སྨན་རྩིས་དྲ་བ། - བོད་ཀྱི་སྨན་རྫས་རིག་པ།

སྔོ་སྨན་འཁྲུངས་དཔེ་བསྡུས་པ་ངོ་མཚར་གསེར་གྱི་སྙེ་མ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 21.07.2022
བོད་ཀྱི་སྨན་རྫས་རིག་པ། >>


 

༄༅།། གངས་ལྗོངས་སྨན་པའི་གྲོང་ཁྱེར་ལྕགས་རི་བཻཌཱུར་གླིང་གི་

སྔོའི་སྨན་གྱི་འཁྲུངས་དཔེ་བསྡུས་པ་ངོ་མཚར་

གསེར་གྱི་སྙེ་མ་ཞེས་བྱ་བ་

བཞུགས་སོ།།



ཨ་སྭསྟི།

༄༅།། ཡེ་ནས་སྤྲོས་ཀུན་རབ་ཞི་ཡང༌།།

བསམ་བཞིན་སྲིད་པའི་ཟོལ་གྱིས་ནི།།

རྣམ་གྲོལ་ལམ་བཟང་སྟོན་མཛད་པ།།

འདྲེན་མཆོག་ཐུབ་དབང་སྨན་རྒྱལ་འདུད།།

 

ལྟ་ན་སྡུག་ནས་བཻཌཱུརྱའི།།

གསང་གསུམ་མཆོག་གི་སྒྱུ་འཕྲུལ་ལས།།

ངོ་མཚར་སྤྲུལ་སྐུའི་གར་མཛེས་པ།།

གཡུ་ཐོག་མགོན་དེ་གཙུག་ན་རྒྱལ།།

 

ཐུགས་བསྐྱེད་དག་པ་བདུད་རྩིའི་སྤྲིན།།

ཀུན་ཁྱབ་ཕན་བདེའི་རིན་ཆེན་ཆར།།

རྣམ་ཀུན་འབེབས་ལ་མཁས་པའི་མགོན།།

བརྒྱུད་པར་བཅས་ལ་སྙིང་ནས་འདུད།།

 

མཁྱེན་རབ་དཔལ་གྱི་བེའུ་ནི།།

གསོ་དཔྱད་ནོར་བུའི་ཕྲ་ཚོམ་ཅན།།

སློབ་དཔོན་གོང་མ་རིམ་བྱོན་གྱི།།

བཀའ་དྲིན་དྲན་པས་སྤུ་ལོང་གཡོ།།

མི་འགྱུར་ཆོས་ཀྱི་དབྱིངས་ཆེན་ལས།།

རིགས་འདུས་བསྟན་པ་བསྲུང་བའི་ཕྱིར།།

མི་ཟད་དྲག་པོའི་སྐུར་སྟོན་པ།།

ཆོས་སྲུང་དམ་ཅན་རྒྱ་མཚོས་སྐྱོངས།།

 

ཞེས་མཆོད་བརྗོད་རྐང་པ་དྲུག་པའི་གླུ་དབྱངས་ཀྱིས་ལམ་ཡངས་པར་ཕྱེ་ནས། གླེང་བྱ་ནི། ཕྱོགས་དུས་རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་ཞལ་མགོན་པོ་ཕྱག་ན་པདྨོའི་གདུལ་ཞིང་ཐུན་མོང་མ་ཡིན་པ་བསིལ་ལྡན་སཱ་ལའི་སྨན་ལྗོངས་སུ་གྲགས་པའི་དབུས་གྱུར་སའི་ཐིག་ལེར། གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཆེན་པོའི་ཉེ་འདབས། བདེན་བྲལ་གྱི་ཕྱོགས་སུ་མཛེས་ཤིང་ལྷུན་ཆགས་པ། འགྲོ་བ་ཀུན་གྱི་སྲོག་གི་དཔུང་གཉེན་དུ་མངོན་པར་མཐོ་ཞིང༌། གངས་ཅན་སྨན་པ་ཡོངས་ཀྱི་འབྱུང་གནས་དཔལ་ལྡན་གསོ་བ་རིག་པའི་འདུས་སྡེ་ཆེན་པོ་ལྟ་ན་ལྷུན་སྡུག་ངོ་མཚར་འགྲོ་ཕན་གླིང་འདི་ཉིད་ཀྱི་མཐོང་བ་བརྒྱུད་པའི་ཕྱག་ལེན་རྣམ་པར་དག་པའི་ནང་ཚན་བདུད་རྩི་སྔོའི་སྨན་རྣམས་ཀྱི་ངོ་བོ་ངོས་འཛིན་ནང་གསེས་དང་བཅས་པ། འཁྲུངས་དཔེ་རྒྱས་པ་འཚོ་བྱེད་གཞོན་ནུའི་སྙིང་ནོར་དུ་ཞིབ་གསལ་ལྟར་མཁས་དབང་དགེ་རྒན་དྲང་སྲོང་རྣམས་ཀྱི་སྤྱན་སྔར། མཆོག་དམན། དཀར་ནག ཕོ་མོ་མ་ནིང༌། རྒོད་གཡུང༌། སྒོ་བཟང་སྒོ་ངན། རིམ་འབྱེད་སོགས་ཀྱི་གོ་རིམ་གང་ཡོད་ཐིག་སྐད་ཀྱི་བརྡ་ལས་ལེགས་པར་མཉན་ཏེ་སྨན་རྣམས་སོ་སོ་སྐམ་སྐྱེས་སྲིབ་སྐྱེས་ཀྱི་ཁྱད་པར་དང༌། རྩ་བ། སྡོང་པོ། ཡལ་ག ལོ་མ། མེ་ཏོག འབྲས་བུ། རོ་ནུས་སོགས་ལ་ཞིབ་མོའི་དཔྱད་པ་གསུམ་གྱི་སྒོ་ནས་མ་འདྲེས་པ་རིམ་བཞིན་དབྱེ་དགོས་པ་ལ།

༈ རྒྱ་གྲོ། བོད་གྲོ། གྲོ་ལོ་ས་འཛིན། ཙི་ཙི་ས་འཛིན། བྱི་ན་ས། ནད་མ་གཡུ་ལོ། ནད་མ་འབྱར་མ། ནད་མ་སྣུན་མ། ནད་མ་སྒྱིབ་མ། དེ་གསུམ་ནད་མ་སྤུན་གསུམ་མོ།། གྲོ་ཀྲན་ནད་མ། སེངྒེ་སྦར་མ། བྱི་ཤང་དཀར་མོ། ཧོང་ལེན་ལྷོ་ནས་འོང་བ་མཆོག དམན་པར་ཕོ་མོ་གཉིས་ཏེ། ཧོང་ལེན་མེ་ཏོག་ཡོད་པ་ཕོ། ཧོང་ལེན་མེ་ཏོག་མེད་པ་མོ། སྤང་རྩི་དོ་བོ་ལོ་མ་ཉག་མེད་རྐང་རིང་རྩེར་མེ་ཏོག་དཀར་པོ་རྒས་ཚེ་མི་རྒན་གྱི་མགོ་བོ་ལྟ་བུ་ཡོད། སྤང་རྩི་འབྱར་བག་ལོ་མ་ཉ་ག་ཅན་ལ་རྐང་གོང་འདྲར་འབྱར་བག་མོད། ལུག་རྩི་དོ་བོ་ལོ་མ་ཉག་མེད་རྐང་ཐུང་ཞིང་མེ་ཏོག་གོང་མཚུངས་ཅུང་ཟད་ནག་ལ་དྲི་ཞིམ་བལ་དང་ལྡན་པ་དེ་གསུམ་སྤང་རྩི་སྤུན་གསུམ་དུ་གྲགས་སོ།། རེ་སྐོན་རྩི་དམར། རེ་རྫུད། ཀྱི་ལྕེ་དཀར་པོ། ཀྱི་ལྕེ་ནག་པོ། ཀྱི་ལྕེ་དཀར་པོའི་མེ་ཏོག་ལ་ཤ་ལང་འབངས་ཟེར། འཇིབ་རྩི་དཀར་པོ། འཇིབ་རྩི་ནག་པོ་པྲི་ཡང་ཀུ་ཡིན། སུམ་ཅུ་ཏིག ཟངས་ཏིག ལྕགས་ཏིག་དཀར་པོ། ལྕགས་ཏིག་ནག་པོ། ལྕགས་ཏིག་ར་མགོ་མ། ཟངས་ཏིག་འདྲ་བའི་ལྕགས་ཏིག་དཀར་པོ། ཟངས་ཏིག་འདྲ་བའི་ལྕགས་ཏིག་ནག་པོ། གསེར་ཏིག་མཆོག གསེར་ཏིག་དམན་པ་རིགས་གཉིས། སྡོང་པོ་གཅུས་ཏེ་མེ་ཏོག་དཀར་པོ་ཤར་བ་དངུལ་ཏིག གླང་ཏིག་པ། ཉ་ཏིག་པ། ཉ་དུག་པ། སྲོ་ལོ་དཀར་པོ་གང་བུ་ལེབ་ཆེ་ཟླ་ཚེས་འདྲ་བ་དེ་དང༌། སུག་འདྲའམ་སྲོ་ལོ་སྨུག་པོ་ལོ་སྡོང་གོང་འདྲ་གང་བུ་པད་ཁའམ། ཤ་བའི་རྭ་འདྲ་བ་མདོག་གིས་དབྱེ་བའི་རིགས་གཉིས། ཤེལ་ཕྲེང་ནས་སྲོ་ལོ་སྨུག་པོ་གང་བུ་གཞུ་ཤུབས་འདྲ་བ་འབྲས་བུ་ལེབ་པ་དང༌། ཚན་མར་སྟོན་དུས་དམར་བས་བན་བཙུན་འདྲ་བ་དེ་སྲོ་ལོ་དམར་པོར་བཞེད། གཡའ་ཀྱི་མ་མེ་ཏོག་སྔོ་སྐྱ་ཆེ་བ་རྒྱལ་པོ་གཡའ་ཀྱི་མ་དང༌། ཆུང་བ་བཙུན་མོ་གཡའ་ཀྱི་མར་འབོད་པ་མཆོག མེ་ཏོག་སེར་དཀར་དམར་སྔོ་བཞི་ཤར་བ་ལས། གསེར་གཡའ་ཀྱི་མ། དངུལ་གཡའ་ཀྱི་མ། ཟངས་གཡའ་ཀྱི་མ། ལྕགས་གཡའ་ཀྱི་མ་སྟེ་རིགས་བཞི་རིམ་པས་དམན་པ་བཅས་དྲུག་ཏུ་རྟོགས་དགོས། གངྒ་ཆུང༌། བྱ་རྒོད་སྤོས། ཡུ་མོ་སྲོལ་གོང་ངམ་སྲོལ་གོང་དམར་པོ། སྲོལ་གོང་སེར་པོ། སྲོལ་གོང་དཀར་པོ། སྲོལ་གོང་སྨུག་པོའམ་སྔོན་པོའི་རིགས། གྲུ་གུ་རས་ན། ཡུ་མོ་མདེའུ་འབྱིན་མེ་ཏོག་གི་ཕྱེ་བའི་རིགས་དཀར་དམར་སྔོ་གསུམ་ཡོད། དར་ཡ་ཀན་ཞེས་ཞང་ཞུང་སྐད། དོན་དུ་བདུད་རྩི་སྟེ་དེའི་རིགས་འདྲེན་ལུགས་ནི། རི་གཉེན་མགུལ་སྐྱེས་དར་ཡ་ཀན་ནམ་སྔོན་མོ་དར་ཡ་ཀན་ཞེས་ཚེར་སྔོན། ཀླུང་ཤོད་དུ་སྐྱེས་པའི་དར་ཡ་ཀན་ཞེས་ཁྲག་ཁྲོག་པ། བརྒྱ་བྱིན་ལྷ་སྲུང་དར་ཡ་ཀན་ཞེས་ཧ་ལོ། ཆུ་མིག་ནང་སྐྱེས་དར་ཡ་ཀན་ཞེས་བྲེ་ག་འདྲ་བ་ཆུ་ལྡུམ་པར་གྲགས་པའི་ཆུ་ལྡུམ་ཨོག་དཀར། དམུ་རྫིང་སེལ་བའི་དར་ཡ་ཀན་ཞེས་སྒ་ཏིག ཀླུ་འདུལ་བའི་དར་ཡ་ཀན་ཞེས་ཀླུ་བདུད་རྡོ་རྗེ། རྨ་རྣམས་འདྲུབ་པའི་དར་ཡ་ཀན་ཞེས་གསང་བ་སྨན་གཅིག་ཏུ་གྲགས་པའི་སྐྱེས་པ་དོང་བཏགས་སོ།། གཞན་ཡང་གཙོ་བོ་དེ་རྣམས་ལས་དར་ཡ་ཀན་རྣམ་གྲངས་ཉེར་ལྔར་འདྲེན་པའང་ཡོད། རི་སྐྱེས་རྟ་ལྤགས་དཀར་པོ་དང༌། ཀླུང་སྐྱེས་རྟ་ལྤགས་ནག་པོ་མེ་ཏོག་རྒྱ་སེར་དཀར་གསུམ་དང་སྔོ་དམར་དཀར་ཉམས་ཅན་ཤར་བའང་ཡོད། ཨ་བི་ཥ་མཆོག་སྐྱེ་གནས་དབང་གི་རིགས་གཉིས། ཨ་བི་ཥ་དམན་པ་ཀླུང་སྐྱེས་ལོ་རྐང་ར་མོ་ཤག་འདྲ་ཞིང་རྩ་བ་གོང་མཚུངས་ཡོད། སྤང་རྒྱན་དཀར་པོ། སྤང་རྒྱན་སྔོན་པོ། སྤང་རྒྱན་ཁྲ་བོ། སྤང་རྒྱན་ནག་པོ་མེ་ཏོག་མཐིང་གསལ་སྔོན་པོ་ལས་ཅུང་ཆེ་བ་ཤེལ་ཕྲེང་ནས་བཤད། སྟག་ཤ་དཀར་པོ་ཕོ། སྟག་ཤ་ནག་པོ་མོ། ཡུ་གུ་ཤིང་དཀར་པོ། ཡུ་གུ་ཤིང་ནག་པོ། རྩད་མཆོག་ལྷོ་ཁམས་ནས་འོང༌། དམན་པར་ཕོ་མོ་གཉིས་ཏེ་རྩད་མེ་ཏོག་མེད་པ་ཕོ། རྩད་མེ་ཏོག་ཡོད་པ་མོ། དགུ་ཐུབ་མཆོག་རྒྱ་དང་ལྷོ་རོང་ནས་འོང་བའི་གླང་ཆེན་ཆིག་ཐུབ་ལ་བྱེད། དགུ་ཐུབ་དམན་པ་ཙཱ་རི་སོགས་རོང་དུ་སྐྱེ་བའི་རྩ་བ་སེར་ཤས་ལ་ཕུག་དབྱིབས་ཅན་དེའོ།། ལྡུམ་སྟག་གམ་ཀོ་བྱི་ལ། ཨ་བྱག་གཟེར་འཇོམས་ཆེ་བའམ་རྒོད་པ་མཆོག ཆུང་བའམ་གཡུང་བ་དམན་པ། ཨ་བྱག་ཚེར་སྔོན་སྒོ་བཟང༌། ཨ་བྱག་ཚེར་སྔོན་སྒོ་ངན། སྨུག་ཆུང་མདན་ཡོན་སྒོ་བཟང༌། སྨུག་ཆུང་མདན་ཡོན་སྒོ་ངན། གསེར་སྐུད། གངྒ་ཤ་རུ་དངུལ་སྐུད་མཆོག  དགའ་ལྡན་སྤུ་ཇ་དངུལ་སྐུད་དམན་པ། ལུག་རུ་སྨུག་པོ། མེ་ཏོག་ལ་ཐལ་ཏྲེས་ཟེར། ལུག་རུ་སེར་པོ། ལུག་རུ་དམར་པོ། དེ་གསུམ་ལུག་རུ་སྤུན་གསུམ་ཡིན། མེ་ཏོག་གི་དབྱེ་བས་ལུག་རུ་དཀར་པོའང་ཡོད། ཆུ་རུག་སྦལ་ལག་མཆོག ཆུ་རུག་སྦལ་ལག་དམན་པ། སེ་གཡུང་དཀར་པོ། སེ་གཡུང་ནག་པོ། སེ་བ་དྲི་ལྡན། སེ་བ་གཞོན་ནུ། སེ་བའི་མེ་ཏོག སེ་རྒོད་མོ་མེ་ཏོག་རྒྱ་ཁ་འཆར་བ་མཆོག སེ་རྒོད་མོ་དམན་པ། སེ་རྒོད་ཕོ་ཚེར་མ་ཅན། འབུ་སུ་ཧང་འབྲུ་ཡོད་པ་ཕོ། གང་བུ་ཡོད་པ་མོ། སྒོང་ཐོག་པ། ཤིང་ཨ་ཀྲོང་ནག་པོ་ནག་ཚང་ནས་འོང་བ་མཆོག གཡའ་བྲག་ལ་སྐྱེས་པའི་ཨ་ཀྲོང་དཀར་པོ་དམན་པ། རྩྭ་ཨ་ཀྲོང༌། མཁན་པ་ཨ་ཀྲོང་མཁན་ཆུང་སེར་མགོ། ཕུར་མོང་ཨ་ཀྲོང་ཕུར་དཀར་བདུད་རྩི་ཟིལ་པ་བཅས་ཨ་ཀྲོང་རིགས་བཞི་འདྲེན་ལུགས་སོ།། མཁན་རིགས་སམ་ཚར་བོང་སྐྱ་སྨུག་མཆོག