སྨན་རྩིས་དྲ་བ། - སྡེ་སྲིད་ཁོག་འབུགས།

སྡེ་སྲིད་རང་ཉིད་ཀྱིས་སྨན་སྤེལ་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.01.2022
སྡེ་སྲིད་ཁོག་འབུགས། >>

སྡེ་སྲིད་རང་ཉིད་ཀྱིས་སྨན་སྤེལ་ཚུལ།

ར་གན་གསེར་བརྫུས་མཁན་ཁོ་བོ་ཅག་ནི་ན་ཚོད་ཆུང་ངུའི་དུས་བྱིས་པའི་རྩེད་མོར་སྔོ་སྣ་ཚོགས་བཏུས་ཏེ་སྨན་ཡིན་ཁུལ་དང་། ས་གཞོང་ལ་རི་མོ་སྣ་ཚོགས་འབྲི་བ། ཆོས་འཆད་སེར་སྦྲེངས་གཏོར་རྒྱག་ལ་སོགས་པའི་བག་ཆགས་ཡོད་པ་དེ་དུས་གམ་ན་འཁོད་པ་དག་གིས་གླེང་བ་ཙམ་ལས། རང་བློར་བྱང་འཕགས་སོགས་ཀྱི་སྤྲུལ་པ་ལྟ་ཞོགསྐྱེ་བ་སྔ་མར་རིག་གནས་སོགས་ལ་སྦྱངས་པ་ཆེ་བའི་ཡང་སྲིད་ཙམ་ཡང་ཡིན་བསམ་པ་མེད་ནའང་། ཡབ་རྗེ་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་ལྔ་བ་ཆེན་པོས་ཆུང་ངུ་ནས་སྲིའུ་གསོ་བ་ལྟ་བུ་དང་། རང་ལོ་བརྒྱད་པའི་ཐོག་ནས་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་མྱོང་ཞིང་། སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་བསྩལ། དེ་ནས་རིམ་གྱི་ན་ཚོད་དང་སྦྱར་ཏེ་ལུགས་ཟུང་གི་ཡོན་ཏན་གང་འཇགས་ཀྱི་བསླབ་སྟོན་ལྷུག་པར་སྩལ་ཅིང་སྐུའི་ཞབས་རིམ་ལ་ཡུན་རིང་དུ་བཅར། བོང་བའི་རང་བཞིན་གསེར་དུ་གཟིགས་ཏེ་ཚིག་ཙམ་མ་ཡིན་པར་ཆོས་སྲིད་ཡོངས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་ནས། རྒྱལ་པོའི་བཀའ་ཐང་ལས། ནམ་ཞིག་སྙིགས་མའི་དུས་ལ་བབས་པའི་ཚེ། རྒྱས་སྲས་སྐྱེ་ལུས་བཅུ་གཉིས་ཁ་འཐོར་མཐའ༔ བོད་ཡུལ་གངས་རི་རྩེ་དགུའི་ལྗོངས་འདི་རུ༔ རྗེ་རིགས་རྒྱལ་པོ་གདུག་པའི་ཚོགས་རྣམས་འདུལ༔ རྒྱལ་པོའི་མཚན་ལྟས་ལེགས་པ་ལྔ་དང་ལྡན༔ ཐུགས་སྒམ་བཀའ་བཙན་ཁོང་རྒྱུད་ཡངས་པ་དང༔ ཟུང་ཐུབ་དཔྱད་པས་མཐུ་སྟོབས་རབ་ཏུ་ཆེ༔ རྒྱལ་པོའི་དཔུང་ཚོགས་ལོངས་སྤྱོད་དུ་མ་ལྡན༔ ཁ་བ་ཅན་དུ་དུས་ཀྱི་མཐའ་ལ་འབྱུང༔ ཞེས་མངའ་བདག་ཚངས་པ་ལྷའི་མེ་ཏོག་གི་སྲས་མུ་ཏིག་བཙན་པོའི་སྐྱེ་ལུས་བཅུ་གསུམ་པ་ཡིན་ཚུལ་དང་། བཀའ་གདམས་གླེགས་བམ་གྱི་རྡོག་ལེགས་ཤེའི་སྐྱེ་སྲིད་རྣམས་ཀྱི་བཀའ་འཕྲོས་ཡང་ཡང་བསྩལ་བ། མདོ་ཏིང་འཛིན་རྒྱལ་པོ་ལས། ཉི་ཟླ་སྐར་མར་བཅས་པ་གནང་ལྷུང་ཞིང་། །རི་དང་གྲོང་དུ་བཅས་པའི་ས་ཞིག་ལ། །ནམ་མཁའི་ཁམས་ནི་རྣམ་པ་གཞན་གྱུར་ཀྱང་། །ཁྱོད་ནི་མི་བདེན་པ་ཡི་ཚིག་མི་གསུང་། །ཞེས་པ་ལྟར་ཡིན་པ་ལ་མིན་པ་དང་། མ་ཡིན་པ་ལ་ཡིན་ཞེས་མི་གསུང་བ་སངས་རྒྱས་འཕགས་པའི་ཆོས་ཉིད་དུ་སྣང་བས་འགོག་པར་མ་བཏུབ་ཅིང་། གཏེར་ཁ་གསར་རྙིང་ནས་ཀྱང་ལུང་བསྟན་གསལ་ཙམ་འདུག་པ་དང་། ལྷ་སྲས་ཀྱི་སྐྱེ་བ་ཡིན་ན་ཉན་ཐོས་ཆེན་པོ་མ་འགགས་པ། འཕགས་པ་ཐོགས་མེད་སོགས་སྐྱེས་ཆེན་དུ་མར་མ་ཟད། རྒྱལ་པོའི་བཀའ་ཐང་ལས། རྒྱལ་སྲས་མཇིང་ཡོན་ལེགས་པའི་བློ་གྲོས་ནི༔ བདག་གིས་མཚན་གསོལ་མུ་ཏིག་བཙན་པོ་ཞེས༔ འདས་དང་མ་བྱོན་ད་ལྟའི་དུས་ལ་ནི༔ བསྐལ་པ་བརྒྱད་ཁྲི་བཞི་སྟོང་སྔོན་རོལ་དུ༔ བདེ་གཤེགས་ཀླུ་རིགས་སྒྲོན་མའི་སྤྱན་སྔ་རུ༔ ནོར་བུ་དབང་གི་རྒྱལ་པོ་ཕུལ་བའི་དུས༔ ཞེས་ཐུགས་བསྐྱེད་པ་དང་། འཛམ་གླིང་འདི་ཡི་སྟོང་གསུམ་ཤར་ཕྱོགས་སུ༔ ཞིང་ཁམས་རྡུལ་དང་བྲལ་བ་ཞེས་བྱ་རུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་བསྒྱུར༔  ལྷ་མིའི་སྟོན་པ་བྱེ་བའི་འདུས་པ་སྐྱོང༔ བདེ་གཤེགས་དྲི་མ་མེད་པའི་རྒྱལ་མཚན་ཞེས༔ ཡོན་ཏན་མཐའ་ཡས་རྫོགས་པའི་རྒྱལ་བར་གྱུར༔  ཞེས་དོན་དམ་པར་སྐྱོན་ཀུན་མ་ལུས་པར་སྤངས་ཤིང་། ཡོན་ཏན་ཐམས་ཅད་རྫོགས་པའི་སངས་རྒྱས་དངོས་ཡིན་འདུག་པ་དེ་ལྟ་བུའི་རེ་བ་གྱིས། འོན་ཀྱང་གོང་མ་ལྔ་པ་ཆེན་པོས་དཎྜའི་གཞུང་ཀུན་བཟང་འཁོར་ལོས་མཐའ་བརྟེན་པ། མདོ་སྔགས་སྤྱི་བྱེ་བྲག་གི་བསླབ་དོན་མང་བ། མཁས་དབང་དཔལ་ལྡན་ཕུན་ཚོགས་ལ་མིང་ཚིག་བརྗོད་གཞི་ཡི་གེའདར་བ་ལོ་ཙཱ་ལ་སྐར་རྩིས་དང་སྒྲ་རིག་པ་སུམ་རྟགས་ལམ་པ། སྒྲའི་གཞུང་རྐྱང་གི་རི་མོའི་འཕྲོ་འཐུད་མཁས་དབང་བློ་གསལ་ཕུན་ཚོགས་ལ་ནོས་ཤིང་། སྐར་རྩིས་ཀྱི་རི་མོ་ཕྱེད་འགུགས་ཡན་ལས་འཁྲིད་མི་མེད་རུང་། དེ་མན་གྱི་རི་མོ་དངོས་དང་སྦས་པ་ཤུགས་བསྟན་རྣམས་དང་། སྒྲའི་དངོས་བསྟན་མིན་པའི་ཤུགས་ཀྱི་རི་མོ་སོགས་གོང་མ་དྲིན་ཅན་བླ་མའི་ཐུགས་རྗེའི་འཇུག་པ་ལས་འཆར་བདེ་བ་ཙམ་དང་། སྤོར་ཐང་། དཔལ་དབྱངས་འཆར་བའི་རྒྱུད་ཀྱི་འགྲེལ་བ་ལེ་ཚན་གསུམ་པོའི་ནང་གསལ་རྣམས་ལུ་འགོ་བླ་མཁྱེན་ངག་གི་དབང་པོར་ནོས་པ་ཙམ་ལས། རིག་པའི་གནས་གང་ལ་ཡང་ཐོས་པ་རང་བློ་ཁེངས་པ་ཞིག་མ་ཐུབ་རུང་། གཏེར་སྟོན་དྲི་མེད་ཀུན་དགའི་ལུང་བསྟན་དུ། སངས་རྒྱས་བློ་གྲོས་རིན་ཆེན་མཚན་མངའ་བ༔ འབྲུག་སྦྲུལ་ལོ་བ་རྟའམ་ལུག་གི་ལོ༔ བསྟན་བཅོས་རྩོམ་ཞིང་རང་སྐད་ཐོན་པ་འབྱུང༔ བར་གཅོད་བདུད་ཀྱི་མཚན་མ་བཟློག་འགྱུར་ན༔ སྐུ་ཚེ་མཐར་ཕྱིན་འགྲོ་བ་དཔག་མེད་འདྲེན༔ ཞེས་མིང་དང་ལོ་སྙིང་འགྲིག་ཅིང་། བསྟན་བཅོས་རྩོམ་པའི་བག་ཆགས་རང་ནི་ཅུང་ཟད་ཡོད་འདྲ་བས་རང་ལོ་སུམ་ཅུ་བཞི་བཅུ་སྐོར་གྱི་དུས་གཞུང་ལུགས་གང་ཡང་འཆར་བདེ་བ་དང་བཅས་སྒྲ་ཚད། བཟོ་གསོ། ནང་རིག་པ་སྟེ་གནས་ཆེན་ལྔའི་ཡིག་འཇོག་གི་རང་རྩོམ་པོད་ཚད་ཉི་ཤུར་བཅད་པ་རྒྱལ་སྲིད་འཛིན་སྐྱོང་གི་ཞར་ལས་སུ་གྲུབ་པ་དང་། ངག་འདི་འཆོས་པ་སོགས་སྐྱོན་དང་ལྡན་པ་མ་གཏོགས་མཆོད་སྡོང་ཆེན་པོའི་རབ་གནས་ཀྱི་དུས་གདན་ས་ཆེན་པོ་རྣམས་གསུམ་སོགས་རང་ཕྱོགས་ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་དང་། སྐུའི་གམ་དུ་བཅར་བ་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་འདུས་པའི་ཚོགས། རྡོར་བྲག་ཨེ་ཝམ་ལྕོག་སྒར། སྨིན་གླིང་དང་བཅས་པའི་སྔ་འགྱུར་གྱི་འདུས་གྲྭ། ཡར་ཀླུང་བཀྲ་ཤིས་རྩེ་ས་ལུགས་ཀྱི་འདུས་གྲྭ་རྣམས་སུ་དེ་ལུགས་ཀྱི་མདོ་སྔགས་གཉིས་ཀ་དང་། སྔ་འགྱུར་གྱི་བཀའ་བརྒྱད་ཁག་གསུམ། ས་ལུགས་ཀྱེ་རྡོར་རྣམས་ལ་དེང་དུས་ཀྱི་མདོ་སྔགས་ཀྱི་གྲྭ་སྐོར་བའི་བཤད་པའི་ཚོད་ན་གྲྭ་སྐོར་མི་འདྲ་བ་དྲུག་གི་བཤད་པ་ཉིན་འཁྱོངས་དང་། ཚོགས་མཆོད་ལོ་བདུན་གྱི་རིང་ཐོག་མ་རྨད་བྱུང་བསྐལ་པ་མ་ལུང་དང་འབྲུ་བཤད། དེ་བཞིན་བདུད་བཞི་རབ་བཅོམ་ལ་ལུང་དང་འབྲུ་བཤད། སངས་རྒྱས་འཕགས་པར་བསག་སྦྱང་དགོས་མིན་གྱི་མཚོན་པའི་ཚོགས་མཆོད་རང་གི་ཁྲིགས་དང་དགོས་པ་སྐབས་དོན། རང་ཕྱོགས་བསྟན་པའི་བདག་པོ་བཙོང་ཁ་པ་ཆེན་པོའི་ཐུགས་བསྐྱེད་ནས་བཟུང་ངེས་དོན་སངས་རྒྱས་ཚུལ། སངས་འཕགས་འཕོ་འཇུག་གིས་མཛད་པའི་ཚུལ་ལས་བརྩམས་པ། ངོ་མཚར་བསྐལ་བ་མར་འབྲུ་བཤད་སོགས་མི་འགྲོ་བ་རེ་དང་སྙིང་པོ་ཚོགས་མཆོད་རང་གི་དགོས་པའི་ཐུགས་འདུན་དགོས་ལུགས་རེ། དྲུག་པ་ཆེན་པོ་ཐོག་མར་མཉེས་ཐང་དུ་ཕེབས་པ་ནས་བཟུང་དགའ་སྟོན་གལ་ཆེའི་རིགས་ལ་སོ་སོའི་དགོས་པ་དམིགས་བསལ་དང་བསྟུན་པ་སོགས་ངག་བཤད་ཀྱི་རིགས་མཆོག་དམན་ཀུན་གྱིས་ངེས་པ་དང་། ཐོག་མ་སོ་ཐར་ལ་མོས་པ་ཆེ་བ་ཞིག་ཡོད་པ་སུམ་སྐས་བཅའ་ཡིག་ཏུ་གསལ་བ་ལྟར་རུང་། གོང་བཤད་དགེ་བསྙེན་དང་ཡན་ལག་བརྒྱད་པའི་ཁྲིམས་ལོང་བསྟུན་ལས་སྔོན་ཆད་ལག་ཏུ་མ་ལོན་ཞིང་། གོང་མ་ལྔ་པ་ཆེན་པོས་གསང་སྔགས་ཀྱི་