སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ།

སྔོ་སྦྱོར་ཉམས་ཞིབ་སྡེ་ཚན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 13.04.2016
སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>
<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>

སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གྱི་འཕེལ་རིམ་དང་གནས་བབས།

འགན་འཛིན་དང་པོའི་སྐབས།

འགན་འཛིན་ངོ་སྤྲོད།
སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་དང་པོ་སྨན་རམས་པ་ལྷ་དབང་ལགས་དམ་པ་དེ་ཉིད་ཕྱི་ལོ་༡༩༦༡ལོར་དྷ་ས་དབུས་སྨན་རྩིས་ཁང་གི་སྐབས་དང་པོའི་སྨན་པའི་སློབ་ཕྲུག་ཡིན་ལ།སྨན་སློབ་ཐོན་རྗེས་དབུས་སྨན་སྦྱོར་ཁང་དང་འཛིན་སྐྱོང་གི་བཀའ་བཀོད་བཞིན་བལ་ཡུལ་གློ་སྒྲིགས་འཛུགས་སུ་སྨན་པའི་འགན་ཁུར་ཞུས་པ་དང་ཆབས་ཅིག་བལ་ཡུལ་སྤོག་ར་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ཏུའང་སྐབས་སྐབས་སུ་ནད་པར་བརྟག་དཔྱད་སྨན་བཅོས་གནང་བས་གློ་སྒྲིགས་འཛུགས་དང་དེར་ཡོད་ཡུལ་མི་དང་བོད་མི་རྣམས་ལའང་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད།ཕྱི་ལོ་༡༩༨༢ཟླ་ཚེས་ནས་༡༩༨༦ཟླ་ཚེས་༣༠བར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཡན་ལག་སྨན་ཁང་དུ་སྨན་པའི་ལས་འགན་བཞེས།དེའི་རྗེས་དིལླི་ནི་ཛ་མུ་དིན་ཡན་ལག་སྨན་ཁང་དང་བལ་ཡུལ་ཀ་ཐ་མན་ཀྲུ་ཡན་ལག་སྨན་ཁང་སོགས་སུ་འགན་འཛིན་སྨན་པའི་ཕྱག་ལས་གནང༌།
 

ཕྱི་ལོ་༡༩༩༤ཟླ་བ་ལོ་ནས་དབུས་སྨན་རྩིས་ཁང་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གྱི་སྨན་པའི་འགན་འཁུར་རྐང་བཞེས་གནང་བ་དང༌།ཕྱི་ལོ ༡༩༩༨ཟླ་ཚེས་ནས་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་གནང་བ་ནས་ཕྱི་ལོ་༢༠༠༣ཟླ་ཚེས་༢༨བར་འགན་བཞེས་གནང༌།ཕྱི་ལོ་༢༠༠༣ཟླ་ཚེས་ནས་༢༠༠༥ཟླ་ཚེས་༣༠བར་སྡེ་ཚན་གྱི་འགན་འཛིན་སྨན་པ་ལྷ་དབང་ལགས་སྐུའི་བབ་དང་བསྟུན་སྡེ་ཚན་གྱི་སློབ་སྟོན་པའི་ལས་ཁུར་གནང༌།ཕྱི་ལོ་༢༠༠༥ཟླ་ཚེས་ ནས་ཆོད་གན་ཐོག་སློབ་སྟོན་པར་མུ་མཐུད་བསྐོ་བཞག་གནང༌། ཕྱི་ལོ་ ༢༠༠༧ ཟླ་ཚེས་ནས་བསྐྱར་དུ་ལོ་གཅིག་རིང་ཆོད་གན་ཐོག་ལས་འགན་རང་བཇགས་བསྐོ་བཞག་གནང་འདུགསྨན་རམས་པ་ལྷ་དབང་ལགས་དམ་པ་དེ་ཉིད་ཕྱི་ལོ་༡༩༦༡ནས་སྨན་སྦྱིན་སློབ་ཁང་དུ་འཛུལ་ཞུགས་གནང་བ་ནས་ཕྱི་ལོ་༢༠༠༨བར་ཏེ་ཞབས་ལོ་བཞི་བཅུ་ལྷག་གི་རིང་སྨན་རྩིས་ཁང་དུ་ལྷག་བསམ་གཡོ་མེད་ཀྱི་རང་འཁྲིའི་ཞུ་སྒོ་རྣམས་འཐུས་ཚང་དང་ལེགས་སྒྲུབ་གནང་ཡོད་ཅིང་། ཕྱི་ལོ་༢༠༠༨ལོར་སྐུའི་འཕེན་པ་རྫོགས་ཡོད་།དམ་པ་དེ་ཉིད་ཀྱིས་མི་ཚེ་ཧྲིལ་བོ་སྨན་རྩིས་ཁང་ལ་ཞབས་ཞུ་ཞུས་ཡོད་པར་བརྟེན་བོད་གཞུང་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོའི་ཉིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་མི་ཚེ་ཧྲིལ་བོར་ཞབས་འདེགས་སྒྲུབ་པའི་ལེགས་གསོལ་བྱ་དགའ་དེ་བཞིན་ཁོང་གི་སྐུ་ཟླ་ཨ་ཅག་ཀུན་འཛོམས་བཟང་མོ་ལ་གནང་ཡོད།
 
སྡེ་ཚན་གྱི་གནས་བབ་སྤྱི།
སྡེ་ཚན་འདི་ཡང་ཕྱི་ལོ་༡༩༨༠ཙམ་ནས་ཉམས་ཞིབ་སྤྱི་ཡོངས་ཀྱི་གནས་བབ་འོག་ཐོན་རྫས་ཁ་ཤས་ལ་ཚོད་ལྟའི་ལས་གཞི་མགོ་འཛུགས་ཀྱིས་རིམ་པས་འཕེལ་རྒྱས་བྱུང་བ་ཞིག་ཡིན་ཞིང་།སྡེ་ཚན་འདིའི་ལས་འགན་གཙོ་བོ་ནི་བོད་ཀྱི་གསོ་བ་རིག་པའི་སྔོ་སྨན་གྱི་སྦྱོར་ཚུལ་ལག་ལེན་གཞི་རྩར་བཟུང་སྟེ་སྙིང་བཅུད་ཕབ་བཙགས་ཀྱིས་འགྲོ་བ་མིའི་ལུས་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་ཐོན་དངོས་འདྲ་མིན་སྦྱོར་བཟོ་བྱེད་སའི་སྡེ་ཚན་ཞིག་ཡིན།  སྡེ་ཚན་འདི་ནས་བཟོ་སྦྱོར་བྱས་པའི་ཐོན་དངོས་རྣམས་བོད་ལུགས་གསོ་བ་རིག་པའི་སྦྱོར་ཚུལ་གཅིག་བུ་གཞི་ལ་མ་བཞག་པར་དེང་གི་རིག་གསར་ལམ་ནས་ཀྱང་ལས་སྣོན་དང་བརྟག་དཔྱད་མཐར་ཕྱིན་གནང་སྟེ་ཐོན་དངོས་རེ་རེའི་ཕན་ནུས་དང་ཡུན་ཚད་སྤྱོད་ཚུལ་སོགས་དེང་གི་རྒྱལ་སྤྱིའི་ཐོན་རྫས་ཁྲིམས་ལུགས་དང་མཐུན་གང་ཐུབ་ཀྱིས་བཟོ་སྦྱོར་བྱེད་མུས་བཞིན་ཕྱི་ནང་མི་རིགས་ལ་དགེ་ཕན་གང་ཆེ་ཐོན་བཞིན་ཡོད་ལ།འཛམ་གླིང་ཡུལ་གྲུ་གང་ས་ནས་ཉོ་མཁན་ཡང་ལོ་རེ་ནས་ཇེ་མང་དུ་འགྲོ་བཞིན་ཡོད།སྡེ་ཚན་འདི་མགོ་བཙུགས་པ་ནས་ད་ལྟའི་བར་འགན་འཛིན་སྐབས་སོ་སོའི་རིང་ཡར་རྒྱས་གོང་འཕེལ་དང་གཞི་རྒྱ་ཆེ་རུ་ཇི་ལྟར་བཏང་ཡོད་མེད་གཤམ་གྱི་འགན་འཛིན་སོ་སོའི་སྐབས་ཀྱི་ཐོན་རྫས་སྣེ་གྲངས་དང་ཕོན་འབོར།སྡེ་ཚན་གྱི་ཆ་རྐྱེན་ལས་ཤེས་ཐུབ། འགན་འཛིན་འདིས་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གྱི་ལས་འགན་ཞུས་་རིང་ལོ་རེ་རེའི་ཐོན་དངོས་གསར་བཟོ་དང་ཐོན་དངོས་རྣམས་ཀྱི་ཕོན་འབོར་ནི་གཤམ་གསལ་རེའུ་མིག་ལྟར་ལགས་སོ།།
 