ཚར་བོང་ནག་པོ་དང་།  ཚར་བོང་དཀར་པོ་དམན་པ། ཏང་ཀུན་དཀར་པོ། ཏང་ཀུན་ནག་པོ། ལྷ་ཤུག་ལོ་མ་ལྗང་ལ་སིབ། རྒྱ་ཤུག་ལོ་སྡོང་ནག་རྩུབ་ཁྲོ་ཞལ་གྱི་རྣམ་པ་ཡོད་པ། སྡོང་པོ་ཆུང་ཞིང་ཚེར་མས་ཁྱབ་པ་ཤུག་པ་ཚེར་ཅན། ལྤགས་མདོག་གིས་དབྱེ་བའི་སྐྱེར་པ་དཀར་པོ། སྐྱེར་པ་ནག་པོ་སྡོང་པོ་ཆུང་ངོ༌།། དྷ་དུ་ར་ཞེས་ཐང་ཕྲོམ་སྟེ་དེའི་རིགས་ལ་ཐང་ཕྲོམ་དཀར་པོ། ཐང་ཕྲོམ་ནག་པོ། ཐང་ཕྲོམ་ལང་ཐང་རྩེ་མཆོག ཐང་ཕྲོམ་ལང་ཐང་རྩེ་དམན་པ། སྲིན་ཤིང་སྣ་མ་མེ་ཏོག་རྒྱ་ཁ་འཆར་བ་མཆོག སྲིན་ཤིང་སྣ་མ་མེ་ཏོག་དཀར་པོ་འཆར་བ་དམན་པ། ཕོ་དྲེས་ཀླུངས་སུ་སྐྱེ། མོ་དྲེས་རི་ལ་སྐྱེ། མ་ནིང་ཀོ་ཋ། དྲེས་མའི་གེ་སར། དཀར་པོ་ཆིག་ཐུབ་རིགས་གཉིས། བྱང་བསྟན་བྲག་སྐྱེས་ཨ་ཝ་བདུད་རྩི་མཆོག དར་ལྗང་སྐུད་པ་འདྲ་བའི་ཨ་ཝ་མེ་ཏོག་མེད་པ་ཕོ་དང༌། ཨ་ཝ་མེ་ཏོག་ཡོད་པ་མོ་དམན་པ། ཨ་འདྲ། ཞིམ་ཐིག་དཀར་པོ་དང༌། ཞིམ་ཐིག་ནག་པོ་མཆོག ཞིམ་ཐིག་ནག་པོ་དམན་པ། ཞིམ་ཐིག་སངས་རྒྱས་ཆུ་འཇིབ། ཞིམ་ཐིག་སྔོན་པོའམ་ནག་པོའི་རིགས་བཅས་རང་ལུགས་རིགས་ལྔ། དེ་སྟེང་ཞིམ་ཐིག་དཀར་པོ་པུ་ཤུད་མིག་སྨན་ཟེར་བ་ཆེ་ཞིང་མེ་ཏོག་དཀར་པོ་དར་དཀར་ཡོལ་བ་སྦྲེལ་འདྲ་བཅས་ཆེ་འབྲིང་ཆུང་གསུམ་གཉིས་རེ་སྟེ་རིགས་དྲུག་ཤེལ་ཕྲེང་ནས་བཤད། མིག་སྨན་སངས་རྒྱས། པརྤ་ཏ། རི་སྐྱེས་དྭ་རྒོད་མཆོག ཀླུང་སྐྱེས་དྭ་གཡུང་དམན་པ། འདམ་བུ་ཀ་ར་སྤྲེའུའི་མཇུག་མ་འདྲ་བ་མཆོག བཙོང་འདྲ་བ་དམན་པ། འབྲི་ཏ་ས་འཛིན་མཆོག འབྲི་ཏ་ས་འཛིན་དམན་པ། བྱ་པོ་ཙི་ཙི་མཆོག བྱ་པོ་ཙི་ཙི་དམན་པ་སྲན་མའི་མེ་ཏོག ཤུ་མོ་ཟ། སྙི་བ་འོ་ཅན། ཟུར་ལུགས་སྙི་བ། ལུག་མུར་ཕོ་རྩ་རྡོག་འབྲིང་ལ་དཀར་ཞིང་མཁྲེགས། ལུག་མུར་མོ་རྩ་རྡོག་ཆེ་ལ་གྱོང་ཞིང་ཁ། ལུག་མུར་མ་ནིང་རྩ་རྡོག་དཀར་ལ་ཞིབ་ཅིང་གྱོང༌། ཡང་ན་མེ་ཏོག་དཀར་ཤས། རྒྱ་དཀར། རྒྱ་སྨུག་འཆར་བ་ལས་ཀྱང་རྟོགས། གཡེར་ཤིང་པ་མཆོག་རོ་དང་ལྡན་པ་ཀློ་སོགས་ནས་འོང༌། གཡེར་ཤིང་པ་དམན་པ། མེ་ཏོག་སེར་ཆེན་རྩ་བ་འོ་ཅན་དེའོ།། དབང་འདུས་མེ་ཏོག འཇམ་དབྱངས་མེ་ཏོག ཉི་མ་མེ་ཏོག སྒྲོལ་མ་མེ་ཏོག སྨྱུག་མ་མེ་ཏོག གསེར་གྱི་མེ་ཏོག བསྐལ་བཟང་མེ་ཏོག ཚངས་པ་ལྷའི་མེ་ཏོག མེ་ཏོག་བལ་པོ། མེ་ཏོག་ལེ་བརྒན་རྩི་སྟེ་བལ་ཆུང༌། མེ་ཏོག་དྲང་སྲོང་རི་ཥི། མེ་ཏོག་གུར་གུམ། མེ་ཏོག་གཡར་མོ་ཐང༌། མེ་ཏོག་གངས་ལ་དེའི་རྩ་བར་ནུས་པའི་དབང་གིས་པུ་རི་ཀ་ཟེར། མེ་ཏོག་རྒྱ་མེན་ནམ་བཙུན་པ་མེ་ཏོག ཨུཏྤལ་མེ་ཏོག་གིས་དབྱེ་བའི་ཨུཏྤལ་དཀར་པོ། ཨུཏྤལ་སྔོན་པོ། ཨུཏྤལ་དམར་པོ། ཨུཏྤལ་སེར་པོ་བཅས་རིགས་བཞི། པུ་རི་ཀ་དངོས་སམ་པདྨ་དཀར་པོ། པདྨ་དམར་པོ། པདྨ་སེར་པོ། རྩྭ་པདྨ། བྲག་སྐྱ་ཧ་བོ། བྲག་སྤོས། རྒྱ་སྤོས། སྤང་སྤོས། མྱང་རྩི་སྤྲས་ཞེས་པའི་སེར་པོ་ཁྲག་རྐང་མཆོག སྔོ་སྤྲིན་ཞེས་པ་མྱང་རྩི་སྤྲས་དམན་པ། སྔོ་སྤྲིན་རྒས་པ་སྔོ་ལྕགས་ཀྱུ། རྒུ་དྲུས་མཆོག་ལྷོ་ཁམས་ནས་འོང༌། རྒུ་དྲུས་དམན་པ། འབམ་མེ་ཏོག་ཡོད་པ་ཕོ། འབམ་མེ་ཏོག་མེད་པ་མོ། ལྷ་མོ་ལུག་སྐྱེས་མའི་མིག་ལས་བྱུང་བས་ལུག་མིག་ཏུ་གྲགས་པའི་རིགས་ལ། མེ་ཏོག་ལུག་མིག་གམ་རྒྱལ་བའི་སྤྱན་ཅན་ནི་མེ་ཏོག་སྔོ་ལ་ཟེའུ་འབྲུ་སེར་པོ་སྒོ་བཟང་བ། དབང་ཕྱུག་མིག་གསུམ་ནི། ལུག་མིག་འདྲ་བའི་ཆེ་བ་མགོ་གཉིས་གསུམ་གྱེས་པ་དེ་དང༌། ལུག་མིག་དྲི་ཆེ་བ་སེར་ནག་གཉིས་ཏེ་གསུམ། དབང་པོ་སྟོབས་བཟང་མིག་ནི་དཀར་ཞིང་ཞིབ་པ་ལུག་ཆུང་དུ་གྲགས་པ། གནོད་སྦྱིན་མིག་ནི་ཨ་བྱག་ཆེ་ཆུང་གཉིས། ཁྱི་མིག་ནི་སྐྱེ་སྒོ་ཆེས་ངན་པའོ།། མཁན་དཀར། མཁན་སྐྱ། མཁན་དམར། མཁན་ནག ཡང་མཁན་རིགས་ཆུང་ངུ༌། ཆུ་རྩི་ནག་པོ་མཆོག ཆུ་རྩི་དཀར་པོ་དམན་པ། ཟུར་ལུགས་ཆུ་རྩི། བྱར་པན་ཆུ་རྩི་ཞེས་པའི་སྔོ་དུག་མོ་ཉུང༌། བྱི་ཚེར་མཆོག བྱི་ཚེར་དམན་པ། སྔོ་དེ་བ་མཆོག ཆུ་དེ་བ་དམན་པ། མ་གལ་ཞེས་པའི་ཤིང་དེ་ཝ། ཟུར་ལུགས་འདི་ཚབ་རུང་ཞེས་གསུངས་པས་སོ།། ཤིང་དེ་ཝ་དངོས་ནི་འཛེར་པ་མང་ལ་མཁྲེགས་པ་ཞིག་ཡོད། རྩ་མཁྲིས་མཆོག རྩ་མཁྲིས་དམན་པ། ལོ་མ་ཆེ་བ་རྒྱལ་པོ་རེ་རལ། འབྲིང་བ་བློན་པོ་རེ་རལ། ཆུང་བ་བཙུན་མོ་རེ་རལ། ཡང་བསྒྲིགས་ལུགས་གཅིག་ལ་བྲག་སྐྱ་ཧ་བོར་བློན་པོ་རེ་རལ། བྲག་སྤོས་པ་ལ་བཙུན་མོ་རེ་རལ། ཆུ་ཤིང་འོམ་བུ། ཞུ་མཁན་ལོ་མ་ལྗང་སེར་མཐུག་པ་སྤང་ཞུན་མཆོག ལོ་མ་ལྗང་ནག་ནགས་ཞུན་དམན་པ། ཚོས་སམ་རྒྱ་སྐྱེགས་ཤིང་མདོག་སྟག་མ་འདྲ་ལ་དེའི་ཚི་བར་ནམ་ཟླའི་དབང་གིས་གྲོ་ཚོས་དྭངས་ཤས་དང༌། ནག་ཧྲུག་དམར་ནག་གཉིས། བཙོད་ལོ་ལྗང་ནག་ཉག་མེད་རྐང་ཕྲ་སྦུབས་ཅན། དེ་གསུམ་གློ་མོན་ནས་འོང༌། ཕོ་ལྕམ་ཧ་ལོ་དཀར་པོ་མཆོག ཕོ་ལྕམ་ཧ་ལོ་དམར་པོ་དམན་པ། མོ་ལྕམ་རྒྱ་ལྕམ་དཀར་པོ་མཆོག མོ་ལྕམ་རྒྱ་ལྕམ་དམར་པོ་དམན་པ། མ་ནིང་ལྕམ་པ། ལོ་མར་ཉི་དགའ། འབྲས་བུར་ཨ་ཛ་ཀ་ཟེར། ཕོ་ལྕམ་ཧ་ལོ་དཀར་པོའི་མེ་ཏོག་ལ་མདོག་ལྡན། རྩ་བར་པ་ལ་ཟེར། བྲག་ལྕམ། རི་སྐྱེས་རྟ་མིག་དཀར་པོ་མཆོག