དཀྱིལ་འཁོར་ཕྱི་ནང་གཉིས་དང་། གསང་བ་ཡོངས་སུ་རྫོགས་པ་སྨིན་པར་བསྩལ་ཞིང་། ཡི་དམ་ཁ་ཤས་ཀྱི་གྲངས་ཀྱི་བསྙེན་པ་ཐེངས་ཤིང་ལེགས་ཉེས་མཚན་མ་མངོན་སུམ་དུའང་བྱུང་བ་དང་། རྒྱུན་སྡོད་ཚང་མ་ཞེས་མི་ཁྲེལ་བར་སྲོད་ཐོ་རངས་བསྐྱེད་རྫོགས་ཀྱི་ཉམས་ལེན་ཡུན་མི་ཐུང་བ་དང་། བྱང་ཆུབ་ཀྱི་སེམས་རང་ལ་བསྔོ་བ་དང་ཤུགས་མ་ཐུབ་མིན་འགྲོ་བ་མིའི་སྲོག་མི་གཅོད་པའི་དམ་བཅའ་དང་། གཞན་ཡང་རྒྱལ་སྲིད་ཁྲིམས་ཀྱི་ལར་སྙིང་རྗེའི་སེམས་ཀྱི་གནོད་པར་ཉེ་བ་ཙམ་ལས་གང་དུའང་རྔོ་ཐོགས་དཀའ་ཞིང་། ལྷག་པར་གསོ་བ་རིག་པ་འདིར་སྔ་ཐོག་རྒྱུད་ཆུང་གསུམ་བློ་འཛིན་ཙམ་དང་། གླིང་སྟོད་ཆོས་རྗེ་བློ་བཟང་རྒྱ་མཚོ་ཝལ་ཙམ་ཡིད་ལ་ངེས་པ་དང་། བྱང་ངོས་ནས་ནང་སོ་དར་རྒྱས་མ་རྒན་སྔ་ཕྱིར་སྙུན་པ་དང་། ས་སྐྱོང་འཕྲིན་ལས་རྒྱ་མཚོ་གཤེགས་པའི་དུས། རང་ཡང་ལན་ཁ་ཤས་བྲོ་བ་སོགས་ཀྱི་སྐབས་ཞིབ་མཇལ་གྱི་བབས་ལ་བལྟས་ན་རྒྱུད་ཐུགས་ལ་འཇགས་ཆེ་ཙམ་ལས་མན་ངག་ཟུར་བཀོལ་གྱི་རིགས་ལ་ཐུགས་ལ་འཇོག་ཆུང་ཞིང་ཕྱག་ལེན་མི་མཛད་པ་ཞིག་ཏུ་མཐོང་། སྨན་སྒོམ་འབྲང་རྒྱས་པ་ཡང་འདྲིས་ཏེ་གྲུབ་ཐོབ་བཅོས་ལྟ་བུ་ལས་གསོ་དཔྱད་སྐོར་ཧ་ཅང་གི་གཟིགས་པ་མི་ཆེ། ལྷག་བསམ་མམ་སུམ་དགའང་ཞིབ་པར་འདྲིས་ཏེ་རྒྱུད་ཆུང་བ་གསུམ་ཚིག་རགས་ངེས་ཙམ་དང་། ལག་ལེན་བདུད་རྩི་བུམ་པ་དང་མཚོ་སྨད་མཁན་ཆེན་ཤས་ཆེ་བའི་མན་ངག་གཙོར་འདོན་ལས་གསོ་དཔྱད་ཀྱི་སྐོར་རྒྱ་མི་ཆེ་ནའང་། ནད་པའི་དོན་ལ་སྙིང་རྗེ་དང་བརྩོན་པ་ཆེ་ཞིང་ཕྲན་བུའི་ཁྲོ་འཛིན་དུས་དབང་གིས་ཡོང་བ་གཞིར་བཅས། གཞན་མ་མིང་དང་མཚུངས་པར་ཀུན་ལ་བསམ་པ་དགེ་བ་རྒྱུད་ལས། བྱང་སེམས་ཆེ་བས་གཞན་དོན་གཙོ་བོར་ལེན། ཞེས་པའི་རྒྱུ་དྲུག་ནས་གཅིག་ཚང་བ་ཡིན་ནམ་སྙམ། དར་མོ་སྨན་རམས་པ་ཕན་བདེ་ལེགས་བཤད་གླིང་འདུས་གྲྭ་དང་སྐུ་གམ་དུ་བཅར་བ་སོགས་དཀྱིལ་འཁོར་རེ་གཉིས་ཀྱི་སྨིན་བྱེད་ཀྱང་བསྩལ་བའི་སྐྱབས་མགོན་ཉིད་དང་དངོས་ཅག་བཅས་པར་དམ་ཚིག་འབྲེལ་ཆེ་ཞིང་ཤིན་ཏུ་ཞིབ། རྗེ་བླ་མའི་གཟིགས་པ་དང་རང་གི་ཀྱང་བསྐུར་གྱི་ཕན་ཆ་དུ་མ་བསྒྲུབས་ཤིང་། ལག་ལེན་གྱི་རིམ་པ་སྟོད་ལུགས་ཤས་ཆེ་བའི་མན་ངག་སྣ་ཚོགས་ལག་ཏུ་བསྟར་བ་ཐུགས་རྗེའི་འཇུག་པས་སྨན་བསོད་ཀྱང་ལྷག་པར་ཆེ་བར་སྣང་། སུམ་དར་གཉིས་ཀ་དང་རང་ལོ་སུམ་ཅུ་ཕན་བྲོ་ནད་ཁ་ཡར་ཐེབས་པའི་དུས་དང་དེའི་གོང་མཉམ་གཤིབས་བཅས་ཧ་ཅང་འདྲིས་ཆེས་པས་ཞར་བྱུང་གི་ཐོག་ནས་ཞིབ་པར་བྱུང་བ་སྨན་ངོ་དང་གཞུང་གི་གོ་བ་ལེན་ལུགས་རགས་ཙམ་དུ་མཐོང་ཞིང་། གཞན་པའི་ལྷ་རྗེའི་རིགས་རྣམས་རྗེ་མི་ལའི་གངས་དཀར་ཏེ་སེའི་དཔེ་ལྟར་སྙན་གྲགས་ལས། དོན་སྨན་ངོ་སྡོང་འགྲེམས་ལག་ལེན་དང་གཞུང་དོན་རྒྱས་བཤད་ཀྱི་ཆར་ལུགས་འདིར་སྦྱངས་པའི་རྒན་པོའི་ཁུར་འཛིན་རྣམས་ཀྱང་ལྗགས་ཤིན་ཏུ་ཐུང་བ། རྗེ་བླ་མ་སྲིད་ཞིའི་གཙུག་རྒྱན་ལྔ་པ་མཆོག་གི་བཀའ་ལས། འོན་ཏེ་སྙིགས་མར་སྤྱོད་པའི་ཁུང་བུ་ནས། །འཁྱོག་འགྲོའི་ཉེས་པར་བཤད་པའི་ལྕེ་བརྐྱང་སྟེ། །འགྲོ་བའི་སྲོག་ལ་རྒོལ་བའི་གདུག་པའི་སྦྲུལ། །འཆི་བདག་སྨན་པའི་གཟུགས་གཞན་བསྒྱུར་བས་གང་། ཞེས་གང་བཀའ་སྩལ་པ་ལྟར་ཉག་ཤིན་ཏུ་ཕྲ་བ་འདུག་ནའང་། གོང་དུ་བརྗོད་པའི་གཉའ་རིགས་རྣམས་རྒྱལ་རྡོ་རྗེ་ནས་སྨན་ངོ་། སྡོང་འགྲེམས། ཡུལ་ཐིག་སོགས་ལེན་དགོས་བྱུང་བས་གཞུང་དོན་རེ་གཉིས་མ་གཏོགས་ཕ་ཆེར་འཁྲོལ། རེ་གཉིས་ལུས་པ་རྣམས་བརྒྱད་པ་རྩ་འགྲེལ་གྱིས་དབུས་རྒྱ་འགྱུར་བསྟན་འགྱུར་གྲས་སུ་བཞུགས་པ་དང་པོད་རྩོམ་གྱི་འགྲེལ་བ་སོགས་སྒོར་མར་ཞིབ་བཅུག་པས་སྔོན་ཆད་འབྲུ་བསྣན་གྱི་བཤད་པ་མེད་པ་རྣམས་ཀྱང་ཡིད་དུ་འདོམས། རྣམ་རྡོར་གྱིས་དབུས་མན་རྒྱུད་ཀྱི་ཚིག་ལ་འབྲུ་བསྣན་གྱི་དྲི་རྨེད་དང་དཔེ་བལྟ་དོགས་གཅོད་ཆེས་གཤིས་རྒྱུད་ཆུང་གསུམ་སྔ་སོར་བློ་འཛིན་བྱས་པ་དང་མན་རྒྱུད་མ་བཟུང་བ་ཆ་འདྲ་བའི་ཚིག་འབྲུ་གསོ་བ་རེ་མ་བྱས་པར་མནན་རྒྱུགས་མི་འགྲོ་བ་ལས་དོན་ཆེ་མཐའ་དག་དང་ཁྱད་པར་དཀའ་གནས་རྣམས་ཤིན་ཏུ་ཡིད་ལ་འཇགས་པ་བྱུང་བ་དང་། རིག་པ་འདི་རྙེད་པར་དཀའ་བའི་དལ་འབྱོར་གྱི་ལུས་ཁམས་དྲུག་ལྡན་གྱི་ནད་ཐམས་ཅད་ཞི་བར་བྱས་ཏེ་ལུས་ངག་ཡིད་གསུམ་ལ་བདེ་བའི་བཅུད་ལེན་ཆེན་པོ་སྟེར་བར་བྱེད་པའི་སྤྱི་ནོར་བླ་ན་མེད་ཅིང་། ཁྱད་པར་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་གསོ་དཔྱད་རང་ལུགས་སུ་སྟོན་པ་ཐུབ་པའི་དབང་པོའི་བཀའ་དྲི་མ་མེད་པ་ལོ་ཆེན་བཻ་རོའི་འགྱུར་ལ་གངས་ཅན་ཡུལ་གྱི་དབང་པོ་དང་འཚམ་པར་རིགས་འདུས་སྨན་པའི་རྒྱལ་པོ་གཡུ་ཐོག་ཡོན་ཏན་མགོན་པོས་གོང་སྨོས་བཞིན་བསྣན་ཁ་དང་ཞུ་དག་གནང་བ་དཔལ་ལྡན་རྒྱུད་བཞིར་གྲགས་པ་འདི་གསོ་རིག་ཀུན་གྱི་གཙོ་བོ་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