ལོ་དུས། ཐོན་དངོས་གསར་བཟོ། ཐོན་དངོས་སྤྱིའི་ཕོན་འབོར།
༡༩༩༥ ཤ་གསོས་པད་དཀར། ༤༣༧
༡༩༩༦ སྨན་ཇ། ༤༨༨༤༧
༡༩༩༧ རྨ་སྨན། གཉེར་དག སྟོབས་སྐྱེད་བཅུད་འདུས་རྒྱ་མཚོ། ༦༥༠༣༥
༡༩༩༨ བྱུག་སྣུམ་ཨ་གར་བདེ་སྟེར་དང་།  ཨ་རུ་ཡ་ཆམ་ཟླ་ཞུན།   པགས་བྱུང་སྦྲ་མ་ར། ༡༡༤༢༩༧
༡༩༩༩ སྨན་ཇ་ཇ་ཤིང་ལྔ་པ། རབ་དགའ་དབྱངས་འཛིན། ༡༣༨༨༧༩
༢༠༠༠ རླུང་མཁྲིས་བད་ཀན་སྨན་ཇ་དང་གཉེར་དག་ག་མོ་ལི། སྨན་སོགས་ལ་བླུག་སྣོད་ཀྲུབ་གསར་བཟོ་བྱས། ༡༡༠༥༣༡  
༢༠༠༡ རྩི་དྭངས་སྨན་མར་དང་། པགས་གསོས་ཕྱེ་མ། བྱུག་པ་བདེ་བྱེད། ༩༨༨༤༩
༢༠༠༢ ཚེ་འཕེལ་བདུད་རྩི། བློ་འཕེལ་བདུད་རྩི། ༡༡༤༧༨༩
 
གལ་ཆེའི་ལས་གཞི།
ཕྱི་ལོ་༡༩༩༤ཟླ་བ་ནང་སྨན་རྩིས་ཁང་ཉམས་ཞིབ་སྡེ་ཚན་གྱི་དངོས་བཟོ་ཁང་གསར་འཛུགས་གནང་བ་དང་ལོ་འདིར་ཐོག་མར་ཤ་གསོས་པད་དཀར་མཛེས་གསལ་འདི་ཉིད་ལ་ཚོད་ལྟ་རིམ་པར་གནང་སྟེ།ཕྱི་ལོ ༡༩༩༥ལོའི་ནང་ཤ་གསོས་ཤེལ་དམ་གྲངས༤༣༧བཟོ་སྐྲུན་ཞུས་ཏེ་གང་ལེགས་བྱུང་།དེ་ནས་རིམ་པས་ཐོན་སྐྱེད་མང་དུ་གཏོང་གནང༌མཛད་པའི་ཆེད་དབུ་འཛིན་དང་།ཉམས་ཞིབ་འགན་འཛིན་༸སྐུའི་བླ་སྨན་པ་བསྟན་འཛིན་ཆོས་གྲགས།རྣམ་རྒྱལ་ཁྱུ་སར་བཅས་རྒྱ་གར་གྱི་ཇའི་བཟོ་གྲྭར་བལྟ་སྐོར་དང༌།སྔོ་སྨན་ཁོ་ནའི་སྨན་ཇའི་ཉམས་ཞིབ་དང་ཚོད་ལྟ་ཐེངས་ཁ་ཤས་གནང་བར་སྨན་ཇའི་བྲོ་བ་དང་སྤུས་སོགས་ཡག་པོ་བྱུང་བས་རིམ་གྱིས་འཕེལ་རྒྱས་སོང་བའི་ནང་འཕྲུལ་འཁོར་ལ་བརྟེན་ནས་སྨན་ཇའི་སྦྱོར་བཟོ་གཅིག་ལ་བླུག་སྣོད་མི་འདྲ་བ་གཉིས་བྱས་ཏེ་བཟོ་སྐྲུན་གྱིས་ཚོང་འགྲེམས་བྱ་རྒྱུ་མགོ་འཛུགས་བྱས་ཏེ་ཕྱིར་ཚོང་ཁང་དང་ཡན་ལག་སྨན་ཁང༌།རིམ་པས་ཕྱི་རྒྱལ་ཁག་བཅས་ལ་འགྲེམས་སྤེལ་ཞུས།སྨན་ཇ་འདི་བོད་གྱི་གསོ་བ་རིག་པའི་སྔོ་སྦྱོར་ཁོ་ན་ལས་བཟོ་སྐྲུན་ཞུས་པར་བརྟེན་ད་ལྟའི་བར་གྲུབ་འབྲས་གང་ལེགས་བྱུང་ཡོད་པས།དེས་གསོ་རིག་ཐོན་དངོས་ལ་དོ་སྣང་གསར་པ་ཞིག་བསྐྲུན་ཡོད།

གོང་གི་ཤ་གསོས་པད་དཀར་དེ་ཕྱི་ལོ་༡༩༩༧ལོ་ནས་རིམས་པས་སྤུས་ཀ་ལེགས་སུ་གཏོང་བ་དང་གྲངས་འབོར་སོགས་རྒྱ་ཆེར་འགྲེམས་སྤེལ་དང་ཚོང་བསྒྱུར་དངོས་སུ་བྱེད་ཐུབ་པ་བྱུང་ཡོད།དེ་ནས་སྟོབས་བསྐྱེད་བཅུད་འདུས་རྒྱ་མཚོ་དང་གསོ་རིག་རྨ་སྨན་རབ་འབྱོར་རྣམ་རྒྱལ་སོགས་རིམ་ཀྱིས་ཐོན་དངོས་གསར་བཟོ་རྣམས་ལ་ཐུགས་ཞིབ་ནན་ཏན་དང་གོ་བསྡུར་བགྲོ་གླེང་བཅས་ལེགས་ཆ་དུ་མ་བླངས་ཏེ།ཚོད་ལྟ་ཐེངས་མང་བྱས་རྗེས་དངོས་སུ་བཟོ་སྐྲུན་ཞུས་ཏེ་དབུས་དང་ས་གནས་ཡན་ལག་སྨན་ཁང༌།དིལླིི་ཕྱིར་ཚོང་ཁང་བཅས་བརྒྱུད་དེ་ཕྱི་རྒྱལ་ཁག་ལ་ཚོང་འགྲེམས་ཐུབ་པ་མ་ཟད།ཕྱི་ནང་གི་མི་སྣ་མང་པོས་དགའ་སྤྲོ་དང་བསྔགས་བརྗོད་ཆེན་པོ་གནང་བཞིན་ཡོད་པ་རེད།ཕྱི་ལོ་༡༩༩༨ཟླ་བ་ཚེས་༢༥ཉིན་ནས་བཟུང་ཉམས་ཞིབ་སྡེ་ཚན་ནས་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་ཞེས་ཟུར་དུ་སྡེ་ཚན་བཀོད་སྒྲིག་གནང་བ་དང་སྡེ་ཚན་འདིའི་འགན་འཛིན་ཡང་སྨན་རམས་པ་ལྷ་དབང་ལགས་བསྐོ་བཞག་གནང་།དེའི་སྐབས་དབུས་ཡིག་ཚང་འོག་ཁང་དུ་ཐོན་དངོས་བཟོ་ཁང་དང་།སྨན་པའི་ལས་ཁུངས་བཅས་ཁང་མིག་གཉིས་ཅན་ཞིག་ལས་མེད་ནའང་ཁང་པ་དང་འཕྲུལ་འཁོར་ལས་བྱེད་བཅས་ཀྱི་དཀའ་ངལ་ཡོད་མིན་ལ་མ་ལྟོས་པར་ལས་འགན་ཐོག་འཐུས་ཤོར་མེད་པར་ཧུར་ཐག་གང་ལེགས་གནང་ཡོད།

སྐབས་དེར་གསར་བཟོའི་སྨན་ཇར་ཕྱི་ནང་གཉིས་ཀྱིས་ཐུགས་མོས་ཡོད་སྟབས།མིའི་ལག་ཤུགས་ཁོ་ནར་བསྟེན་ཏེ་བཟོས་ན་ཁ་འཁོར་མིན་གྱིས་ཕྱི་རྒྱལ་དུ་སྨན་ཇའི་འཕྲུལ་འཁོར་ཞིག་གསར་གཟིགས་གནང་། དེ་བཞིན་མཁས་དབང་ཆེན་པོ་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་ལྗགས་རྩོམ་གནང་བའི་ཉེར་མཁོ་སྐབས་བརྒྱད་དང་།མན་ངག་ལྷན་ཐབས་སྦྱར་ཏེ་པགས་ཁྲ་དང་ཤ་བཀྲ་གཙོར་བཟུང་དང་པགས་ནད་ཀྱི་དབྱེ་བ་གཞན་དུའང་ཕན་ཆེད་གསོ་རིག་པགས་ཁྲའི་བྱུག་པ་དང་། གསོ་རིག་ཨ་རུ་ཡ་ཆམ་ཟླ་ཞུན་ཁ་ཚར་ཅན་གཉིས་སྦྱོར་བཟོ་བྱས་ཏེ་འགྲེམས་སྤེལ་ཞུས།དེ་བཞིན་ཕྱི་རྒྱལ་གྱི་རེ་འདུན་ལྟར་སྦྱོར་སྡེ་གཞི་བཟུང་རླུང་མཁྲིས་བད་ཀན་གསུམ་གྱི་ལྡང་དུས་སོ་སོར་གཉེན་པོ་དུས་གསུམ་སྨན་ཇ་ཞིག་ཀྱང་གསར་བཟོ་ཟིན་པ་དང་།  ཡང་ཕྱི་རྒྱལ་བ་བུ་མོ་རོ་སི་དང་།སྨན་པ་གཡང་འབུམ་རྒྱལ་རྣམ་གཉིས་ནས་ཕྱིར་ཚོང་དངོས་རིགས་ཁྱབ་བསྒྲགས་ཀྱི་དེབ་ཆུང་ཞིག་དབྱིན་བསྒྱུར་ཞུས་པ་དང་། ཐོན་དངོས་ཀྱི་འགྲེལ་བརྗོད་གཞིར་བཟུང་སྨན་རྒྱུ་སྒྲིག་གཤོམ་དང་།སྔོ་སྨན་དཔེ་རིས་སྨན་ཐང་།སྦྱོར་བཟོའི་རྣམ་པ་འདྲ་མིན་གྱི་དཔེ་རིས་བཅས་པའི་འགྲེམ་སྟོན་ཁང་ཞིག་དང་།དེང་དུས་ཚན་རིག་ནས་སྨན་རྒྱུའི་སྤོས་ཚད་ལ་སྐྱོན་གནས་འཚོལ་ཞིབ་དང་།གཙང་སྦྲའི་གནད་འགག་གི་ལམ་ནས་ཚན་རིག་བརྟག་དཔྱད་ཁང་ཞིག་ཀྱང་གསར་འཛུགས་གནང་།