ཀླུང་སྐྱེས་རྟ་མིག་ནག་པོ་དམན་པ། གྲ་མ། མཛོ་མོ་ཤིང༌། འཕང་མ་དཀར་པོ། འཕང་མ་ནག་པོ། འཕང་མའི་འབྲས་བུ། སྲད་དཀར་མཆོག སྲད་དཀར་དམན་པ། སྲད་ནག་ཟེར་བའི་དུག་སྲད། བྱིའུ་སྲད་མ། བྱི་སྲན་དཀར་པོ། བྱི་སྲན་ནག་པོ། གླ་བ་སྲད་མ། ཤེལ་ཕྲེང་སྲད་རིགས་དགུར་གསུངས་ཀྱང་ངོ་བོ་རང་ལུགས་ཁོངས་སུ་ཕལ་ཆེར་འགྲིག བྱི་རུག་སེར་པོ་སྟག་མཇུག་མཆོག བྱི་རུག་ནག་པོ་གཟིག་མཇུག་དང༌། བྱི་རུག་སྨུག་པོ་ཁྱི་མཇུག་དམན་པ། མཚེ་འབྲས་བུ་ཡོད་པ་ལུག་མཚེ། མཚེ་འབྲས་བུ་མེད་པ་ར་མཚེ། བྲེ་ག རི་སྐྱེས་སྐྲ་བཟང༌། ཀླུང་སྐྱེས་ལུག་ངལ། ཟངས་རྩི་དཀར་པོ་རིགས་གཉིས། ཟངས་རྩི་ནག་པོ། རྙ་ལོ། ཀླུང་ཤོ་རིགས་གཉིས། ཆུ་ཤོ་རིགས་གཉིས། ལུག་ཤོ། རྒྱ་ཤོ། རི་ཤོ་ཀྲོ་ཏ་ཆེ་ཆུང་གཉིས་སམ་ལ་ཁར་སྐྱེ་བ་རི་ཤོ། ན་འདམ་ལས་སྐྱེས་པ་ན་ཤོ་ཟེར། པ་ཡག་རྩ་བ། དེའི་འབྲས་བུ་ཆེ་བ་ལ་གཡག་སྙིང༌། ཆུང་བ་ལ་ལུག་སྙིང་ཟེར། བྱིའུ་ལ་ཕུག་རྒོད་པའམ་མཆོག བྱིའུ་ལ་ཕུག་གཡུང་བའམ་དམན་པ། བྱིའུ་སྟར་ཁ་མཆོག བྱིའུ་སྟར་ཁ་དམན་པ། བྱིའུ་ཤིང་མངར་མཆོག བྱིའུ་ཤིང་མངར་དམན་པ། བྱིའུ་རྒུན་འབྲུམ། ཨུག་ཆོས་དམར་པོ་མཛོ་མོའི་རོ་རོག  ཨུག་ཆོས་དཀར་པོ། ཨུག་ཆོས་སེར་པོ་སྙན་ཆ་ཁྲོལ་པོ་དེ་གསུམ་མེ་ཏོག་གིས་ཀྱང་ཤེས། སྐྱི་བ། འབྲས་བུར་ངང་པ་ཆིག་ཐུབ་ཟེར། ས་རྫི་ཀ སྔོ་སུག་མཆོག་སྒོ་བཟང༌། སྔོ་སུག་དམན་པ་སྒོ་ངན། རྐང་དང་ལོ་མ་ཕྲ་བ་ར་སུག རྐང་དང་ལོ་མ་སྦོམ་པ་ལུག་སུག བྱ་རྒོད་སུག་པ། རི་སུག་བཅས་རིགས་ལྔ་རོ་དང་དྲིས་ཀྱང་ཤེས། ལྕེ་ཚ་མཆོག་གམ་མོ་རིགས། ལྕེ་ཚ་དམན་པའམ་ཕོ་རིགས། དབྱི་མོང་དཀར་པོ། དབྱི་མོང་ཁྲ་བོ། དབྱི་མོང་ནག་པོ། མེ་ཏོག་དཀར་པོ་ཤར་བ་བ་ལུ་དཀར་པོ། མེ་ཏོག་དམར་པོ་ཤར་བ་བ་ལུ་ནག་པོ། བ་ལུ་དཀར་པོའི་མེ་ཏོག་དྭ་ལི་ཡིན། སུ་ལུ། གོ་སྙོད། གོ་འདྲ། ཐ་རམ་རིགས་གཉིས། ན་རམ། སྤང་རམ་མམ་མོན་བུ་ཡང་ཟེར། རི་སྐྱེས་བྱ་རྐང༌། ཀླུང་སྐྱེས་ལོ་བཙན། སོག་ཀ སྐམ་མམ་རི་སྐྱེས་དབང་ལག་མཆོག  ནང་གསེས་མཛུབ་མོ་དྲུག་ཡན་ཚོགས་བདག ལྔ་དབང་ལག་མཆོག བཞི་གནོད་སྦྱིན། གསུམ་གཉིས་དྲི་ཟ། གཅིག་ཐེའུ་རང་ལག་པ་རྣམས་རིམ་བཞིན་དམན་པ། ཀླུངས་སམ་ཆུ་སྐྱེས་དབང་ལག་དམན་པ། ནང་གསེས་མཛུབ་མོ་བཞི་ཡན་མཆོག གསུམ་མན་དམན་པ་སྟེ་ཐ་མའོ།། རི་སྐྱེས་སྤྱང་ཚེར་དཀར་པོ་མཆོག ཀླུང་སྐྱེས་སྤྱང་ཚེར་ནག་པོ་དམན་པ་གཉིས་བཅས་གསུམ། དུར་བྱིད་མཆོག དུར་བྱིད་དམན་པ། ཐར་ནུ། སྔོན་བུ་མཆོག སྔོན་བུ་དམན་པ་མྱ་ངན་མེ་ཏོག ཁྲོན་བུ། ལྕུམ་སྡོང་པོ་ཡོད་པ་ལྕུམ་ནག ལྕུམ་སྡོང་པོ་མེད་པ་ལྕུམ་དཀར། ཆུ་སྤུན་པའམ་ཆུ་ལྕུམ། ཐ་ཆུར་ཕོ། རྫ་ཆུར་མོ། མ་ནིང་ཆུ་ཆུར་སྒོ་བཟང༌། མ་ནིང་ཆུ་ཆུར་སྒོ་ངན། རེ་ལྕག་པ་ལ་མེ་ཏོག་དཀར་དམར་ནག་གསུམ་གྱི་དབྱེ་བ་ཡོད། རི་སྐྱེས་ལྕ་རྒོད་མཆོག ཀླུང་སྐྱེས་ལྕ་གཡུང་དམན་པ། བ་ལང་ལྕ་བ། བཟའ་ལྕ། ཉེ་ཤིང་ཚེར་མ་ཡོད་པ་ཕོ་ནུས་པ་ཆེ། ཚེར་མ་མེད་པ་མོ་ནུས་པ་ཆུང༌། རྩ་བ་སྦོམ་པ་བཟང༌། ཕྲ་བ་ངན། རྩ་བ་མེ་ཏོག་ལོ་མ་དཀར་བ་ལུག་མཉེ། རྩ་བ་ལོ་མ་ནག་ལ་སྡོང་པོ་སྨུག་པོ་མེ་ཏོག་དམར་པོ་ཡོད་པ་ར་མཉེ། ཨ་ཤོ་གནྡྷའམ་བ་སྤྲུ་མེ་ཏོག་དཀར་དམར་ཤར་བ་དཀར་པོ། དམར་ནག་ཤར་བ་བ་སྤྲུ་ནག་པོ། གཟེ་མ་ར་མགོ་ཚེར་མ་ཡོད་པ་ར་གཟེ། ཚེར་མ་མེད་པ་ལུག་གཟེ། རྩྭ་རམ་པའམ་དཱུར་ཝ་ཟོར་བ་ཞེས་པ་རམ་པའི་ཁ་ལོར་ཟེར། རྩྭ་བསེ་རུ། རྩྭ་པུ་ཤེལ་ཙི། འོད་ལྡན་རྒྱལ་པོ། དེའི་རྟོགས་བརྗོད་ལས། ང་ལ་ཡོན་ཏན་དཔག་མེད་ཡོད་མོད་ཀྱང༌།། འགྲོ་བ་ཀུན་གྱིས་མ་མཐོང་ཡི་རེ་མུག །བཅུད་ལྡན་མ་རྙེད་ཡོངས་རྣམས་སྙིང་རེ་རྗེ།། ཞེས་ཟེར་ཏེ་རྟག་ཏུ་ངུས་པས་བདུད་རྩི་རྟག་ངུར་ཡང་གྲགས་པ་དེང་སང་ལྷོ་བྲག་མཁར་ཆུ་ནས་འོང༌། འཇམ་དབྱངས་རྟག་ངུ༌། སྤྱན་གཟིགས་རྟག་ངུ༌། ཕྱག་རྡོར་རྟག་ངུ༌། ཀླུ་བདུད་རྡོ་རྗེ་མཆོག ཀླུ་བདུད་རྡོ་རྗེ་དམན་པ། སྤྲུ་དཀར། སྤྲུ་ནག སྤྲུ་སེར། འབྲུ་ལ་ཤུ་ཏི། མེ་ཏོག་གླང་སྣར་གྲགས་པ་ལ། ཁྱད་པར་དབྱེ་བ་ནི། ལྷ་གླང་སྒོར་ཆེར་དཀར་མདངས་ཆེ། འདྲེ་གླང་དམར་ནག་སྣ་རྒྱ་ཆུང༌། ཕོ་གླང་བོང་ཐུང་འདབ་མ་ཆེ། མོ་གླང་རིང་ལ་ཕྲ་འདབ་ཆུང༌། མ་ནིང་གླང་སྣ་རྐང་རིང་ཕྲ། རླན་ཆུང་བྱེ་མར་སྐྱེ་བའི་འབྲི་མོག་རྩ་བ་ཕྲ་ལ་རྩི་ཐུག་པ་འབྲི་རྒོད་དེ་བཟང༌། རྩ་བ་ཤིན་ཏུ་ཕྲ་ལ་མདོག་དང་ལྡན་པ་འབྲི་གཡུང༌། དེ་ལྡོག་རླན་ཅན་རྫ་བྲག་ཏུ་སྐྱེ་བ་ངན། འབྲི་རྫུད། སྤང་ཚན་སྤུ་རུ་ཞེས་པའི་བློན་པོ་དར་ཐོད་ཅན། བདུད་རྩི་གངས་ཤམ། ཁྲབ་ཅན་འཁོར་ལོ་བརྩེགས་པ་སོགས་མིང་གི་རྣམ་གྲངས་ཡིན་ནོ།། སྔོན་མོ་ཆབ་འདྲེན། ཆབ་འདྲེན་གཞོན་ནུ། ཟུར་ལུགས་ཆབ་འདྲེན། རྐྱལ་པ་ཆུ་ཐུབ། སྔོ་སྤྱི་ཞུར་རམ་བཻཌཱུརྱ། སྔོ་ག་དུར། སྔོ་ཆུ་སྲིན་སྡེར་མོ། སྔོ་དུག་མོ་ཉུང༌། སྔོ་ཏྲེ་ལེག སྔོ་སྒྲོ་ཤང་རྩེ། བྱར་པོ་པཎ་ཆེན་ལུགས་ཀྱི་ཤིང་སྐྱུ་རུ། བྱ་རོག་ནོར་བུ། ཀོན་པ་གབ་སྐྱེས་རི་ལ་སྐྱེས་པ་ཕོ། ཀོན་པ་གབ་སྐྱེས་ཀླུང་དུ་སྐྱེས་པ་མོ། པྲ་ཁ་པྲ་ཆུང༌། གསོར་ལྡེམ། མེ་མེད་དུ་བ་རྣམ་གསུམ་ནི། མེ་མེད་དུ་བ་འབྱུང་བ་ཕ་བ་དགོ་དགོ་དངུལ་ཀྱི་ལྦ་བ་འདྲ་ཞིང༌། མེ་མེད་དུ་བ་འབྱུང་བ་ཆུའི་བལ་ཏེ་ཉ་ལྕིབས་སམ་དུད་པ་བྱ་བལ་མ་ཡང་ཟེར། མེ་མེད་དུ་བ་འབྱུང་བ་ས་རྫི་ཀ་བཅས། ཤ་མོ་སེར་པོ། ཤ་མོ་དཀར་པོ། ཤ་མོ་སྨུག་པོ། ཤིང་གི་ཤ་མོ། ཀླུངས་སྐྱེས་ཤ་མོ། ལུད་སྐྱེས་ཤ་མོ། འདྲེ་ཤ་ཕ་བ་དགོ་དགོ་ཡང་ཤ་མོའི་གྲས་སོ།། ཕུར་དཀར། ཕུར་ནག་མཆོག  ཕུར་སྨུག་དམན་པ། ཡོག་མོ་དཀར་པོ། ཡོག་མོ་ནག་པོ། ཤང་ཚེ་དཀར་པོ། སྐྱེ་ཚེ་ནག་པོ། འུ་སུ་དཀར་པོ། འུ་སུ་ནག་པོ་གཙང་ཤོད་ཀྱི་ལྡུམ་རར་སྐྱེ་བ་གོང་འདྲ་མེ་ཏོག་སེར་པོ་དྲི་ངད་ཆེ་བ་ཤེལ་ཕྲེང་ཤུ་ཏི་ར་བཞེད། གཟའ་བདུད་དཀར་པོ། གཟའ་བདུད་ནག་པོ། སྒ་ཏིག་སྨུག་པོ། སྒ་ཏིག་ནག་པོ། དྲི་བཟང་གནྡྷ་བྷ་དྲ་དཀར་པོ། དྲི་བཟང་གནྡྷ་བྷ་དྲ་སེར་པོ། སྤྲ་རྒོད། སྤྲ་གཡུང༌། བདུད་རྩི་སྤུན་བཞི་ནི། ཁུར་དཀར། ཁུར་ནག རྒྱ་ཁུར། སྐྱབས་ཞེས་པའི་ཝ་ཁུར་རོ།། ཤེལ་ཕྲེང་པ་ཏོ་ལ། མེ་ཏོག་གི་དབྱེ་བས་ཚན་དཀར། ཚན་དམར། ཚན་སེར། ཚན་ནག རྐང་སྦོམ་ལོ་མ་ནག་མཐུག ཚན་ཨའུ་རྩི་ལོ་མ་ཚེར་ཕྲན་ཡོད་པ་ཟུར་གསུམ་མེ་ཏོག་སེར་པོ། ཚན་བྱི་མཇུག་མ་དཀར་པོ་རྩ་བ་བྱི་མཇུག་འདྲ་ཞིང༌། ཚན་དམར་རམ་རྩ་བ་གླ་སྒང་དམན་པ་དེས་ཀྱང་མི་ཚད་པའི་ཚན་རིགས་མང་ངོ༌།། ཡོག་ཆེན། ཡོག་ཆུང༌། སྟག་ཚེར། སྟག་ཆུང༌། བྱི་བཟུང༌། ཁུ་བྱུག་རྩ་ལྗང༌། ཁུ་བྱུག་རྫི་འོག མ་མ་སྒོ་ལྕགས། མ་མ་རྒྱས་རྒྱས། སྨྱུག་སྔོན། སྨྱུག་མ་གཞོན་ནུ། འོལ་མོ་སེ། མ་ནུ་པ་ཏྲ། རྩེ་མོ་འབྲས་ལྗང་འདྲ་བ་རྩ་བ་ཤུ་དག་ནག་པོ་མཆོག སཱ་ལུ་ལྗང་པའམ་རྩ་བ་ཤུ་དག་དཀར་པོ་དམན་པ། སྔོ་སྒ་ཤེལ་ཕྲེང་ནས་རིགས་གསུམ་བཤད། རི་བོང་བཅའ་ཡོས། བྲེ་གུ་སེར་ཐིག་ལོ་མའི་ཕྱི་ནང་སེར་ཐིག་ཅན། པོ་པོ་རི་ཇ། བོང་མེད། ཟིལ་པ་རིགས་བདུན་ཡོད་ཀྱང་གཙོ་མོ་གཉིས་ནི་མེ་ཏོག་སྔོ་ཕྲ་ཅན། ག་བུར་ཟིལ་གནོན་ཏེ་རྒོད་པ་དང༌། འདིར་སྟོང་རི་ཟིལ་པ་ལོ་རྩེར་ཚེར་ཕྲན་ཡོད་པ་མེ་ཏོག་སེར་ཕྲ་ཅན་གཡུང་བའོ།། བོད་སྐྱེས་བ་ཤ་ཀ བ་རྫུད། བོང་དཀར། ཟུར་ལུགས་བོང་དཀར། བོང་ང་ནག་པོར་རྩ་བ་ཡན་ལག་གི་དུག་སོགས་ཁ་དོག་དབྱེ་བ་དཀར་སེར་དམར་སྔོ་ནག་པོ་ཡོད་ཀྱང་རྩ་བའི་བཅད་ཁ་དཀར་བ་དང་མེ་ཏོག་སྔོ་སྐྱ་སྔོན་པོ་ཤར་བ་ར་དུག་གམ་འཛིན་པ། བདུད་རྩི་ལོ་མ། རྩ་བའི་བཅད་ཁ་སེར་པོ་དང༌། མེ་ཏོག་དམར་ནག་ཤར་བ་བཙན་དུག་གམ། དཔའ་ཆེན། འབྲི་ཚིལ་མ། རྩ་བའི་བཅད་ཁ་ནག་གམ་ཕྱི་ནག་པ་དང་མེ་ཏོག་སྔོ་ནག་སྔོ་སེར་ཤར་བ་བོང་ནག་གམ། ཧ་ལ་བི་ཥ་ནག་པོའང་ཟེར། ཡང་འཛིན་དཀར་རྩ་བ་ཕྲ་ལ་དཀར་བ་ཞིག་སྟོད་ནས་འོང༌། སྤྱང་དུག་ལོ་སྡོང་སྐྱ་སོབ་ཅན་དང༌། སྤྱང་དུག་དངོས་ནི་མེ་ཏོག་དམར་ནག་ཁ་ཐུར་དུ་འཕྱང་བ་ལོ་རྒྱབ་འབྲུམ་ཅན་དེའོ།། ཟུར་ལུགས་སྤྱང་དུག་པ། ཤེལ་ཕྲེང་ར་དུག་དམར་པོ། རྒྱ་རྩི་དུག་ལོ། རི་སྐྱེས་ཟྭ་རྒོད་མཆོག ཀླུང་སྐྱེས་ཟྭ་གཡུང་དམན་པ། ཟྭ་འདྲའམ་ཕག་དུག མིང་ཅན་ནག་པོ་མཆོག མིང་ཅན་ནག་པོ་དམན་པ། མིང་ཅན་སེར་པོ། ཁྲག་ཁྲོག་མཆོག ཁྲག་ཁྲོག་དམན་པ། རྒྱུ་མཁྲིས་མཆོག རྒྱུ་མཁྲིས་དམན་པ། གྲོག་ཤིང་མཆོད་རྟེན་ལྷ་ཁང་ལྡེབས་སུ་སྐྱེ་བ་མཆོག དེ་མིན་གང་དུ་སྐྱེ་བའི་གྲོག་ཤིང་དམན་པ། སྒྲོ་དཀར་མཆོག སྒྲོ་སྨུག་དམན་པ། ཤིང་མངར་མཆོག འདྲེ་ཚེར་མའམ་རྩ་བ་ཤིང་མངར་དམན་པ། ཚར་པ་དཀར་པོ། ཚར་པ་ནག་པོ། སྤེན་མ་དཀར་པོ། སྤེན་མ་ནག་པོ། སྤེན་ཆུང་མཐོ་གང་པ། སྨྱག་ཤད་ཅེས་པའི་དམར་ཤད། འབྲས་དོར་མ། སྤ་མ། དེའི་འབྲས་བུ། སྣེ་རྒོད། སྣེ་གཡུང༌། རྒྱ་སྣེ་དམར་པོ། བོད་སྣེ་འདྲ་བའི་རྒྱ་སྣེ། མོན་སྣེ་དམར་པོ། བཙོང་སྒོག་གམ་སྒོག་སྔོན་ཡང་ཟེར། སྒོག་སྐྱ་རྩ་བ་རྡོག་པོ་ཆིག་འདྲིལ་མཆོག རྩ་བ་ལྷུ་མང་བ་དམན་པ། སྒོག་སྔོན་རི་སྒོག་ལ་རིགས་བདུན་ཏེ། སྒོག་པ་ཤ་རྩི་མཆོག སྒོག་པ་ཤ་རྩི་དམན་པ། སྒོག་པ་འཛིམ་དཀར། སྒོག་པ་འཛིམ་ནག རྒྱ་ཞེས་པའི་གྲུ་གུ། སྒོག་པ་ཐུལ་པ། སྒོག་པ་རུག་པ། ཐུལ་པའི་ཚབ་ཏུ་བྱིའུ་སྒོག་པ་བཅས་ཀྱིས་ཤེལ་ཕྲེང་སྒོག་རིགས་བདུན་ཀྱང་འགྲིགས། སྒོག་རྫས་ཕོ་བ་རིས། དུག་གཟེར། ཐ་སྤྲིན། རྐྱང་གཤོག་པ། ཤང་དྲིལ་ལོ་མ་ཕྱི་དྲིལ། ཤང་དྲིལ་ལོ་མ་ནང་དྲིལ། ཨ་བྷི་ར། ཛ་བྷི་ར། ཛཱ་ཏྲི་ཀ ཟི་ར་དཀར་པོ་ལོ་མ་ཕྲ་ཉག་མེ་ཏོག་དཀར་པོ་ཅན། ལོ་སྡོང་གོང་འདྲ་མེ་ཏོག་སེར་པོ་ཤར་བ་ཟི་ར་སེར་པོ། བོད་སྐྱེས་ཟི་ར་སེར་པོ། བོད་སྐྱེས་ཟི་ར་ནག་པོ། བོད་སྐྱེས་ལ་ལ་ཕུད། བོད་སྐྱེས་སོ་མ་ར་ཛའམ་སྲོ་ནག་ལྡུམ་རར་སྐྱེ། རི་ཁམ། ཀླུང་ཁམ་སྟེ་རྒྱ་ཁམ། ལོ་གསུམ་ཁམ་བུ། བོད་ཁམ། མོན་ཁམ། མངར་ཁམ། ལྕེ་ལེ། ལོ་བདུན་མའམ་སྟར་གར་བཟང་ངན་གཉིས། རྒྱ་གར་སྟར་ག ཀ་ར་ཀུ་ཤུ། གོ་བ་ཀུ་ཤུ། ལྕོག་དཀར། ལྕོག་ནག རྒྱ་ལྕང༌། སྐྱེ་ཡགས། ལྕང་ནག་མ། ཡོ་འབོག སྦྱར་པ། གླང་མ་དཀར་པོ། གླང་མ་ནག་པོ། གླ་བ་ཤིང་དཀར་པོ། གླ་བ་ཤིང་ནག་པོ། སེ་འབྲུའི་ཤིང༌། སེ་ཡབ་ཤིང༌། ཚ་ལུམ་ཤིང༌། ཆི་ཕ་ཁའི་ཤིང༌། དྭགས་པོ་རྒུན་འབྲུམ། སྐྲག་པ་ཤིང་ཕོ། སྐྲག་པ་ཤིང་མོ། བྷོ་དྷི་རྩིའི་ཤིང༌། བེ་ནག