སྨན་རྩིས་དྲ་བ། - རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ།

སྐབས་བཅུ་བཞི་པ། དུས་བཞི་འཕྲོས་དོན་དང་བཅས་པའི་གཟེར་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 25.04.2024
རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ། >> སྐབས་བཅུ་བཞི་པ། དུས་བཞི་འཕྲོས་དོན་དང་བཅས་པའི་གཟེར་བཤད་པ།

༈ དེ་ལྟར་ཉི་མས་སྐར་ཁྱིམ་ལ། །སྤྱད་པས་ས་ལ་དུས་བཞི་འཁོར། །དེ་ལ་གནས་ཚུལ་འཁོར་ཚུལ་གཉིས། །གནས་ཚུལ་གཡོན་དུ་བསྐོར་བ་སྟེ། །ལྷོ་གླིང་གསུམ་ན་དཔྱིད་ཡོད་དུས། །ཤར་དུ་དབྱར་གནས་བྱང་དུ་སྟོན། །ནུབ་གླིང་གསུམ་ན་དགུན་གནས་ཏེ། །ཉི་མ་ལུག་ཁྱིམ་ཞུགས་པ་ཡི། །ཁྱིམ་ཟླ་གཅིག་བུ་ལ་མཚོན་ན། །ལྷོ་གླིང་དབུས་མར་དཔྱིད་འབྲིང་དང་། །བྱང་དབུས་སྟོན་འབྲིང་ཤར་དབུས་མར། །དབྱར་འབྲིང་ནུབ་དབུས་དགུན་འབྲིང་གནས། །དེ་བཞིན་ལྷོ་གླིང་ནུབ་མ་རུ། །དཔྱིད་ར་ཤར་མར་དཔྱིད་ཐ་སོགས། །གཡོན་དུ་རིམ་པར་བསྐོར་ཏེ་གནས།། ༈ འཁོར་ཚུལ་དུམ་བུ་རེ་རེ་ལ། །ལྟོས་ནས་དཔྱིད་དབྱར་སྟོན་དགུན་བཞི། །རབ་འབྲིང་ཐ་མའི་རིམ་ཅན་དུ། །གཡས་སྐོར་ཚུལ་གྱིས་འཕོ་བ་ཡིན། །དཔེར་ན་ལྷོ་གླིང་དཔྱིད་ཟླ་གསུམ། །གནས་དུས་དབུས་མའི་དཔྱིད་འབྲིང་དེ། །ནུབ་ཏུ་འཕོ་ཞིང་ཤར་མ་ཡི། །དཔྱིད་ཐ་དབུས་མར་འཕོ་བ་སོགས། །གཡས་སུ་རིམ་པར་བསྐོར་ཏེ་འཕོ། །དེ་བས་དུམ་བུ་གང་གང་དུ། །དབྱར་ཉི་རིང་བ་མཐར་ཐུག་ཚེ། །དེ་ནས་གྲངས་པའི་བདུན་པ་ན། །དགུན་ཉི་ཐུང་བ་མཐར་ཐུག་དང་། །གང་དུ་དཔྱིད་མཉམ་ཡོད་པ་ནས། །གྲངས་པའི་བདུན་པར་སྟོན་མཉམ་མོ།། ༈ ཞིབ་ཏུ་གླིང་དེར་ཞག་རེ་བཞིན། །ལྡོག་མཉམ་འཕོག་པའི་ས་ཚིགས་ཀྱང་། །སུམ་ཅུ་ལྷག་ཙམ་ཡོད་པ་ལས། །རང་ཅག་གནས་པའི་ས་ཚིགས་འདིར། །ཉ་དང་བུ་མོར་མཉམ་གཉིས་དང་། །འཁྲིག་གཞུར་བགྲོད་མཐའ་གཉིས་འཕོག་ཅིང་། །ཞར་འཕྲོས་ཟླ་བའི་དབུགས་ཐོབ་དང་། །ཁྱིམ་སླེབས་སྒང་ཚད་བཅས་པ་ཡི། །དུས་གཟེར་ངེས་པ་འདིར་གསལ་བྱ།། ༈ ཁྱིམ་ཟླ་རེ་ལ་ཞག་སུམ་ཅུ། །དེ་ལས་ཁྱིམ་ཞག་བརྒྱད་པ་དང་། །ཉེར་གསུམ་པ་དང་སུམ་ཅུ་རྣམས། །རང་རང་སྒང་དང་ཕྱི་མ་ཡི། །དབུགས་ཐོབ་ཉི་རྐང་འཕོ་མཚམས་དང་། །ཁྱད་པར་འཁྲིག་གཞུའི་ཞག་ལྔ་པས། །དབྱར་དགུན་ཉི་མ་ལྡོག་ཚིགས་སྟོན། །ཀུན་ཀྱང་རང་རང་ཁྱིམ་ཞག་གི། །དུས་ལོངས་རྫོགས་པའི་ཚད་དང་བསྟུན།། ༈ དེ་རྣམས་རི་མོས་གཏན་འབེབས་ན། །དབུགས་ཐོབ་ཟླ་བ་སྔ་མ་དང་། །སྒང་ལ་གང་རྩི་ལྡོག་གཉིས་ལ། །འདས་ཟླ་གཉིས་དང་བརྒྱད་བསྲེས་པའི། །ཟླ་བཤོལ་འཕྲོ་རྣམས་མཁའ་མེས་བསྒྱུར། །དེ་སྟེང་དབུགས་ཐོབ་གཟུགས་མཚོ་ཚེས། །སྒང་ལ་རོ་མེ་འབྱུང་བ་དང་། །ལྡོག་གཉིས་ལ་ནི་འབྱུང་ཡོན་མེ། །བསྲེས་ལ་མདའ་རོས་ཐོབ་ནོར་གྱིས། །རང་རང་ཟིན་པའི་ཚེས་གྲངས་སྟོན། །ནོར་ལ་མཁའ་མེ་ལོངས་ན་དོར། །དེ་ཚེ་ཕྱི་དྷྲཱུས་བསྒྲུབ་གཞི་བྱ། །མདའ་རོས་བགོས་ལྷག་གང་བྱུང་དེས། །རེ་ལྔ་ཆ་ཡི་རེའུ་མིག་གམ། །ཡང་ན་ལྷག་དེ་ལྔས་བགོས་པའི། །ནོར་གྱིས་བཅུ་གསུམ་ཆ་དང་ནི། །ལྷག་གིས་ལྔ་ཆའི་རེའུ་མིག་གཟུང་། །དེ་ལ་གནས་མཚུངས་བསྲེས་པ་དེ། །རང་རང་གང་ཟིན་ཚེས་དེ་ཡི། །གཟའ་ཉི་བར་པའི་སྟེང་བསྣན་པས། །སོ་སོའི་ཡུལ་དུས་ཚད་རྣམས་འཆར། །ཁྱིམ་སླེབ་གྲུབ་པའི་ཉི་དག་གིས། །སྟོན་མོད་ཚད་བཞིན་མ་ཤར་ན། །གང་ཉེའི་ལོངས་སྤྱོད་མང་བ་བཟུང་། །གང་མང་ཆུ་ཚོད་ཡིད་ཀྱིས་བསྒྱུར། །སྲང་ལ་རོས་ཐོབ་བསྲེས་པ་ཡིས། །དེ་ཉིན་རེས་གཟའི་དབྱུག་གུར་དམན། །མ་ལྡངས་གཟའ་ནས་ཕབ་ལ་སྦྱངས། །དེ་ཡི་ཚེ་ན་ཞག་སྔ་མའི། །དུས་དང་སྦྱར་ཏེ་བརྩི་བར་བྱ། །གཞན་ཡང་རྀ་ཥི་འཆར་བའི་དུས། །ཁྲུམས་ཟླའི་དབུགས་ཐོབ་ཀྱིས་སྟོན་ཅིང་། །ཕག་ཞག་བལྟ་ན་སྣྲོན་ཟླའི་འཕྲོ། །མཁའ་མེས་བསྒྱུར་ལ་བུག་མེ་དྲག །བསྲེས་ལ་བགོ་སོགས་སྔར་བཞིན་ནོ། །མདོར་ན་ས་འདིའི་ཉི་ལྡོག་ནས། །ཁྱིམ་ཞག་ཉེར་ལྔ་འདས་པའི་མཚམས། །ལྷོ་གླིང་དབུས་མའི་ཚངས་ཐིག་ཏུ། །ལྡོག་ཚད་མཁའ་མིག་དབྱུག་ཚེས་དང་། །སྐར་དྲུག་ཞེ་ལྔ་འཆར་བ་ཡིན། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། །དུས་བཞི་འཕྲོས་དོན་དང་བཅས་པའི་གཟེར་བཤད་པའི་སྐབས་ཏེ་བཅུ་བཞི་པའོ།། །།

མཐའ་མའི་འདོན་ཐེངས་།: 26.04.2024 ཉིན། 9:57 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།