དེ་མིན་གློ་སྨན་དང༌།མིག་སྨན།ལྟེ་བྱུག་བཅས་ལ་ཚོད་ལྟའི་ཉམས་ཞིབ་གནང་སྟེ།རིམ་པས་སྔོ་སྦྱོར་ཉམས་ཞིབ་ཀྱི་ཐོན་རྫས་རྣམ་གྲངས་མང་དུ་འགྲོ་བཞིན་པ་དང་ལས་འབོར་ལས་བྱེད་བཅས་མང་དུ་སོང་སྟབས། སྨན་རྩིས་ཁང་གི་དབུ་འཛིན་པད་མ་དགྲ་འདུལ་མཆོག་ནས་དགོངས་པ་ཆེ་བཞེས་ཀྱིས་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་རྒྱ་བསྐྱེད་གཏོང་རྒྱུར་གཏན་འཁེལ་ཟིན་ནས་སྐུ་ངོ་དབུ་འཛིན་མཆོག་དང༌།སྡེ་ཚན་འགན་འཛིན་སྨན་པ་ལྷ་དབང་ལགས།སྨན་པ་གཡང་འབུམ་རྒྱལ་བཅས་སྦིར་གཞི་ཁོངས་སོགས་སུ་ས་ཆ་ཐབས་འཚོལ་གནང་ཡང་འོས་བབ་ཅན་གྱི་ས་ཆ་ཞིག་མ་ཐོབ་པར་བརྟེན།མཐར་དེ་སྔོན་སྨན་སྦྱོར་ཁང་གི་དོ་ཁང་དམིགས་ཡུལ་གྱི་ས་བབ་དེ་རུ་སྔོ་སྦྱོར་སྡེ་ཚན་རྒྱག་རྒྱུར་གཏན་འཁེལ་ཟིན་ནས་ལས་གྲྭ་མགོ་བརྩམས་ཏེ་ད་ཡོད་ཁང་པ་ཐོག་བརྩེགས་གསུམ་ཅན་དེ་ཉིད་ཕྱི་ལོ་༢༠༠༠ལོར་ཨར་ལས་མཇུག་བསྒྲིལ་གྱིས་ལོ་འདིའི་སྤྱི་ཟླ་༥པའི་ནང་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གནས་སྤོ་ཐུབ་པ་བྱུང་བ་ནས་སྔར་ལས་ཇེ་ལེགས་སུ་སོང་ཐོག་སྡེ་ཚན་དེར་སྨན་པའི་ལས་ཁུངས།སྤུས་ཚད་བརྟག་ཞིབ་ཁང༌།སྦྱོར་སྡེབ་ཁང་། དོ་ཁང༌།འཕྲུལ་འཁོར་ཁང་།ལས་ཤག་བཅས་ཁྱོན་ཁང་མིག་ཆེ་ཆུང་བསྡོམས་༢༢ཙམ་ཡོད་པ་གསར་རྒྱག་ཐུབ་པ་བྱུང་ཞིང་།སྐབས་དེར་མཚོན་ན་ཁང་པ་གསར་པ་དང་ནང་གི་ཡོ་བྱེད་སོགས་གང་ཅིའི་ནས་ཁམས་གཙང་ལ་འཐུས་སྒོ་ཚང་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།ཕྱི་ལོ་༢༠༠༠ ལོར་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ག་སྨན་རྩིས་ཁང་དུ་ཆིབས་སྒྱུར་བཀའ་དྲིན་སྐྱོང་རྒྱུར་ཐུགས་གཏན་འཁེལ་ཡང་མཛད་བྲེལ་དབང་གིས་ཞབས་སོར་གནང་མ་ཐུབ་ཀྱང་ཆིབས་ཞབས་སུ་བོད་མི་དམངས་སྤྱི་འཐུས་དང་བཀའ་ཤགདེ་མིན་སྐུ་མགྲོན་གནས་ཡོད་ལས་བྱེད་རྣམས་གཟིགས་སྐོར་དུ་ཕེབས་སྐབས་སྨན་རྩིས་ཁང་གི་གནས་སྟངས་དང་འབྲེལ་ཡོད་ལས་བྱེད་རྣམས་ཀྱི་གྲུབ་འབྲས་མཛད་རྗེས་ལ་བསྔགས་བརྗོད་གང་ལེགས་བྱུང་།

དེ་བཞིན་དེང་དུས་ཚན་རིག་ནས་སྨན་རྒྱུའི་སྤུས་ཚད་ལ་སྐྱོན་གནས་འཚོལ་ཞིབ་དང༌།གཙང་སྦྲའི་གནད་འགག་གི་ལམ་ནས་ཚན་རིག་བརྟག་དཔྱད་ཁང་ཞིག་གསར་འཛུགས་ཀྱིས།ཚན་རིག་སྤུས་ཚད་བརྟག་དཔྱད་པ་ཞིག་གིས་སྤུས་ཚད་བརྟག་དཔྱད་དང་དག་མཆན་ས་རྟགས་དགོས་རྒྱུ་ཡོད་སྟབས།སྤུས་ཚད་བརྟག་དཔྱད་པ་བསྟན་འཛིན་ཀུན་བཟང་ལགས་ཆོད་གན་ཐོག་བསྐོ་བཞག་བྱས།དེ་སྔོན་བུ་ཀརྨ་ལགས་ནས་རྒྱུན་དུ་ཐོན་དངོས་རྣམས་ཀྱི་སྤུད་ཚད་ལ་བརྟག་དཔྱད་རོགས་འདེགས་ལན་མང་གནང་འདུག། སྔོ་སྦྱོར་ཉམས་ཞིབ་ཁང་གི་གསོ་རིག་གི་ཐོན་དངོས་ཁག་ནི་སྲོལ་རྒྱུན་བོད་ཀྱི་སྨན་གཞུང་སྤུས་ཚད་དང་ཕན་ནུས་སོགས་གང་ལེགས་ཡོད་ཀྱང་རྒྱ་གར་གྱི་བཟོ་གྲྭའི་འགྲོ་ལུགས་ལྟར་བཟོ་སྐྲུན་ཞུས་པའི་ཅ་དངོས་མཐའ་དག་གི་རྒྱུ་ཆ་དང༌།སྤུས་ཚད།ཕན་ནུས་InternationalTestingCentre,Punchkula ནང་བརྟག་ཞིབ་ཞུས་པར་དགོས་ངེས་ཀྱི་ཕན་ནུས་གྲུབ་འབྲས་གང་ལེགས་ཐོབ་འདུག་པ་དེ་ནི་སྨན་རམས་པ་ལྷ་དབང་ལགས་ཀྱི་ལྷག་བསམ་ལམ་སྟོན་འོག་དེ་འབྲེལ་ལས་བྱེད་ཡོངས་ནས་ཕྱར་གྲུ་མཉམས་འདེགས་གནང་བ་གོར་མ་ཆགཕྱི་ལོ་༢༠༠༡ནས་༢༠༠༢བར་ཉེས་གསུམ་སོ་སོའི་སྔོན་འགོག་དང་གསོ་ཐབས་ཆེད་རླུང་མཁྲིས་བད་ཀན་གསུམ་གྱི་སྨན་ཇ་བཟོ་སྐྲུན་ཞུས་པས་འགྲོ་རྒྱུག་དང་ཕན་ནུས་གང་ལེགས་བྱུང་བ་དང་། མ་གནས་སྒོར་འབུམ་བཅུ་ལྷག་རེ་བཏང་སྟེ་དེང་དུས་སྨན་ཇའི་འཕྲུལ་འཁོར་ཁག་གཉིས་སྤུས་གཟིགས་ཀྱིས་སྨན་རྩིས་ཁང་གི་སྨན་ཇ་རྣམས་ཁྲོམ་རར་ཚད་ལྡན་ཞིག་ཏུ་ཁ་ཕྱོགས་ཐུབ་པ་མ་ཟད།སྨན་ཇའི་འཐུམ་རྒྱག་རྒྱུར་མིའི་ནུས་ཤུགས་གཅིག་པོར་བརྟེན་དགོས་པའི་དཀའ་ངལ་དེའང་སེལ་ཐུབ་པ་བྱུང་།དེང་དུས་ལུས་སེམས་ངལ་བ་དང་ལས་བྲེལ་ཆེ་བའི་དབང་གིས་ཟུངས་ཟད་ཀྱི་དཀའ་ངལ་ཇེ་མང་འཕྲད་མུས་ལ་དམིགས་ཏེ་རྩི་བཅུད་དྭངས་མ་ལྔའི་སྨན་མར་ཡང་བཟོ་རྒྱུའི་ཚོད་ལྟ་བྱས་པ་ལམ་ལྷོང་བྱུང་སྟེ་ཚོང་འགྲེམས་ཞུས།

