགས་སྲོལ་ལྟར།། དཔྱད་རིགས་ངེས་པར་མཁས་ལོབས་ན།། སྡུག་བསྔལ་ནད་སེལ་སྨན་བླ་དངོས།། ཞེས་གསུངས་པ་བཞིན་ནོ། ནད་ཡམས་ཀྱིས་བཏབ་པའི་ནད་པ་ཡིན་ན་སྨན་པའི་ལམ་སྟོན་ལྟར། གཅིག་པུ་ལོགས་སུ་བསྡད་དེ་ཟས་སྤྱོད་གཟབ་པ་དང་སྨན་བསྟེན་པ། ནད་བབས་སྡུག་ཏུ་མི་འགྲོ་བ་དང་གཞན་ལ་མི་བསྒོ་བའི་ཕྱིར་ནད་མེད་མི་དང་ཐུག་འཕྲད་འཛེམ་ནས་ལྷིང་འཇགས་དགོས། ཁམས་གཙང་འབྲུག་རྒྱལ་མཆོག་གིས། སྤྱིར་ན་གཉན་ནད་འགྲུལ་སྣ་ཤིན་ཏུ་སྡང་།། འདི་ཕྱིར་འགྲུལ་སྲུང་གལ་ཆེ་ཐབ་གཞོབ་འཛེམ།། ཞེས་དང་ཡང་། སྤྱོད་ལམ་དབེན་པར་གཡེང་མེད་བྱང་སྔས་ཉལ།། གདོན་དང་གྲིབ་ཅན་འགྲུལ་འཛེམ་འུར་ཟིང་སྤང་།། ཞེས་སོགས་གདམས་པ་ལྟར་སྲུང་བ་བྱས་བས། ལུས་ཀྱི་བུ་ག་དགུའམ་བ་སྤུའི་བུ་ག་གང་རུང་ནས་འཇུག་པའི་གཉན་སྲིན་རིགས་དང། ནད་ཡམས་དར་སའི་ཡུལ་ཕྱོགས་ཀྱི་དུ་བ་དང་ནད་དྲི་ངན་པ་ཐམས་ཅད་བསད་དེ་འགོག་ཅིང་སྲུང་བར་བྱེད་པ་སོགས་ནད་ཡམས་བཅོས་སྲུང་བྱེད་ཐབས་མང་པོ་གསུངས་མོད་ང་རང་ཐོས་པ་ཆུང་བས་ལན།” ཅེས་བོད་ལུགས་སྨན་པས་ད་དུང་མང་པོ་ཡོད་པར་བསྟན། 

   སྤོ་ལྷག་པས། གཞན་ལ་གནོད་པའི་ལས་མི་བྱེད་པ་དང་། ཉེས་ཅན་ལ་ཆད་པ་གཅོད་པ། དགྲ་ལས་རྣམ་པར་རྒྱལ་བ་སོགས་ནི་དམག་མིར་མཚོན་ན་ངེས་པར་དུ་བརྩི་སྲུང་དགོས་པའི་ཁྲིམས་ཡིན། དེང་སང་རྒྱལ་ཁབ་རྣམས་ཡར་རྒྱས་དང་རང་དབང་ཆེ་དྲགས་ན། ན་ཚ་ཡང་གསར་དུ་བཟོས་པ་ཐོས་རྒྱུ་འདུག དཀོན་མཆོག་མཁྱེན། མི་རབས་རྗེས་མ་རྣམས་སུ་ཅི་ཞིག་འབྱུང་ངམ། ཞེས་མ་འོངས་པར་སེམས་ཁྲལ་ལངས། འདྲི་འོས་མིན་གྱི་དྲི་བ་དེ་མི་འདྲི་བསམ་ཀྱང་། མིད་པར་ཟ་འཕྲུག་ལངས། “ལག་རྩལ་ཡོད་ན་ན་ཚ་ཡང་གསར་དུ་བཟོ་ཆོག་གམ། བཟོས་པ་ཡིན་ན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་ཁྲིམས་དང་སྒྲིག་གཞི་དེ་འདྲ་ཡོད་པ་ཡིན་ནམ” ཞེས་བཤད་དེ། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། བསམ་པ་ངན་ན་ས་དང་ལམ་ཡང་ངན། ཞེས་གོ་མྱོང་བའི་ཚིག་དུམ་དེ་ཡིད་ལ་དྲན།