གསོམ་ཐང་ཤིང༌། ཐང་མ་སྒྲོན་ཤིང༌། གསོམ་ཤིང༌། ཙན་དན་སེང་ལྡེང༌། སྐྱེར་པ་སེང་ལྡེང༌། གསོམ་སེང་ལྡེང༌། སུ་རུ་ཙན་དན། ཁྲེག་པ་ཤིང༌། བསེ་ཤིང་དཀར་ནག སྟག་མ། ན་ལེ་ཤམ་ནག་པོའམ་ཕོ་བ་རིས་ཀྱི་ཤིང༌། རྒྱལ་པོ་ཤིང༌། ཤོག་ཤིང༌། ཟན་འདྲའམ་སྤོས་རྩི། གཡེར་མའི་ཤིང༌། འབྲུག་ཤིང༌། འོ་སེའི་ཤིང༌། ཁྱི་ཤིང༌། ཇ་ཤིང༌། དར་ཤིང༌། ལ་ཕུག་གཞོན་ནུ་མཆོག དེ་མིན་ལ་ཕུག་དམན་པ། ལ་རྒན་ནམ་ནར་སོན་ཐ་མ། ལབ་སོན། ཆར་ཉུང་མཆོག དེ་མིན་ཉུང་མ་དམན་པ། ཉུང་རྒན་ནར་སོན་ཐ་མ། ཉུང་སོན་འོ་ལུ། ཙི་ཏྲ་ཀ་སྟེ་སི་པན་རོའི་དབང་གིས་བཟང་ངན་ཁྱད་པར་ཆེའོ།། འབྲས། ཁྲེ། ཁྲེ་རྒོད། ཁྲ་མ། ཟུར་ལུགས་ཁྲ་མ། ཙི་ཙི། ནས་དཀར། ནས་སྔོན། ནས་ནག ནས་དཀྱུས། སྨྱིག་ནས། ནས་རྒོད། སོ་བ། སྲེ་ད། བོད་སྲན་དཀར་པོ། སྲན་གཞན་དཀྱུས་མ། སྲན་མ་རིལ་མོ། སྲན་ཆུང༌། མོན་སྲན་དཀར་པོ། མོན་གྱི་སྲན་རིལ། མོན་སྲན་གྲེའུ་འམ་མ་ཤ བལ་སྲན། རྒྱ་སྲན་དཀར་པོ། རྒྱ་སྲན་ནག་པོ། ཏིལ་དཀར། ཏིལ་ནག རྒྱལ་པོ་ཡུངས་དཀར། ཡུངས་དཀར་དཀྱུས་མ། ཡུངས་ནག  མ་བཏབ་ཡུངས་ནག ཟར་མ་མཆོག ཟར་མ་དམན་པ། རྒྱ་བྲ། བྲའུ། མ་བཏབ་བྲའུ། ཨ་ཤོང་པ་ཏྲའམ་མ་རྨོས་པའི་ལོ་ཏོག རྒྱལ་མཚན་བཀྲ་ཤིས་དགུ་བརྩེགས་རྣམས་སོ།། བཅད་འབྱོར་ཞེས་ཁྱད་ཆོས་ཀྱི་ཆེ་མིང་དུ་གྲགས་པ་དེ་ལས་ཕོ་རིགས་རྣམ་པ་བཅུ་གཉིས་ནི། སྦྲུལ་དུག་བཅད་འབྱོར་ཡུ་གུ་ཤིང༌། འུག་པ་བཅད་འབྱོར་སྟག་ཤ བ་གླང་བཅད་འབྱོར་རྒུ་དྲུས། འཕྱི་བ་བཅད་འབྱོར་བྲག་ལྕམ། ཤ་བ་བཅད་འབྱོར་ཡུ་མོ་མདེའུ་འབྱིན། ཅོ་ག་བཅད་འབྱོར་འབུ་སུ་ཧང༌། གོང་མོ་བཅད་འབྱོར་གངྒཱ་ཆུང༌། ཐང་དཀར་བཅད་འབྱོར་བྲག་སྤོས། སྤྲེའུ་བཅད་འབྱོར་བོང་དཀར། ཉ་བཅད་འབྱོར་ཆུ་ལོ། བྱ་རོག་བཅད་འབྱོར་ཆུ་ཚན། སྤྲེལ་རྒན་བཅད་འབྱོར་ལྡུམ་བུ་ལྕགས་གཅོད་ཁ་ཅིག་འོམ་བུར་ཟེར་རྣམས་སོ།། མོ་རིགས་བྱ་བཅད་འབྱོར་གསང་བ་སྨན་གཅིག ཉི་མ་བཅད་འབྱོར་ཁུར་མང༌། ཕག་ཟེ་བཅད་འབྱོར་ཨ་ཝ། ནག་པོ་བཅད་འབྱོར་དོམ་མཁྲིས་བཅས་བཞིའོ།། བཅད་འབྱོར་གསུམ་ནི། ཡུ་གུ་ཤིང༌། སྟག་ཤ་ནག་པོ། རྒུ་དྲུས་སོ།། རྒྱུད་འགྲེལ་ཆེན་མོར། ཡུ་གུ་ཤིང་དང་བོང་དཀར་ལ་སྦྲུལ་བཅད་འབྱོར་ཉིས་ཟློས་དང༌། བྲག་སྤོས་ལ་སྤྲེའུ་བཅད་འབྱོར་ཞེས་འཁོད་པ་ནི། ཡིག་སྐྱོན་འདྲ་ཞིང༌། ཐང་དཀར་བྲག་སྤོས་དང་ཡུ་མོ་ཟ་སྤྲེའུ་བོང་དཀར་ལ་བྱེད་པ་ཤེལ་ཕྲེང་ནས་ཀྱང་བཤད་ཡོད་དོ།། བུ་མོ་སྤུན་བདུན་གྱི་རྟོགས་བརྗོད་ནི། སྟོང་ཟིལ་གཡའ་ཀྱི་གང་ཆུང་ཧོང་ལེན་དང༌།། སུམ་ཏིག་བོང་དཀར་སྤང་རྩི་དོ་བོ་སྟེ།། འདི་ལ་སྔོ་ཡི་བུ་མོ་སྤུན་བདུན་ཟེར།། རིགས་བདུན་སྤུན་གྲངས་ཡོན་ཏན་བསམ་མི་ཁྱབ།། དེ་ཡང་སྟོང་ཟིལ་ན་རེ། གངས་ཞོལ་ཆུ་བསིལ་གྱིས་བསྐྲུན་སྟོང་ཟིལ་པ།། རིགས་བདུན་གཡུ་འདབ་མཛེས་པའི་ལན་ཚར་ལ།། རིན་ཆེན་སྣ་ལྔའི་མེ་ཏོག་ཚོམ་བུས་མཛེས།། བསིལ་ནུས་ཚད་རིམས་སེལ་བའི་གཙོ་མོ་ལགས།། གཡའ་ཀྱི་མ་ན་རེ། གཡའ་གངས་ལྷ་ལྗོངས་འཛིན་པའི་ཟླ་བསིལ་ང༌།། ལོ་འདབ་གསེར་གྱི་པ་ཏྲ་འཁྱིལ་བ་ལ།། མེ་ཏོག་རིན་ཆེན་སྣ་ལྔའི་རྒྱན་གྱིས་མཛེས།། ཁ་བསིལ་མཁྲིས་ཚད་ཞི་སྦྱོང་གཙོ་མོ་ལགས།། གང་ཆུང་ན་རེ། གངས་ཅན་གཡའ་ཤག་འཛིན་པའི་གངྒཱ་ཆུང༌།། ཟུར་བཞི་མཆོད་རྟེན་བརྩེགས་པའི་རྩེ་མོ་ལ།། རབ་མཛེས་ཨུཏྤལ་དགོད་པའི་ཆུན་པོས་བརྒྱན།། དུག་ཚད་འཁྲུ་བ་འཇོམས་པའི་གཙོ་མོ་ལགས།། ཧོང་ལེན་ན་རེ། གཡའ་སྤང་རྫ་མཐོ་འགྲིམས་པའི་གཡའ་རུག་པ།། ཟངས་ལུས་ལོ་འདབ་གཡུ་ཡི་རལ་གྲི་ལ།། མཆོང་གི་མེ་ཏོག་ལྷ་བྱའི་སྡེར་མོ་ཅན།། ཆུ་འཐུང་ཁྲག་འཁྲུགས་སེལ་བའི་གཙོ་མོ་ལགས།། སུམ་ཏིག་ན་རེ། བསིལ་གནས་བྲག་ལྗོངས་འཛིན་པའི་སུམ་ཅུ་ཏིག །པད་གདན་ཟངས་གོས་གསེར་གྱི་ཕྲེང་བས་བརྒྱན།། རིགས་ལྔའི་ནུ་བོར་བཅས་པའི་བདུད་རྩི་དང༌།། མཁྲིས་ཚད་རྩད་ནས་གཅོད་པའི་གཙོ་མོ་ལགས།། བོང་དཀར་ན་རེ། གངས་འདབ་བསིལ་ལྗོངས་འཛིན་པའི་བོང་དཀར་ང༌།། དུང་རྩ་གླང་ཆེན་གཞོན་ནུའི་མཆེ་བ་ལ།། གཡུ་ལོ་མེ་ཏོག་ནོར་བུ་བཻཌཱུརྱ།། དུག་དང་མཁྲིས་ཚད་སེལ་བའི་གཙོ་མོ་ལགས།། སྤང་རྩི་དོ་བོ་ན་རེ། རི་མཐོ་སྤང་ལྗོངས་འཛིན་པའི་དོ་བོ་ང༌།། མཆོང་སྐྲ་གཡུ་གོས་དུང་གི་རྐང་པ་ཅན།། རིམས་དུག་ཚ་བ་གསར་རྙིང་དྲེག་གྲུམ་དང༌།། ཁྲག་འཁྲུགས་རྒྱུ་གཟེར་འཇོམས་པའི་གཙོ་མོ་ལགས།། སླར་མགྲིན་གཅིག་ཏུ་བདུན་ཁའི་ནུས་པ་དྲིལ་ཏེ་གླུ་དབྱངས་བླང་པ། ཀྱེ་མ་སྙིགས་མའི་སེམས་ཅན་ནད་གདོན་མང༌།། ཚ་བའི་ནད་དར་སྣ་མང་འཁྲུ་བོ་ཆེ།། ནུས་ཅན་རིན་ཆེན་དབུལ་ཕོངས་སྤྱོད་ཡུལ་མིན།། ཀུན་ཏུ་རྙེད་སླ་ཕན་ཆེ་སྤུན་བདུན་ལགས།། ཞེས་གསུངས་སོ།། དེ་ལྟར་སྨན་སྔོ་རྣམས་རྫོགས་མཐར་གོང་གསལ་རི་ཤོ་ཆེ་ལེགས་ཤིག་བསྒྲིགས་ཡོད་པ་དེ་ལ་སྐད་སྙན་མཐོན་པོས་འདི་ལྟར་བརྗོད་དགོས། རི་ཤོ་ཀྲོ་ཏ། དགེ་འདུན་སྐྱེས། དཀར་པོ་ཡར་འདྲེན་ཡིན་ནོ།། ལྷ་རྒྱལ་ལོ།།