གཞན་ཡང་དེང་འཛམ་གླིང་འདིར་ཕྱིའི་འབྱུང་བ་འཕོ་འགྱུར་དང་དུས་ངན་སྙིགས་དུས་སུ་རྫས་རླངས་དང་ཐལ་རྡུལ་སོགས་མང་བའི་རྐྱེན་གྱིས་ལུས་ལ་དྲི་ངན་དང༌།པགས་པར་ཟ་འཕྲུགཚ་འབུར།ཚ་དྲོད་རྒྱས་པ་སོགས་ལ་ཕན་པའི་པགས་གསོ་ཕྱེ་མ་བཟོ་རྒྱུའི་ཚོད་ལྟ་ལེགས་གྲུབ་དང་ཚོང་འགྲེམས་བྱས།དེ་སྔའི་ཤ་གསོས་རྣམས་ལག་པས་དཀྲུག་གསེད་བྱས་པར་ཆུ་སྣུམ་མཉམ་གསེད་ཡག་པོ་ཡོང་གི་མེད་སྟབས་དེང་དུས་འཕྲུལ་ཆས་་ཤིག་དབྱིན་ལེན་ནས་སྤུས་ཉོ་གནང་ཞིང་།འཕྲུལ་ཆས་དེས་ལས་ཀའི་ཐོན་འབོར་ཆེ་ལ་མྱུར་བ་ལས་སྤྱོད་བདེ་བ་སོགས་ཀྱི་དགེ་ཕན་ཆེན་པོ་བྱུང༌།སྡེ་ཚན་དེ་ཉིད་ཡར་རྒྱས་འགྲོ་རྒྱུར་དིལླི་ཕྱིར་ཚོང་སྡེ་ཚན་ནས་ཐབས་ཤེས་དང་འབྲེལ་ལམ་ཐོག་ཕྱི་ནང་ཚོང་པ་དང༌།ཚོང་རའི་འགྲོ་ལུགས་ཡིག་ཆ་ཁྱབ་བསྒྲགས།ལྷག་པར་གསོ་རིག་ཐོན་དངོས་བླུག་སྣོད་ཁག་དེ་སྔོན་ལས་སྤུས་ཚད་ཡར་རྒྱས་དང་དུས་ཐོག་མཁོ་སྒྲུབ་ཀྱི་ལས་དོན་གང་ཅིར་འཕྱར་གྲུ་མཉམ་འདེགས་གནང་མུས་དང༌།ཕྱི་ནང་ཚོང་པ་དང་དིལླིི་ཕྱིར་ཚོང་ལས་ཁང་བཅས་ནས་མ་འོང་ཐོན་དངོས་འགྲོ་རྒྱུགས་དང་ཕྱིར་ཚོང་སོགས་ལ་དགོས་གལ་ཆེ་བར་གཟིགས་ནས་སྒྲིག་ལམ་དང་ཁྲིམས་ཐོག་ནས་དགག་བྱའི་རིགས་མི་ཡོང་བ་དང༌།ཐོན་རྫས་ཁག་རྒྱུན་འཁྱོངས་བཟོ་བསྐྲུན་དང་ཚོང་ཐབས་སུ་ས་གནས་རྒྱ་གར་གཞུང་ནས་བཟོ་སྐྲུན་ཆོག་པའི་ཕྱག་འཁྱེར་ Manufacturing Licenseརག་རྒྱུར་སྔ་ཕྱིར་འབད་བརྩོན་གནང་བ་བཞིན་ཕྱི་ལོ་༢༠༠༢ཟླ་ནང་དངོས་སུ་ཐོབ་པ་དེས་ཚོང་རའི་ཁྲོད་དུ་ཉོ་ཚོང་ཐད་དཀའ་ངལ་སེལ་བར་ཕན།འདི་ནས་བཟོ་སྐྲུན་ཞུ་བཞིན་པའི་ཐོན་དངོས་རྣམས་ཕྱིར་ཚོང་སྐབས་ཁྲིམས་མཐུན་ཚོང་ཁྲལ་དེབ་སྐྱེལ་མེད་རྐྱེན་རྒྱུན་དུ་སྨན་རྒྱུ་ཉོ་སྒྲུབ་དང་དངོས་ཟོག་ཚོང་བསྒྱུར་སྐབས་དཀའ་ངལ་ཕྲན་བུ་ཕྲད་དང་འཕྲད་མུས་སོང༌།མ་འོངས་པར་དེ་བས་དཀའ་ངལ་ཇེ་ཆེར་འགྲོ་བར་དགོངས་ཏེ་འགན་འཛིན་ལས་ཐོག་པ་སྐུ་ངོ་བསམ་གྲུབ་ལྷ་རྩེ་མཆོག་གིས་དེ་སྔའི་འཆར་གཞི་ལྟར་སྙན་སེང་ཞུས་པར།ཚོང་ཁྲལ་དེབ་སྐྱེལ་བྱ་རྒྱུ་ཕྱི་ལོ་༢༠༠༢ཟླ་ཚེས་༡༢ཉིན་སྨན་རྩིས་འགན་འཛིན་ལྷན་ཚོགས་ནང་བཀའ་བསྡུར་ཐག་གཅོད་བྱུང་བ་བཞིན་འབྲེལ་ལས་རྩིས་ཁང་དང༌། བསྟན་འཛིན་ཀུན་བཟང་བཅས་ནས་འབྲེལ་ལས་ས་གནས་ཚོང་ཁྲལ་ལས་ཁུངས་སུ་ཁྲིམས་མཐུན་དེབ་སྐྱེལ་གཙང་སྒྲུབ་ཐོག་དེབ་སྐྱེལ་ཨང་ KAN-CST-6838 & KAN-IV-8798ཐོབ་སོན་བྱུང་བ་ལྟར་གསོ་རིག་ཐོན་དངོས་རྣམས་ཚོང་སྒྱུར་སྐབས་ཁྲལ་འབབ་བསྡུ་ཕྱོགས་ཐད་ཁྲིམས་མཐུན་བརྒྱ་ཆ་གཏན་འབེབས་གནང་བ་ལྟར་ལག་བསྟར་བྱེད་མུས་ཡིན།ཤ་གསོས་དང་གཉེར་དག་རྨ་སྨན་བཅས་ཤེལ་དམ་ཡོད་བཞིན་པའི་ཐོག་ད་དུང་ཀྲུབ་ནང་བླུགས་ཐུབ་ན་སྤུས་ཚད་སོགས་གང་ཐད་དུ་དགེ་མཚན་ཡོད་ལུགས་དགོངས་འཆར་བྱུང་བ་ལྟར་དེ་ནས་འཕྲུལ་འཁོར་ཚད་ལྡན་མ་གནས་སྒོར་འབུམ་གསུམ་མ་ཟིན་ཙམ་བཏང་ནས་ཉོ་བསྒྲུབས་ཀྱིས་ཀྲུབ་ཀྱི་བཟོ་བཀོད་སོགས་ལ་འབད་བརྩོན་གྱིས་ད་ལྟ་ཁྲོམ་རར་གང་ལེགས་འགྲོ་བཞིན་ཡོད།ཚན་རིག་སྤུས་ཚད་བརྟག་དཔྱད་པ་བསྟན་འཛིན་ཀུན་བཟང་ལགས་ཕྱི་ལོ་༢༠༠༢ཟླ་དགོངས་ཞུ་སོང་བར་བརྟེན་ཚན་རིག་སྤུས་ཚད་བརྟག་དཔྱད་པ་ཕུར་བུ་ལྷ་མོ་ནད་བཅོས་ཉམས་ཞིབ་ནས་སྡེ་ཚན་འདིར་གནས་སྤོ་དང༌།སྤུས་ཚད་བརྟག་དཔྱད་པ་བསོད་ནམས་ལྷོ་ཕྱོགས་ནས་ཆེད་འགུག་གནང་སྟེ་སྔར་གྱི་དེབ་སྐྱེལ་བྱས་པ་རྣམས་ཁོང་གཉིས་ཀྱི་མིང་ཐོག་མིང་བསྒྱུར་གནང༌སྟེ་ཚོང་འགྲེམས་བྱས་ཡོད་པ་བཅས་སོ།།

འགན་འཛིན་གཉིས་པའི་སྐབས།

འགན་འཛིན་ངོ་སྤྲོད།

སྡེ་ཚན་འདིའི་འགན་འཛིན་གཉིས་པ་སྨན་རམས་པ་ཟླ་བ་ལགས་དབུས་སྨན་རྩིས་ཁང་སྐབས་བདུན་པའི་སྨན་སློབ་ཏུ་འཛུལ་ཞུགས་ཀྱིས་ཕྱི་ལོ་༡༩༩༢ལོར་བསླབ་པ་མཐར་སོན་བགྱིས།ཕྱི་ལོ་༡༩༩༣ཟླ་ ནས་ཕྱི་ལོ་༢༠༠༣ཟླ་བར་དབུས་སྨན་སྦྱོར་ཁང་དུ་ཕྱག་ལས་གནང་བའི་རིང་སྨན་སྦྱོར་ཁང་གི་ཡན་ལག་ཆུང་ངུ་ཞིག་ངྷ་ཤོད་དུ་བཙུགས་སྐབས་ཕྱག་ལས་གནང་ཡོད་པ་དང༌།ཕྱི་ལོ་༢༠༠༣ཟླ་ཚེས་ལ་འདི་ག་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་གནང་བ་ནས་ཕྱི་ལོ་༢༠༠༩ཟླ་བར་འགན་འཁྲི་བཞེས་གནང་བའི་རིང་ལྷག་བསམ་དང་འབད་བརྩོན་ཆེན་པོས་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་འདི་ཡར་རྒྱས་དང་གསར་གཏོད་གོང་འཕེལ་བཏང་ཡོད།འགན་འཛིན་འདིས་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གྱི་ལས་འགན་ཞུས་རིང་ལོ་རེ་རེའི་ཐོན་དངོས་གསར་བཟོ་དང་ཐོན་དངོས་རྣམས་ཀྱི་ཕོན་འབོར་ནི་གཤམ་གསལ་རེའུ་མིག་ལྟར་ལགས་སོ།། 

ལོ་དུས། བཟོ་སྐྲུན་ཞུ་བཞིན་པའི་ཐོན་དངོས་ཀྱི་རྣམས་གྲངས། ལོ་རེའི་ཕོན་འབོར།
༢༠༠༣ འགན་འཛིན་སྔ་མའི་སྐབས་ཀྱི་ཐོན་དངོས་བཟོ་བསྐྲུན་ཞུས་པ། ༡༣༢༣༥༢
༢༠༠༤ ཟབ་བརྒྱད་དང་། རྩ་བྱུག ལྗགས་སྤོད་རྩི་ཏྲ་ཀ སྐེམ་སྨན་ཟླ་ཞུན། གཅོང་ཆེན་བཅུད་ལེན། རྒས་པ་གསོ་བའི་བཅུད་ལེན་ཆེན་མོ། ༡༦༣༢༤༢  
༢༠༠༥ ཟ་ཁུ་གཅིན་སྙི་སྨན་ཇ་དང་།  ཁྲག་ཤེད་སྨན་ཇ། རླུང་མཁྲིས་བད་ཀན་གསུམ་གྱི་བྱུག་པ། ༡༨༧༥༩༣  
༢༠༠༦ ཛ་ཏི་དུག་པ་དང་དེའི་མེ་ཕོར། ༢༡༦༧༣༡
༢༠༠༧ བདུད་རྩི་ལྔ་ལུམས་དང་སྐྲ་བཅུད་ལྡེ་གུ། ༢༤༣༨༩༥
༢༠༠༨ སྟོབས་སྐྱེད་སྨན་ཇ་དང་།  རླུང་ཚབས་སྨན་ཇ། དབུགས་མི་བདེ་སྨན་ཇ། སྙིང་ནད་སྨན་ཇ། གྲུབ་བུ་དང་གཞུང་འབྲུམ་སྨན་ཇ། ༢༤༥༥༧༥  
 
གལ་ཆེའི་ལས་གཞི།
སྡེ་ཚན་འདི་ནས་བཟོ་སྐྲུན་ཞུ་བཞིན་པའི་གསོ་རིག་ཐོན་དངོས་རྣམས་ལ་འདས་པའི་ཉམས་མྱོང་དང་།ཁྲོམ་རྭའི་འགྲན་རྩོད།ཕྱི་ནང་མཁས་པའི་དགོངས་འཆར་གཞི་རྩར་བྱས་ནས་སྦྱོར་སྡེབ་ཀྱི་ཕན་ནུས་དང་། བླུག་སྣོད་ཀྱི་བཟོ་བཀོད་སོགས་ལ་ཡར་རྒྱས་ཀྱི་རྣམ་པ་ཐོན་ཐབས་སུ་འབད་རྩོན་གང་ཐུབ་ཞུས་འདུགགསོ་རིག་ཐོན་དངོས་སྤྱི་དང་ལྷག་པར་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམས་པའི་ཐོན་དངོས་གསར་དུ་བཟོ་རྒྱུ་གཙོ་བོར་དམིགས་ནས་སྦྱོར་བཟོ་བྱས་པའི་རྒས་པ་གསོ་བ་བཅུད་ལེན་ཆེན་མོ་དང་།  གཅོང་ཆེན་བཅུད་ལེན།བློ་འཕེལ་བདུད་རྩི་དང་ཚེ་འཕེལ་བདུད་རྩི་སོགས་ལ་འཛིན་སྐྱོང་གི་དགོངས་དོན་བཞིན་རྣམ་གྲྭ་མཁན་ཟུར་མཆོག་གིས་གཙོས་དགེ་འདུན་ལྷན་རྒྱས་དང་།སྨན་རྩིས་ཁང་གི་དགེ་སློབ་རྣམ་པ།སྨན་སྦྱོར་ཁང་གི་འབྲེལ་ཡོད་སྨན་པ་བཅས་ནས་ཕྱར་གྲུ་མཉམ་འདེགས་ཀྱིས་དེ་སྔའི་སྨན་རྩིས་ཁང་གི་ཕྱག་རྒྱུན་བཞིན་ཉིན་ལྔའི་རིང་སྨན་སྒྲུབ་ཞུས་ཏེ་རྒས་པ་གསོ་བ་ཇར་མ་ནི་Germanyསྤུས་ཚད་ཆེད་ཚོང་འགྲེམས་ཞུས་པ་དང༌།སྐེམ་སྨན་ཟླ་ཞུན་སྤྱི་ཡོངས་ལ་ཚོང་འགྲེམས་ཞུས།

ཤ་གསོས་གཉེར་དག་དང༌།རྨ་སྨན་བཅས་ལ་ཆུ་སྣུམ་དབྱེ་འབྱེད་ཀྱི་དཀའ་ངལ་དང་སྐྱོན་གནས་ཡང་ཡང་བྱུང་བར་དེ་སྔ་ནས་ཐབས་ཤེས་གང་མང་གནང་འདུག་ཀྱང༌།དེ་སྔོན་བརྟག་ཞིབ་ཡང་ཡང་བྱས་མཐར་དཀའ་ངལ་དེ་ཉིད་འགན་འཛིན་འདིའི་སྐབས་སྔར་ལས་སྤུས་ཚད་ལེགས་སུ་ཕྱིན་འདུགཕྱི་ནང་མི་སྣ་མང་པོ་ཞིག་ནས་ཤ་གསོས་སྣུམ་ཉུང་ཙམ་བྱས་པ་ཞིག་བཟོ་སྦྱོར་ཡོང་རེ་གནང་བ་ལྟར་བྱུག་པ་བདེ་བྱེད་ཞེས་པ་ཞིག་གསར་བཟོ་ཞུས།གཞན་ཡང་རླུང་མཁྲིས་བད་ཀན་གྱི་སྨན་ཇའི་བླུག་སྣོད་ཆེ་སྐྱོན་དང་ཤོག་སྒམ་སོགས་ཀྱི་ཐད་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་ཡང་ཡང་གནང་བར་བརྟེན།སྐུ་ངོ་དྲུང་ཆེ་དང་དེ་མིན་དོ་སྣང་དང་ཉམས་མྱོང་ཅན་ཁག་ལ་གོ་བསྡུར་གྱིས་བླུག་སྣོད་རྣམས་རྫོགས་རིམ་བཞིན་རླུང་ཇ་དང༌། བད་ཇ།མཁྲིས་ཇ་བཅས་བསྒྱུར་བཅོས་བྱས་པས་གང་ལ་གང་འཚམས་ཚོང་འགྲེམས་བྱེད་ཐུབ་པ་བྱུང་།ཕྱི་ལོ་༢༠༠༤ལོའི་ཟླ་བརྒྱད་པའི་ནང་སྡེ་ཚན་འགན་འཛིན་དང་དངུལ་རྩིས་འགན་འཛིན་སོགས་བོམ་བཻ་Bombayརུ་བླུག་སྣོད་ཁག་གཅིག་གི་གོང་ཚད་ཚད་བསྡུར་གྱིས་བཟོ་མངགས་དང་། འགྱུར་བཅོས་བྱེད་རྒྱུར་རྟོག་ཞིབ་ཏུ་ཕྱིན་ཏེ།གོང་ཚད་སོགས་ལ་ཕན་འབྲས་གང་ལེགས་བྱུང་།

ཕྱི་ལོ་༢༠༠༥ལོར་རྒྱུན་གཏན་སྤྱི་ཚོགས་ནང་ནད་གཞི་མང་བ་ཁྲག་ཤེད་དང་།གཅིན་སྙིའི་ནད་གཞིའི་རིགས་ལ་སྨན་པས་ཟས་སྐོམ་ལམ་སྟོན་གནང་བ་དེར་དམིགས་ནས་སྨན་ཇ་ཁག་གཉིས་བཟོ་སྐྲུན་དང་།ལྷག་པར་གསོ་རིག་སྨན་ཇའི་རིགས་འགྲོ་རྒྱུགས་ཆེ་བར་སོང་སྨན་ཇ་ཐུམ་རྒྱག་འཕྲུལ་འཁོར་གཅིག་གིས་ཐུམ་རྒྱག་འཁོར་མིན་ལ་བརྟེན་སྨན་ཇ་ཐུམ་རྒྱག་འཕྲུལ་འཁོར་འཕར་མ་གཅིག་གསར་ཉོས་ཀྱིས་སྨན་ཇ་རྣམས་དུས་ཐོག་མཁོ་འདོན་ཐུབ་པ་དང་།དེ་མིན་བོད་ཀྱི་གསོ་བ་རིག་པའི་གཞི་རྩ་གསུམ་སོ་སོའི་རང་བཞིན་ལ་ཕན་པའི་བྱུག་པ་ཁག་གསུམ་ལ་ཚོད་ལྟ་དང་།རང་བྱུང་སྔོ་སྨན་ལས་གྲུབ་པའི་སྐྲ་ཡི་འདག་རྫས་ཤིག་ལ་ཉམས་ཞིབ་དང་ཚོད་ལྟ་ཞུས་པ་དང་།  སྨན་ཇ་ཆུང་བ་ཁག་དྲུག་གསར་བཟོ་གནང་འདུགསྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གྱི་ཚན་རིག་སྤུས་ཚད་བརྟག་དཔྱད་པ་ཕུར་བུ་ལྷ་མོ་དང་བསོད་ནམས་ལགས་གཉིས་དང་།སྡེ་ཚན་འདིའི་སྨན་པ་ཉམས་མྱོང་ཅན།སྡེ་ཚན་འགན་འཛིན།སྨན་པའི་ལས་རོགས་པ་བཅས་ནས་སྤུས་ཚད་བརྟག་དཔྱད་པ་གཉིས་ཀྱིས་སྡེ་ཚན་འདིར་ཐོན་དངོས་བཟོ་སྐྲུན་སྐབས་སྤུས་ཚད་སྟངས་འཛིན་དང༌།གསར་བཟོའི་རིགས་ལ་ཚོད་ལྟ་ཞིབ་འཇུག་བྱེད་ཀྱིན་ཡོད་པས་ཁོང་གཉིས་ཕྱི་ལོ་༢༠༠༩ཟླ་ ནས་སྨན་སྦྱོར་ཁང་གི་ཡིག་ཚང་ཐོག་ཁང་དུ་སྤོ་བཤུས་ཀྱིས་སྨན་རྫས་སྡེ་ཚན་གྱི་སྤུས་ཚད་བརྟག་དཔྱད་པ་དང་མཉམ་དུ་ཟླ་སྒྲིལ་གྱིས་ལས་གཞི་སྨན་རྒྱུའི་ཧྥ་མ་ཀོ་པི་ཡ་ (Pharmacopeia) དང༌།སྨན་སྦྱོར་གྱི་ཧྥ་མ་ཀོ་པི་ཡ་བཟོ་རྒྱུའི་ཆེད་གཙོ་བཟུང་གིས་ལས་གཞི་འགྲོ་བཞིན་ཡོད་པ་བཅས་སོ།།