་ཞིང་གཅེས་པ་ཞིག་སྣང་ཡང་། བྱང་བ་རིགས་ལྡན་རྣམ་རྒྱལ་གྲགས་བཟང་དང་མིའི་ཉི་མ་མཐོང་བ་དོན་ལྡན་ཟུར་མཁར་དྷརྨ་སྭ་མི་རྣམས་ལས་སྔ་རབས་པ་རྣམས་ཀྱིས་ཚོང་འདུས་འོ་མ་བཞིན་བསླད་ཅིང་ཅི་རིགས་སུ་གྱུར་བ། ཡར་རྒྱབ་པས་སྦྱིན་བདག་མཛད་དེ་ཟུར་མཁར་བློ་གྲོས་རྒྱལ་པོས་ཞུས་དག་པའི་གྲྭ་ཐང་རྒྱུད་བཞི་ཞེས་སྙན་པའི་བ་དན་སྲིད་རྩེར་སྒྲེང་བའི་དར་རྒྱས་སུ་མཛད་པ། བདག་གི་བླ་མ་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོས་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་དོན་དམ་པར་ལག་མཐིལ་སྐྱུ་རུ་ར་བསྣམ་པ་ལྟར་གཟིགས་ཀྱང་། དམན་ངོར་རྣམ་ཐར་རིན་པོ་ཆེར་གསལ་བར་ལྟར་རིག་པ་འདིར་རྩ་བཤད་ཕྱི་གསུམ་ཐུགས་འཛིན་དང་ས་དཔྱད་དང་རྡེལ་འགྲེམས་རགས་ཙམ་གསན་ཚུལ་ལས་སྤྲོས་མི་མཁྱེན་པའི་ཚུལ་བསྟན་ཅིང་། བྱང་ངོས་ནང་སོ་དར་རྒྱས་དེ་ཉིད་ཁོ་བོ་དང་ཕྲད་དུས་ན་ཚོད་ཇེ་མཐོར་གྱུར་ཀྱང་རྒྱུད་ངེས་ཤིང་བརྟན་ཆ་ཆེ་བ་སོགས་གོང་བཤད་ལྟར་མཆིས་ནའང་། འགྲེལ་བའི་རིགས་ལ་གཞིག་པ་མ་འཆུག་པའམ་རང་གི་ཨ་ཕའི་གསོལ་ཞལ་གྱི་དཔེར་སོང་བ་ཇི་ལྟར་རུང་། སློབ་འཁོར་སོགས་ལྷ་རྗེ་དཀྱུས་མ་གཞན་དང་མཐུན་པར་བྱང་ཟུར་གཉིས་བཞེད་པ་ཐ་དད་པ་ལྟ་བུ་དང་། གྲྭ་ཐང་རྒྱུད་བཞི་འདི་གལ་ཆེས་ཁྱད་པར་འཕགས་ཚུལ་ཞུས་པ་སྣང་ངོ་དང་བསྟུན་ཏེ་རབ་བྱུང་བཅུ་གཅིག་པའི་ཆུ་སྟག་ལོ་གྲྭ་ཐང་སོར་བཞག་པར་བརྐོ་བ་གནང་བ་དང་པར་བྱང་སོགས་བསྩལ་ཀྱང་། རབ་བྱུང་དེ་གའི་ལྕགས་ཁྱི་ལ་པར་ཕུད་ཀྱི་ཐོག་ནས་ཁོ་བོས་རྒྱུད་ཆུང་བ་གསུམ་བློ་འཛིན་སྐབས་རྣམ་རྟོག་ཇི་སྙེད་ཅིག་ཤར་བ། རྗེ་བླ་མ་ཉིད་ལ་ཇོ་ནང་ཀུན་སྙིང་དུ་བཀའ་བཀྱོན་ཞོར་བྱང་ཟུར་གཉིས་བཞེད་པ་མི་གཅིག་པ་སོགས་ཕེབས་པ་ལྷ་རྗེ་དཀྱུས་མ་རྣམས་སྔོ་སྨན་ཡུལ་བབས་ཀྱི་ངོས་འཛིན་མི་འདྲ་བ་དང་ལག་ལེན་གྱི་ཁྱད་པར་སྟོད་སྨད་ཕྲན་བུ་ལས། གཞུང་དོན་དུ་རིམ་པ་སྔ་མའི་ལམ་ལ་ཕྱི་མ་བརྟེན་པས་མི་འདྲ་བ་མེད་པ་དང་། གྲྭ་ཐང་རྒྱུད་འདི་ལ་ཡང་བཅོས་བསྒྱུར་གྱིས་ས་དཔྱད་འཁྲུགས་པ་ཚིག་ཆད་པ་སོགས་མང་བའི་ཧ་ཅང་ཁུངས་ཆོད་པར་མ་སེམས་པས། ད་ལམ་གྱི་པར་བྱང་བཀའ་རྩོམ་བཅད་ལྷུག་འདི་ཅུང་ཟད་ཐལ་ཚུལ་སོགས་ཞིབ་པ་སྙན་དུ་ཕུལ་བས་དགྱེས་པའི་ཚུལ་དང་བཅས་ཏེ་བྱང་ངོས་ནས་སོགས་དེ་བཞིན་གསུང་བ་སོར་བཞག་ཏུ་བགྱིས་ནའང་། ཁྱོད་ཀྱིས་ཇི་ལྟར་ཟེར་བ་བདེན་འདུག་པས་སླར་དཔྱད་བརྡར་ཞིག་ཐུབ་ན་ལེགས་འདུག་པས་གྱིས་ཤིག་ཅེས་བཀའི་གནང་བ་ཐོབ། གཡུ་ཐོག་སྙིང་ཏིག་གི་དབང་ཞུས་དུས་རྒྱུད་བཞི་ཆ་ལག་བཅས་པ་སྤྱི་བོར་བྱིན་གྱིས་རླབས། ལག་ཏུ་བསྩལ་ནས། འགྲོ་ལྔ་མ་རིག་དུག་ལྔའི་རྒྱུད་ལས་ནི། །ཞེས་སོགས་ནས། རྒྱུད་ཆེན་སྡེ་བཞི་མཇུག་དོན་བཅས་པ་ལྔ། །བཅོ་བརྒྱད་ཆ་ལག་དང་བཅས་གསོ་དཔྱད་ཀྱི། །གཞུང་དང་གདམས་པ་ཀུན་གྱི་དབང་བསྐུར་བས། །ཚིག་དོན་ཇི་བཞིན་རྟོགས་པའི་དབང་ཐོབ་ཤོག། ཅེས་གཟུངས་དང་བཅས་གསུངས་ཤིང་། ཅང་ཏེ་ཡུན་རིང་བསྒྲག་པ་གནང་བའི་དུས་སྔར་བཟུང་བའི་ཚིག་བློར་ངེས་དོན་དཀའ་བ་རྣམས་ཀྱི་དོན་རང་བློར་རང་ལམ་གྱི་འཆར་བའི་སྣང་བ་དང་བཤད་སྲོལ་སྐྱོངས་ཤིག་པའི་དུས་འཕྲལ་དུ་བྱ་སྙམ་ཡིད་ལ་དུར་དུར་ཤར་བ་བྱིན་རླབས་ཐུགས་རྗེའི་འཇུག་པ་སྒོ་གསུམ་ལ་ཞུགས་པ་དང་རང་གི་གསོ་བ་རིག་པ་ལས་བགྱིས་པ་རྣམས་ཀྱང་རྗེ་འདིས་བྱིན་གྱིས་བརླབས་པའི་བཀའ་ཡིན་ནམ་སྙམ་པ་ཙམ་ལས་དེ་འཕྲལ་གང་ཅི་ནུས་ཞུས་དག་པར་མ་ཐུབ། ཕྱིས་འགྲེལ་བ་བཻ་སྔོན་བརྩམས་པ་དང་སྦྲགས་རྟོག་གཞིག་བཅུག་པར། མན་རྒྱུད་བློ་འཛིན་དང་ནད་པ་སྐྱོང་བ་སོགས་མ་ཐུབ་ཅིང་། གོང་དུ་སོང་བའི་སྨན་ངོ་རྩ་ཡུལ་གྱི་ཐིག་སོགས་ལས་དུས་དབང་གིས་སློབ་དཔོན་མཁས་པ་ཡང་ཡུན་རིང་དུ་བསྟེན་མ་ཐུབ་པས་ཚུལ་བཞིན་དཀའ་ཡང་། དུས་ཀྱི་འཁོར་ལོ་དང་། རྡོ་རྗེ་མཁའ་འགྲོ། མཁའ་འགྲོ་རྒྱ་མཚོ་སོགས་རྒྱུད་སྡེ། གསེར་འོད་དམ་པ་དང་དཀོན་བརྩེགས་སོགས་མདོ་སྡེ། ལུང་གཞི་དང་ཕྲན་ཚེགས་སོགས་འདུལ་བ། གདགས་པ་དང་མཛོད་རྩ་འགྲེལ་སོགས་མངོན་པ། ཡན་ལག་རྒྱད་པའི་སྙིང་པོ་བསྡུས་པ། དེའི་རང་འགྲེལ། ཟླ་ཟེར། སྦྱོར་བ་རྒྱ་པ། གཅེས་གྲུབ། འཚོ་བའི་མདོ། དངུལ་ཆུ་གྲུབ་པ་སོགས་རྒྱ་གར་ནས་འགྱུར་རིགས། སྨན་དཔྱད་ཟླ་བའི་རྒྱལ་པོ་སོགས་རྒྱ་ནག་ནས་འགྱུར་རིགས། འཁོར་ལོ་བརྒྱལ་པོའི་བེ་བུམ་གྱིས་དབུས་ཞང་ཞུང་ནས་འགྱུར་བ། བདུད་རྩི་བམ་པོ་བདུན་པ། བདུད་རྩི་མཆོག་གི་གཞུང་ལུགས། བདུད་རྩི་བུམ་པ། སྣང་གསལ་ཤེལ་བུམ་སོགས་སྔ་འགྱུར་རྡོ་རྗེ་ཐེག་པ་བཀའ་གཏེར་གྱི་རིགས། བི་བྱི་པོ་ཏི་ཁ་སེར། སྒྲོན་གསལ་གདམས་པ་སུམ་ཅུ། བདུད་རྩི་སྙིང་པོ་ཆེ་ཆུང་། རྫོང་འཕྲང་འཕྲུལ་གྱི་ལྡེ་མིག