འདིར་རྒྱ་མོན་སོགས་ཡུལ་གཞན་དུ་ཡོད་པའི་སྨན་འགའ་ཞིག་ཀྱང་བརྗོད་པ་བཞིན་ཕྱོགས་འདིར་བཏབ་ན་སྐྱེ་བའི་རིགས་དང༌། སོན་པ་སོགས་སྨན་ངོ་བསྒྲིགས་སྲོལ་ཡོད་པས། འདིར་གསལ་ཁ་མེད་རིགས་འཁྲུངས་དཔེ་རྒྱ་ཆེར་ལྟ་རྟོག་གིས་དོན་དུ་ངོས་འཛིན་སྐབས་མ་འཁྲུལ་པ་ཞིག་ངེས་པར་དགོས་པ་ལགས་སོ།།

སླར་སྨྲས་པ། གཉེན་པོ་བཞི་ལས་བདུད་རྩི་སྨན།། དེ་ཡི་ཡ་གྱལ་ལྡུམ་ཤིང་གི།། མིང་རྐྱང་འཁྲུངས་དཔེ་མདོར་བསྡུས་ཀྱང༌།། འདི་ཡིས་མ་ཁྱབ་གསོ་བྱེད་མེད།། མི་དབང་པིཏ་ནས་བཟུང༌།། འཚོ་མཛད་དྲང་སྲོང་བརྒྱུད་བཅས་ཀྱི།། ཕྱག་བཞེས་ཉམས་མེད་གངྒཱའི་ཀླུང༌།། ངལ་བ་མེད་པ་འདི་ན་ཕབ།། ཨེ་མ་འགྲོ་བའི་ངོ་མཚར་ནོར།  །རྟག་ཏུ་གཡོ་མེད་ཕན་བདེའི་གསོས།། ལེགས་བཤད་ཟླ་བ་འདི་མཐོང་ན།། རི་བོང་འཛིན་པ་གཞན་གྱིས་ཅི།། རྨད་བྱུང་བསོད་ནམས་འོ་མའི་མཚོ།། ལྷག་བསམ་ལྷུན་པོས་བསྲུབས་སྐྱེས་ལས།། དགེ་ལེགས་འོད་སྟོང་འབར་བའི་གཟིས།། གསོ་དཔྱད་ཉིན་མོར་བྱེད་པར་ཤོག།