འགན་འཛིན་གསུམ་པའི་སྐབས།

སྐབས་དེའི་གནས་བབས་སྤྱི།

སྤུས་ཚད་བརྟག་དཔྱད་ཚན་པ་ཟུར་དུ་ཕྱེ་ནས་ཟླ་ཤས་རྗེས་ཏེ་ཕྱི་ལོ་༢༠༠༩ཟླ་དང་ནང་སྡེ་ཚན་འདིའི་འགན་འཛིན་སྨན་པ་ཟླ་བ་ལགས་དང་སྨན་པ་ཀུན་བཟང་ཚེ་དབང་ལགས་རྣམ་གཉིས་རིམ་པས་རྩ་དགོངས་སུ་སོང་སྐབས་དང་སྨན་རམས་པ་བློ་བཟང་ཆོས་འབྱོར་ལགས་སྡེ་ཚན་འདིའི་འགན་འཛིན་དུ་བསྐོ་བཞག་གནང་།

དེ་ཡང་ཕྱི་ལོ་༢༠༠༩ནས་༢༠༡༠བར་སྔར་རྒྱུན་བཞིན་སྡེ་ཚན་འདིས་སྲོལ་རྒྱུན་བོད་ཀྱི་རྒྱུན་བཀོལ་སྔོ་སྨན་ལས།ལུས་ཀྱི་ཕྱིའི་ཆ་ཤས་དང་ལུས་ཁམས་བདེ་ཐང་ཐད་སྲུང་འཛིན་བྱེད་ཐབས་ཀྱི་ཕན་ནུས་ཉམས་མྱོང་ཁག་གི་སྦྱོར་སྡེབ་གཞི་རྩར་བྱས་ཤིང་།དེང་དུས་ཚན་རིག་དང་མཐུན་པའིི་ལུས་ཕན་ཐོན་དངོས་བཟོ་སྐྲུན་གྱི་ཐབས་ལམ་དང་ཟུང་འབྲེལ་ལག་བསྟར་བྱས་ཏེ།ལུས་སྟོབས་སྐྱེད་ཅིང་བདེ་ཐང་སྲུང་འཛིན་བྱེད་པར་ཁོང་བསྟེན་སྨན་ཟས་སྟོབས་སྐྱེད་རིགས་བདུན་དང་།ཁམས་སྙོམས་བྱེད་སྨན་ཇའི་རིགས་བཅུ་བཞི།པགས་མདངས་དང་པགས་ནད་སོགས་གསོ་བའི་བྱུག་རྫས་རིགས་ཁག་བཅུ་བདུན་དང་།ཛ་ཏི་དུག་པ་དང་བདུད་རྩི་ལྔ་ལུམ་བཅས་ཐོན་སྐྱེད་བྱེད་བཞིན་པ་སྟེ།སྟོབས་སྐྱེད་བཅུད་འདུས་རྒྱ་མཚོ།རྒས་བ་གསོ་བའི་བཅུད་ལེན་ཆེན་མོ།གཅུང་ཆེན་བཅུད་ལེན།བློ་འཕེལ་བདུད་རྩི།སྨན་སྣ།ཚེ་འཕེལ་བདུད་རྩི།སྐེམ་སྨན་ཟླ་ཞུན།རྩི་དྭངས་སྨན་མར་བཅས་ཟས་སྨན་བདུན་དང་།སྨན་ཇ་རབ་དགའ་གཡང་འཛིན།སྨན་ཇ་ལྷུགས་མ།རླུང་ཇ།མཁྲིས་ཇ།བད་ཀན་ཇ།ཇ་ཤིང་ལྔ་བ།གཅིན་སྙིའི་ཇ།ཁྲག་ཤེད་ཇ།གྲུམ་བུའི་སྨན་ཇ།རླུང་ཚབ་སྨན་ཇ།དབུགས་མི་བདེ་བའི་སྨན་ཇ།གཞང་འབྲུམ་སྨན་ཇ།སྟོབས་བསྐྱེད་སྨན་ཇ།སྙིང་ནད་སྨན་ཇ་བཅས་ཇ་ཆེ་ཅུང་བཅུ་བཞི།ཤ་གསོས་པད་དཀར།གཉེར་དག་ཀ་མོ་ལི།རྨ་སྨན་རབ་འབྱོར། པགས་བྱུག་སྦྲ་མ་ར།ཨ་རུ་ཟླ་ཞུན།རྩ་བྱུགཟབ་བརྒྱད།རླུང་བྱུགམཁྲིས་བྱུགབད་བྱུགབྱིས་པའི་བྱུག་པ།པགས་གསོས་ཕྱེ་མ།སྐྲ་སྣུམ།བྱུག་སྣུམ་ཨ་གར་བདེ་སྟེར།སྐྲ་བཅུད་ལྡེ་གུཛཱ་ཏི་དུག་སྣུམ།བྱིས་པའི་བྱུག་སྣུམ་བཅས་བྱུག་རྫས་རིགས་ཁག་བཅུ་བདུན་ཡོད་ཅིང་། ལྗགས་སྤོས་ཙི་ཏྲཀཛཱ་ཏི་དུག་པ།བདུད་རྩི་ལྔ་ལུམ།བཅས་བཟོ་སྐྲུན་ཞུ་མུས་ཡིན།དེ་དག་ཕྱི་ལོ་༢༠༠༩ནས་༢༠༡༠ བར་ལོ་གཅིག་རིང་བཟོ་བསྐྲུན་ཞུས་པའི་ཕོན་འབོར་༣༣༥༣༥༥ བྱུང་ཡོད།དེ་བཞིན་དུ་ཕྱི་ལོ ༢༠༡༠ནས་༢༠༡༡བར་གོང་གསལ་ཐོན་དངོས་བཟོ་བསྐྲུན་ཞུས་པའི་ཕོན་འབོར་༣༡༢༡༠༧བྱུང་ཡོད་སྔར་ལས་ཕོན་འབོར་ཆེ་ཤོས་སུ་གྱུར་ཡོད།ད་ལྟ་ད་དུང་ཐོན་དངོས་ཁག་བཞི་གསར་བཟོའི་ཚོད་ལྟ་འགྲོ་བཞིན་པ་རེད།

གལ་ཆེའི་ལས་གཞི།

ཕྱི་ལོ་༢༠༠༩ཟླ་པའི་ནང་ཁོང་སྡེ་ཚན་འདིའི་འགན་འཛིན་དུ་བསྐོ་གཞག་བྱས་མ་ཐག་ལ་བརྟེན་དཀའ་ངལ་འཕྲད་མུས་ལ་མ་ལྟོས་པར་སྔར་རྒྱུན་ལྟར་ཐོན་དངོས་རྣམས་བཟོ་བསྐྲུན་ཞུས་ནས་ཐོན་སྐྱེད་བྱས་པའི་ཅ་དངོས་རྣམས་འགྲོ་རྒྱུགས་སྔར་ལས་ཆེ་བ་བྱུང་ཡོད།དེ་ཡང་ཕྱི་ལོ་༢༠༠༩ ནས་༢༠༡༠བར་ལོ་སྔོན་མ་ལས་ཐོན་དངོས་ཕོན་འབོར་དགུ་ཁྲི་ལྷག་འཕར་བས་ལོ་མང་ནང་གི་ཐོན་དངོས་འཕར་ཤུགས་ཆེ་ཤོས་དེ་ཆགས་ཡོད།དེར་བརྟེན་སྨན་རྒྱུ་དང་བླུག་སྣོད་སོགས་དགོས་མཁོ་ཆེ་བའི་རིགས་ཀྱང་ཆེས་མང་ཉོ་དང་མཁོ་སྒྲུབ་བྱེད་དགོས་བྱུང་བའི་མཚོན་ལས་འབོར་ཆེ་རུ་སོང་། ཕྱི་ལོ་༢༠༡༠ལོར་དགོས་ངེས་ཀྱི་ཆ་རྐྱེན་ཁག་གསར་བཟོ་དང་ཉོ་སྒྲུབ་ཞུས་པ་སྨན་རྒྱུ་དང་བླུག་སྣོད་ཀྱིི་སྒྲོམ་སྟེགས་ཁག་དང༌།སྨན་རྒྱུའི་སྣོད་ཀྲིན་ཆེ་འབྲིང་རྣམས་དང༌།སྨན་རྒྱུ་བཙོ་རྔོད་བྱེད་སའི་ཁྲོ་སྣོད་དང་ས་ཐབ་སོགས་ཀྱི་མཚོན་པའི་ཆ་རྐྱེན་ཇེ་བཟང་དང་ཅ་དངོས་མཁོ་སྒྲུབ་ཞུས་ཡོད་པ་མ་ཟད། སྔར་གྱ་ིལས་ཤག་རྣམས་ཀྱང་ལས་ཀ་བྱེད་ཡུལ་དུ་བསྒྱུར་ཡོད།དེ་སྔར་སྡེ་ཚན་འདི་ནས་སྐྲ་སྣུམ་སོགས་ཀྱི་ཤོག་སྒམ་ཟུར་དུ་མེད་པས་ཕྱོགས་མཐར་གཏོང་དུས་སྣུམ་ལུད་པ་སོགས་ཀྱི་དཀའ་ངལ་སེལ་ཆེད་ཤོག་སྒམ་གསར་བཟོ་གནང་ཐུབ་པ་བྱུང་བས་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད།