   “སི་ཝེ་སུ་ཇེ་ནི་ཝ་ལ་འཚོགས་པའི་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་ཚོགས་འདུའི་སྟེང་གྲོས་མཐུན་ཐག་གཅོད་བྱུང་བ་ལྟར་ན། ས་ཆ་དང་རྒྱལ་ཁབ་གང་རུང་ལ་ནད་ཡམས་དང་ན་ཚ་གསར་བ་སོགས་བྱུང་ནས་ལམ་སེང་སྔོན་འགོག་སྨན་བཅོས་མ་ཐུབ་ན། མྱུར་དུ་འབྲེལ་ཡོད་གོང་རིམ་ལས་ཁུངས་སམ། ཁྱིམ་མཚེས་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་འཕྲོད་བསྟེན་ལས་ཁུངས་སོགས་ནས་རོགས་རམ་ཞུ་དགོས་པ་དང་། དེ་ལྟར་མ་བྱས་པ་ལས་བྱུང་བའི་འཛམ་གླིང་ལ་ཐེབས་པའི་གྱོང་གུན་རྣམས་སོ་སོས་འཇལ་དགོས་པའི་སྐོར་ཡང་འཁོད་ཡོད་ཟེར་བ་བདེན་ན། ནད་ཡམས་འདི་གཙང་སེལ་ཆགས་པའི་རྗེས་ལ་ཧ་གོ་གི་རེད།” བོད་ལུགས་སྨན་པས་ཐེ་ཚོམ་ངང་རགས་བཤད་བྱས། 

   “དེ་འདྲའི་ཚོགས་འདུ་ཞིག་འཚོགས་པ་བདེན་པ་རེད། ཡིན་ནའང་ག་དུས་ཤིག་ལ་འཚོགས་པའི་ལོ་ཟླ་ཚེས་གྲངས་ད་ལྟ་གསལ་བོ་ཞིག་དྲན་མ་སོང་། སྐབས་དེའི་ཚོགས་འདུའི་སྟེང་རྒྱལ་ཁབ་བརྒྱ་དང་ལྔ་བཅུ་ཙམ་མཉམ་ཞུགས་ཀྱིས་གྲོས་མཐུན་ཐག་གཅོད་ལ་ཚང་མས་མཚན་རྟགས་བཀོད་ཡོད་པ་རེད། ནད་ཡམས་འདིའི་ནད་སྲིན་སྦྱར་བྱུང་ཡིན་པའི་བདེན་པ་ར་འཕྲོད་པ་ཡིན་ན། ལས་སླ་བོ་ཡོད་པ་མ་རེད། གོ་ལ་རང་བཞིན་གྱི་དཀའ་ངལ་དང་རྙོག་འཛིང་ཆགས་པ་རེད།” ནུབ་ལུགས་སྨན་པས་ཁ་སྣོན་དང་བཅས་ཚོད་དཔག་བྱས།