ཅེས་འཕགས་པ་འཇིག་རྟེན་གསུམ་གྱི་མགོན་པོའི་སྐུ་བཅར་གངས་ཅན་སྨན་པའི་གཙུག་ནོར་ྋམི་རྗེ་སྤྱི་མཁན་བྱམས་པའི་མཚན་ཅན་གྱི་སློབ་འབངས་ཐ་ཤལ་རྩེད་ལྔའི་གྲྭ་རྒྱུན་འབྲས་སྨན་སྦྱིན་པ་མཁྱེན་རབ་ནོར་བུར་འབོད་པས་འཁྲུངས་དཔེ་འཚོ་བྱེད་སྙིང་ནོར་གྱི་མདོ་དོན་ཚུལ་དུ་རབ་ཚེས་ཤིང་ཡོས་ཆུ་སྟོད་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་ལ་ལེགས་པར་བཏུས་པ་འདིས་ཀྱང་སྨན་རྣམས་ཚ་གྲང་མ་འདྲེས་པ་ཞིབ་ཏུ་རྟོགས་ནས་བྲོ་འཚལ་བ་རིས་སུ་མ་ཆད་པའི་ཟུག་རྔུ་ཐོགས་མེད་དུ་སེལ་བའི་རྒྱུར་གྱུར་ཅིག།

སརྦ་མངྒལཾ།།  །།



མཐའ་མའི་འདོན་ཐེངས་།: 16.08.2022 ཉིན། 10:21 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།