ཡན་ལག་བཞི་པ། ཆ་ལག་བཅོ་བརྒྱད་དང་བཅས་བོད་དུ་སྔ་རབས་བྱུང་བའི་གཞུང་ལུགས། རྩ་བཤད་ཕྱི་གསུམ་ལ་འགྲེལ་བའི་རིགས་ཤིན་ཏུ་མང་བ་དང་ཡང་བསྟུན། མན་རྒྱུད་དུ་སྔར་ཕན་འབྲུ་འགྲེལ་ཚད་ལྡན་མཛད་མི་ཆེར་མ་བྱུང་འདུག་ཅིང་། གཡུ་ཐོག་པའི་གསེར་མཆན། དེ་ལ་ཡང་ཟོང་མཆན་སྨར་མཆན་གཉིས། བུ་དོན་མ། ཕྱག་དྲེག་མ། ཟུར་མཁར་རྙིང་མའི་རྒྱུད་བཞི་སྒམ་ནང་མ། བྱང་ལུགས་མཁས་པས་མཛད་པའི་དགོས་འདོད་ཀུན་འབྱུང་སོགས་དང་། མང་ཡུལ་གུང་ཐང་ཁྱུང་རྫོང་དཀར་པོ་མུ་ཁྲི་བཙན་པོའི་སྤྲུལ་པ་ཁྲི་བསོད་ནམས་ལྡེས་སྦྱིན་པའི་བདག་པོ་མཛད་དེ་དགེ་སློང་རིན་ཆེན་དཔལ་བཟང་གིས་ཁུར་འཁུར། འ་བ་དགེ་སློང་བཀྲ་ཤིས་དང་རང་ཉིད། ཆོས་རྗེ་ཀུན་དགའ་རྒྱན། རབ་འབྱམས་པ། ཆོས་བདེ་བཞིས་ཞུས་ལེགས་པར་དག་པ་རྫོང་དགའི་པར་དུ་གྲགས་པ་དང་། སྒམ་པོ་ནོར་རྒྱན་པས་ཁུར་བཞེས་སྨན་བླ་དོན་གྲུབ་པས་བསྐུལ་བ་དང་ཞུས་དག་བྱས་པ་སྒམ་པོའི་པར་མ་དང་། རྟག་བརྟན་དུ་རྗེ་བཙུན་ཀུན་དགའ་སྙིང་པོས་ཁུར་བཞེས་ཀྱི་འཕྲོ་འཐུད་དཔོན་ཀུན་དགའ་རྒྱལ་མཚན་གྱིས་མཛད་ཅིང་། །ཞུས་དག་པ་གོང་དུ་རྒྱས་པར་སོང་བའི་གཉའ་བའི་རིགས་སྨན་བྱང་ལྷུན་གྲུབ་སྡིངས་ཀྱི་འཚོ་བྱེད་གཞོན་ནུས་གསོས་སམ་བདུད་རྩི་འགྱུར་མེད་ཀྱིས་བྱས་པ་རྟག་བརྟན་པར་མ། བོ་དོང་བའི་པར་མ་སོགས་དང་། ལྕགས་སྨྱུག་གིས་བྲིས་པའི་ཡིག་རྙིང་ལེ་ཚན་འདྲ་དང་ཡང་བསྟུན་པ་སོགས་གངས་ཅན་གྱི་ལྗོངས་སུ་གྲགས་སོ་ཅོག་གི་སྨན་དཔྱད་ཕྲ་མོ་དང་བཅས་པ་ཕལ་ཆེར་ལ་སླ་ཐབས་མ་ཡིན་པར་སོ་སོར་ཞིབ་ཏུ་བརྟགས། ཁྱད་པར་ཟུར་མཁར་རྙིང་མའི་རྒྱུད་སྒམ་ནང་མ་དང་ཕྱག་དྲེག་མ་གཉིས་གཞིར་བཞག། གྲྭ་ཐང་གི་རྒྱུད་བཞིར་ཚིག་ཆད་པ་སོགས་རྙིང་པ་རྣམས་མཐུན་པར་འདུག་རིགས་རང་གི་རིག་པས་ཀྱང་དཔྱད་དེ། དཔེར་ན་བསྡོམས་ཚིག་ཏུ་བཤད་པ་ནང་གསེས་དུས་མ་ཚང་རིགས། ནད་རྟགས་བཤད་པར་བཅོས་ཆད་པ། ས་བཅད་འཁྲུགས་པ་སོགས་དང་། ལ་ལ་དག་འབྲུ་ནོར་གྱི་རྣམ་པ་སོགས་འོལ་སྤྱི་རྟོག་བཟོ་མིན་པའི་ལུང་རིགས་ཁུངས་ཐུབ་ཀྱི་སྒོ་ནས་གཏན་ལ་ཕན། བརྡ་རྙིང་གོ་དཀའ་ངེས་རྣམས་གསལ་དུ་བཏང་པ་བཅས་ཞུས་ལེགས་པར་དག་སྟེ་པར་དུ་བརྐོས་ནས་བསྟན་པ་མེད་པའི་ཆོས་སྦྱིན་གྱི་སྒོ་འཕར་ཕྱེ། །

 

མཐའ་མའི་འདོན་ཐེངས་།: 28.01.2022 ཉིན། 4:56 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།