   སྤོ་བོ་ལྷག་པ་ཚེ་རིང་ལགས་ལ། བོད་ནུབ་ལུགས་གཉིས་ཟུང་འབྲེལ་གྱིས་སྨན་བཅོས་ལ་འབད་ཐུབ་ན་རེ་བ་ཡོད་པའི་དགའ་ཚོར་སྐྱེས། ཡ་ཆུང་ལ་ད་དུང་དྲི་བ་མང་པོ་ཞིག་ཡོད་པ་ལྟར་སྣང་མོད། ཡིན་ནའང་མནོ་བསམ་ཞིབ་ཏུ་གཏོང་དུས་དྲི་བ་འདི་ཡིན་བསམ་པ་ཞིག་ངག་ལས་མ་ཐོན། ཚང་མ་དྲིས་ཚར་བ་ལྟ་བུར་ཚོར། “རྣམ་པ་གཉིས་མཉམ་འབྲེལ་བྱས་ན་ནད་ཡམས་ལས་རྒྱལ་བའི་རེ་བ་འདུག དེ་རིང་ཕེབས་ནས་བློ་སྐྱེད་དང་ཕན་ཐོགས་ཆེན་པོ་བྱུང་། བཀའ་དྲིན་ཆེ་སོང་། རྗེས་སུ་བསྐྱར་དུ་གདན་འདྲེན་ཞུ་དགོས་བྱུང་ན་ཅིས་ཀྱང་ཐུགས་ལ་འཛིན་རོགས། ངས་མདང་ནུབ་ནས་ཚ་བོར་གུང་ཟས་ལ་སྤགས་རྩམ་མར་ཁུ་གྲ་སྒྲིག་བྱེད་པར་མངགས་ཡོད། མཉམ་དུ་མཆོད་རོགས། ད་ཉིན་གུང་ཡོལ་ཟིན།” ཞེས་སྤྲོ་བའི་ངང་བཤད། 

   ནུབ་ལུགས་སྨན་པ་ཕུར་པུ་རྒྱལ་མཚན་གྱིས། ཡིན་དང་ཡིན། གཞན་ལ་ཕན་པ་དེ་སྨན་པའི་བདེ་སྐྱིད་ཡིན། ཁ་པར་ག་དུས་བཏང་ན་ཆོག རེད་ལགས། བོད་ལུགས་གསོ་རིག་གི་གཞུང་ལུགས་རྒྱ་ཆེ་ཞིང་ནང་དོན་གཏིང་ཟབ་པས། ང་ཚོ་ལ་ལམ་སྟོན་དང་སྣེ་ཁྲིད་བྱེད་རོགས། ཞེས་བཤད། 

   བོད་ལུགས་སྨན་པ་པ་སངས་དོན་འགྲུབ་ཀྱིས། དེ་རིང་ཞུ་ནོར་ཡོད་པས་བཟོད་པར་གསོལ། ཁ་པར་གཏོང་རྐྱང་གནང་རོགས། ནད་པ་ནི་བརྩེ་སེམས་ཟབ་པའི་སྨན་པའི་བུ་ཕྲུག་ཡིན། ལུགས་གཉིས་ཟུང་འབྲེལ་ལ་རེ་བ་ཡོད། ནུབ་ལུགས་གསོ་རིག་གིས་རེ་རེ་བཞིན་ཉམས་སུ་མྱངས་ནས་གསར་འཚོལ་དང་ལག་ལེན་ཞིབ་ཚགས་ཀྱིས་ཤེས་རྟོགས་བྱེད་པས། ང་ཚོ་ལ་དམར་ཁྲིད་དང་ཟབ་སྦྱོང་གནང་རོགས། ཞེས་མཇུག་བསྡུས།

   རླངས་པ་ཐུལ་ལེ་དང་མཉམ་དུ་སྤགས་རྩམ་མར་ཁུའི་དྲི་ཞིམ་ཁང་པའི་གང་སར་ཁྱབ། རྣམ་པ་གསུམ་པོའི་སྐད་མགོ་ཇེ་དམའ་དང་། སྐད་ཆ་ཇེ་ཉུང་དུ་གྱུར།

   ནད་ཡམས་ལས་འཕྲོས་པའི་དྲི་བ་དྲི་ལན་ཀྱི་ནང་དུ། ད་དུང་ཆད་ལྷག་ནོར་འཁྲུལ་ཅི་ཙམ་ཞིག་ཡོད་ཨང་།

 





མཐའ་མའི་འདོན་ཐེངས་།: 11.09.2020 ཉིན། 3:03 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།