ལོ་དེའི་ནང་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་ཆེད་དམིགས་བསལ་འགྲེམས་སྟོན་གསར་བཟོའི་ཆེད་སྡེ་ཚན་སོ་སོ་ནས་དེར་གྲ་སྒྲིག་འཐུས་ཚང་བྱེད་དགོས་པར་སོང༌།སྔོ་སྦྱོར་སྡེ་ཚན་ཡང་ཐོན་དངོས་སྣ་མང་དང་དེའི་བརྒྱུད་རིམས་འགྲེལ་བཤད་སོགས་ལེགས་སྒྲུབ་བྱུང་ཡོད་པ་དང༌།ད་དུང་བྱུག་སྣུམ་ཁང་དང༌།སྦྱོར་བཟོ་ཁང་སོགས་བསྐྱར་བཅོས་གཏོང་རྒྱུ་དང༌།སྨན་ཇའི་འཕྲུལ་འཁོར་གྱི་དཀའ་ངལ་ལ་བརྟེན་སྨན་ཇའི་འཕྲུལ་འཁོར་ཐོན་གསར་ཞིག་ཉོ་རྒྱུ་ཐག་བཅད་ཟིན་པ་མ་ཟད།སྔར་གྱི་ཐོན་དངོས་དག་གི་ཁར་ཐོན་དངོས་གསར་བཟོའི་ཆེད་ཉམས་ཞིབ་བྱས་དང་བྱེད་བཞིན་པ་ཁག་ནི་གདོང་པ་གཙང་བཟོའི་ཕྱེ་མ་དང༌། སྐྲ་ནུས་གསོ་ཕྱེ།ཟུག་གཟེར་གཅོག་པའི་དྲོད་དུགཤ་གསོས་ཉི་སྲུང་དང༌།ཤ་གསོས་གུར་ཀུམ།དེ་བཞིན་ཤ་གསོས་པད་དཀར་མཛེས་གསལ་དང༌།གཉེར་དག་ག་མོ་ལི།པགས་བྱུག་སྦྲ་མ་ར་སོགས་ལ་ཁ་བསྒྱུར་བྱས་ཏེ་ལེགས་སུ་གཏོང་རྒྱུའི་ཚོད་བལྟ་བྱེད་ཀྱིན་ཡོད་ཅིང་།སྨན་ཇ་དང་སྟོབས་སྐྱེད་སོགས་ཀྱི་ཤོག་སྒམ་སྤུས་ཚད་དང་ཆེ་ཆུང་ལེགས་བཅོས་འགྲོ་བཞིན་ཡོད་པ་རེད།ཡང་ད་ལྟའི་བར་ཐོན་དངོས་བཟོ་སྐྲུན་བྱེད་བཞིན་ཡོད་པ་རྣམས་ནས་ཆེས་འགྲོ་རྒྱུགས་ཆུང་བ་དང༌།ཡང་རེ་ཟུང་སྨན་རྒྱུའི་དཀའ་ངལ་འཕྲད་པ་དང་།མུ་མཐུད་འཕྲད་རྒྱུ་ཡིན་པ་རྣམས་ལ་བཟོ་བཅོས་སམ་ཁ་བསྒྱུར་བྱ་རྒྱུའི་འཆར་གཞི་ཡོད།

ཉམས་ཞིབ་བྱེད་ཐབས་དང་ཚན་རིག་གི་ལས་སྣོན།
སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གྱིས་སྲོལ་རྒྱུན་བོད་ཀྱི་རྒྱུན་བཀོལ་སྔོ་སྨན་གྱི་སྦྱོར་སྡེབ་ལས།ལུས་ཀྱི་རྣམ་པ་དང་བདེ་ཐང་སྲུང་འཛིན་བྱེད་ཐབས་ཀྱི་ཕན་ནུས་ཉམས་མྱོང་ཁག་གི་སྦྱོར་སྡེབ་གཞི་རྩ་བྱས་ཤིང༌།དེང་རབས་ཚན་རིག་གི་སྨན་དཔྱད་རིག་པའི་སྦྱོར་བཟོའི་ཐབས་ལམ་ཟུང་འབྲེལ་ལག་བསྟར་བྱས་ཐོགསྦྱོར་བཟོའི་གོ་རིམ་རྣམས་ཚུལ་མཐུན་ཉམས་ལེན་བྱེད་བཞིན་པ་མ་ཟད།ཐོན་དངོས་གསར་བཟོའི་ཉམས་ཞིབ་སྐབས་ཐོག་མར་སྨན་རྒྱུའི་ཕན་ནུས་རྒྱུད་ཀྱི་དགོངས་དོན་དང་ཉམས་མྱོང་ཁག་གི་སྦྱོར་སྡེབ་གཞི་རྩ་བྱས་ཤིང༌།མཁས་དབང་རྣམས་པར་དགོངས་འཆར་ཞུ་བ་སོགས་ཀྱི་ལམ་ནས་ཉམས་ཞིབ་ནན་པོས་དེང་རབས་ཚན་རིག་གི་སྨན་དཔྱད་རིག་པའི་སྦྱོར་བཟོའི་ཐབས་ལམ་ཟུང་འབྲེལ་ལག་བསྟར་བྱས་ཐོག་སྦྱོར་ཚད་དང་བྲོ་བ་ཕན་ཡོན་བཅས་པའི་སྤུས་ཚད།འགྲེམས་སྤེལ་མ་ཞུས་གོང་ཉམས་ཞིབ་དུས་ཡུན་རིང་ཙམ་བྱས་ནས་མཐའ་དོན་ཕན་ནུས་ལེགས་པར་བྱུང་བ་རྣམས་ཁྲོམ་རའི་ནང་འགྲེམས་སྤེལ་བྱེད་བཞིན་ཡོད།ཐོན་དངོས་གསར་བཟོའི་ཆེད་སྤྱི་ཚོགས་ཀྱི་དགོས་མཁོ་དང་ཁྲོམ་རྭའི་གནས་བབས།ནད་གཞི་བྱེ་བྲག་ལ་དམིགས་ཏེ་ཐོན་དངོས་གསར་པ་བཟོ་རྒྱུའི་ཉམས་ཞིབ་དང་ཚོད་ལྟ་སོགས་སྡེ་ཚན་འདི་ནས་འགན་འཁུར་ཞུ་བཞིན་ཡོད་པ་དང༌།ཐོན་དངོས་པགས་བྱུག་གཙོ་བྱས་པའི་བྱུག་རིགས་དང༌།དེ་མིན་མཆུ་གསོས་བྱུག་པ།སྐྲ་བཅུད་ལྡེ་གུ་ལ་སོགས་པའི་ཐོན་དངོས་རྣམས་ཀྱི་སྦྱོར་བའི་གཞི་རྩbaseformula  ཐོག་མར་དཔྱད་གཞིའི་ཡིག་ཆ་དང༌།དཔྱད་དེབ་རྣམས་ལ་དཔྱད་བསྟུར་དང་ཚན་རིག་ལམ་ནས་རྫས་སྦྱོར་གྱི་ཚད་གཞི་དེར་ཚོད་བལྟ་ཐེངས་མང་བྱས་ནས་མཐར་དཔེ་མཚོན་གྱི་སྦྱོར་ཚད་གཏན་འབེབས་བྱེད་ཀྱིན་ཡོད།སྔོ་སྨན་གྱི་སྦྱོར་བ་རྣམས་བོད་ལུགས་གསོ་བ་རིག་པའི་ལམ་ནས་སྦྱོར་བཟོ་བྱེད་པ་བཅས་ཀྱི་ཐོན་དངོས་གསར་པ་ཞིག་བཟོ་སྐྲུན་ཞུས་པ་ལ་བོད་ལུགས་དང་ཚན་རིག་གཉིས་ཟུང་འབྲེལ་གྱི་ལམ་ནས་སྦྱོར་བཟོའི་ཚོད་ལྟ་བྱས་པའི་ཐོན་དངོས་རྣམས་དབུས་འཛིན་སྐྱོང་དང༌།སྨན་པ་སྐུ་བགྲེས་རྣམ་པ།རིག་གཞུང་ལྷན་ཚོགས་ཀྱི་ཚོགས་མི།འབྲེལ་ཡོད་རྣམས་དང་ཡན་ལག་སྨན་ཁང་ཁག་ཅིག་ལ་འགྲེམས་སྤེལ་ཞུས་ནས་ཕན་ནུས་ཇི་ཙམ་ཡོད་མེད་དང་ལེགས་བཅོས་དགོས་མིན་སོགས་ཀྱི་དགོངས་འཆར་མཁོ་བསྒྲུབས་ཞུས་ཏེ།དགོངས་འཆར་གནང་བ་རྣམས་ལག་བསྟར་གྱིས་ཚོད་ལྟ་མུ་མཐུད་བྱས་ནས་རིམ་པས་སྦྱོར་བ་རྣམས་གཏན་འབེབས་བྱེད་ཀྱིན་ཡོད་ཅིང་།

སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་ནས་གསོ་རིག་ཐོན་དངོས་རྣམས་སྦྱོར་བཟོ་བྱས་པ་རིམ་བཞིན་ཐོན་དངོས་ཀྱི་དཔེ་མཚོན་Sampleསྤུས་ཚད་བརྟག་དཔྱད་ཁང་དུ་སྤུས་ཚད་བརྟག་དཔྱད་ཆེད་གནང་རྗེས།སྤུས་ཚད་བརྟག་དཔྱད་ཁང་ནས་རྒྱ་གར་ཕ་མ་ཀོ་པི་ཡ་དང་ཡོ་རོབ་ཧྥ་མ་ཀོ་པི་ཡའི་ཡིག་ཆ་ Indian Pharmacopoeia and European Pharmacopoeiaགཞིར་བཟུང་ཐོག་བྱུག་རྫས་ཀྱི་རིགས་ལ་སྤུས་ཚད་བརྟག་དཔྱད་བྱེད་དགོས།འོན་ཀྱང་སྨན་ཟས་རིགས་དང་སྨན་ཇ་རྣམས་ལ་རྒྱལ་སྤྱིའི་སྤུས་ཚད་ཡིག་ཆ་WHO Quality Standardགཞིར་བཟུང་བརྟག་དཔྱད་བྱེད་བཞིན་ཡོད།

དེ་བཞིན་བཟོ་སྐྲུན་ཞུ་བཞིན་པའི་གསོ་རིག་ཐོན་དངོས་རྣམས་ཀྱི་སྤུས་ཚད་ལེགས་བཅོས་གཏོང་དགོས་མིན་ནི།རྒྱལ་ཁབ་འདྲ་མིན་ནང་གནས་པའི་གསོ་རིག་ཐོན་དངོས་ཁག་གི་ཚོང་ཤག་རྣམས་དང༌།གསོ་རིག་ཐོན་དངོས་སྤུས་གཟིགས་གནང་མཁན་རྣམས་ཀྱི་དགོངས་འཆར་དུས་ནས་དུས་སུ་གནང་མུས་དང༌།དགོངས་འཆར་གནང་བ་རྣམས་ལ་སྡེ་ཚན་གྱིས་ཕྱོགས་བསྡོམས་ཞིབ་འཇུག་གིས་རིག་གཞུང་ལྷན་ཚོགས་ལ་སྙན་གསེང་ཞུས་ཏེ་ལག་བསྟར་ཅི་དགོས་བཐག་གཅོད་ཞུ་བཞིན་ཡོད།

སྤུས་ཚད་བརྟག་དཔྱད་ཁང་།

སྤུས་ཚད་བརྟག་དཔྱད་ཁང་འདི་སྨན་སྦྱོར་ཁང་དང་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གཉིས་ཀྱི་སྨན་རྒྱུ་བརྟག་དཔྱད་ཚན་པ་ཞིག་ཡིན་པ་དང་།དེ་ནི་ཕྱི་ལོ་༢༠༠༢ལོར་གསར་འཛུགས་གནང་བ་དང་ཕྱི་ལོ་ ༢༠༠༩ ལོར་གཞི་རྒྱ་ཇེ་ཆེར་བཏང་བ་ཞིག་ཡིན།ཚན་པ་འདིའི་དམིགས་ཡུལ་གཙོ་བོ་ནི་སྨན་རྩིས་ཁང་གིས་བཟོ་སྐྲུན་བྱེད་བཞིན་པའི་གསོལ་སྨན་གསོ་རིག་ཐོན་དངོས་རྣམས་དང་། སྨན་རྒྱུ་བཅས་ལ་ཚན་རིག་ལམ་ནས་སྤུས་ཚད་སྟངས་འཛིན་བྱ་རྒྱུ་དེ་ཡིན།དེ་ཡང་སྨན་དང་སྨན་ཟས།བྱུག་རྫས།སྨན་རྒྱུ་སོགས་ཀྱི་སྤུས་ཚད་དང་། བསྲེས་ལྷད།སྐམ་རློན།མཁྲེགས་ཚད།ལྕི་ཡང་གི་ཚད་སོགས་ལ་དེང་གི་ཚན་རིག་གི་ལམ་ནས་བརྟག་དཔྱད་དང་སྟངས་འཛིན་བྱེད་བཞིན་ཡོད་པ་མ་ཟད།འབྱུང་འགྱུར་བོད་སྨན་དང་སྨན་རྒྱུའི་ཚད་གཞི་གསར་གཏོད་བྱེད་པའི་ལས་གཞི་འགྲོ་བཞིན་ཡོད།
 
ཉམས་ཞིབ་དང་རྒྱུན་གཏན་གྱི་ལས་ཀའི་བརྒྱུད་རིམ།
དབུས་སྨན་རྩིས་ཁང་གི་བཟོ་སྐྲུན་སྡེ་ཚན་སྨན་སྦྱོར་ཁང་ནས་ནད་རིགས་འདྲ་མིན་ལ་ཕན་པའི་སྨན་སྣ་རིགས་༡༧༠ཙམ་དང་།སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་ནས་གསོ་རིག་ཐོན་དངོས་རིགས་༤༣གསར་བཟོ་རྣམས་ལ་བཟོ་སྐྲུན་ཐོན་སྐྱེད་ཆེད་སྨན་རྒྱུ་སྣ་གྲངས་༥༠༠ལྷག་ཙམ་ས་ཁུལ་འདྲ་མིན་ནས་མཁོ་སྒྲུབ་བྱེད་བཞིན་ཡོད་པ་དང་།སྨན་དང་གསོ་རིག་ཐོན་དངོས་རྣམས་ཀྱིི་སྦྱོར་བ་ཚད་ལྡན་དང་།སྦྱོར་སྡེབ་སྔ་ཕྱི་ཆ་སྙོམས།ཕན་ནུས་ཚད་ལྡན་དགོས་རྒྱུ་ནི་ཤིན་ཏུ་གལ་གནད་ཆེ་བ་དང་དེ་ཡོང་ཐབས་ལ། སྨན་རྒྱུ་བྱེ་བྲག་གི་སྤུས་ཚད་ཚད་གཞིQualityStandardsངེས་པར་དུ་དགོས་གལ་དང་། དེར་བརྟེན་ཐོག་མ་སྨན་རྒྱུའི་སྤུས་ཚད་དེ་བོད་ཀྱི་གསོ་བ་རིག་པའི་གཞུང་གཞིར་བཟུང་སྟངས་འཛིན་བྱ་རྒྱུ་དང་།དེ་བཞིན་ཚན་རིག་ཐོག་ནས་བརྟག་དཔྱད་བྱེད་བཞིན་ཡོད།

སྨན་རྩིས་ཁང་གི་བཟོ་སྐྲུན་ཞུས་པའི་སྨན་དང་།གསོ་རིག་ཐོན་དངོས་རྣམས་བཟོ་སྐྲུན་ཞུས་ཏེ་རིམ་བཞིན་འདི་ག་སྤུས་ཚད་བརྟག་དཔྱད་ཁང་དུ་སྤུས་ཚད་བརྟག་དཔྱད་ཆེད་དཔེ་མཚོན་Sampleགནང་བ་དང་། སྨན་དང་གསོ་རིག་སྨན་སྟོབས་སྐྱེད་རིགས་སྨན་ཇ་སོགས་ཀྱི་བརྟག་དཔྱད་ཡིག་ཆ་QualityControlMethodsforMedicinal Plant material, WHO གཞིར་བཟུང་བརྟག་དཔྱད་བྱས་པ་དང་།བྱུག་རྫས་རིགས་ལ་རྒྱ་གར་ཧྥ་མ་ཀོ་པི་ཡ་དང་ཡོ་རོབ་ཧྥ་མ་ཀོ་པོ་ཡ་དཔྱད་གཞིའི་ཡིག་ཆ་IndianandEuropeanPharmacopoeiaགཞིར་བཟུང་བརྟག་དཔྱད་བྱེད་བཞིན་ཡོད།འོན་ཀྱང་སྨན་སྦྱོར་ཁང་དང་སྔོ་སྦྱོར་སྡེ་ཚན་གཉིས་ནས་ཐོན་དངོས་བཟོ་སྐྲུན་ཞུས་པ་རྣམས་ཀྱི་ཚད་གཞི་MonographofTibetanMedicineandSorigProductsམེད་སྟབས་བཟོ་སྐྲུན་ཞུས་ཏེ་རིམ་བཞིན་བརྟག་དཔྱད་བྱས་ནས་བརྟག་འབྲས་རྣམས་ཕྱོགས་བསྡོམས་ཀྱིས་མཐར་སྨན་དང་གསོ་རིག་ཐོན་དངོས་རྣམས་ཀྱི་སྤུས་ཚད་ཚད་གཞི་བཟོ་འཆར་ཡོད།ཚན་པ་འདི་ནས་སྨན་རྒྱུ་རིགས་༥༠ཙམ་དང་སྨན་སྣ་གྲངས་༧༠ལྷག་ཙམ་ལ་ཚན་རིག་ལམ་ནས་སྤུས་ཚད་ཚད་གཞི་བརྟག་འབྲས་གཏན་འབེབས་རག་ཟིན་གྱིས་དེབ་ཆུང་ཐོག་དཔར་སྐྲུན་ཞུ་བཞིན་པ་དང་།དེ་ནས་རིམ་པས་སྨན་ཡོངས་དང་གསོ་རིག་ཐོན་དངོས་རྣམས་ལ་ཚད་གཞི་བཟོ་རྒྱུའི་ལས་གཞི་འགྲོ་བཞིན་ཡོད།།
 

མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:57 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།