སྨན་རྩིས་དྲ་བ། - རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ།

སྐབས་བཅུ་བདུན་པ། ཞག་གསུམ་གྱི་དཀྱིལ་འཁོར་དང་ལོངས་སྤྱོད་རྣམ་པར་དབྱེ་བ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.04.2024
རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ། >> སྐབས་བཅུ་བདུན་པ། ཞག་གསུམ་གྱི་དཀྱིལ་འཁོར་དང་ལོངས་སྤྱོད་རྣམ་པར་དབྱེ་བ་བཤད་པ།

༈ གྲུབ་མཐའི་ཞག་གསུམ་རྣམ་གཞག་ལ། །སྤྱིར་བསྟན་དེ་དབྱེ་རྣམ་པ་གཉིས། །སྤྱི་ནི་ཞག་གསུམ་སོ་སོ་ཡི། །ཐ་སྙད་ཡིན་ཏེ་ཉིན་ཞག་ནི། །ནམ་མཁའི་ཉི་མས་སའི་གླིང་ལ། །བྱ་བ་བྱེད་ཚུལ་གྱིས་འཇོག་པས། །ནམ་ལངས་ནས་ནི་ནམ་ལངས་བར། །ཉིན་ཞག་ཕྲུགས་གཅིག་དག་ལ་བརྗོད། །ཚེས་ཞག་ཟླ་བའི་དཀར་ནག་ཆ། །འཕེལ་འགྲིབ་བཅོ་ལྔ་བཅོ་ལྔ་ཡི། །ཆ་རེའི་ཡུན་ལ་བཏགས་པར་ཟད། །ཁྱིམ་ཞག་ཅེས་པ་ཉི་བར་གྱིས། །ཁྱིམ་རེ་འཕོ་བའི་ཡུན་ཚད་ལ། །སུམ་ཅུར་བྱས་པའི་ཆ་རེར་བཞག།༈ དབྱེ་བ་ཞག་གསུམ་སོ་སོ་ཡི། །དུས་ཀྱི་ཚད་བཤད་དེའི་ཡུན་ལ། །སྐར་ཁྱིམ་ཡུལ་ལ་གཟའ་རྣམས་ཀྱིས། །སྤྱོད་པའི་དཀྱིལ་འཁོར་རྟག་ལོངས་སོ།། ༈ དེ་ལ་ཞག་གསུམ་དུས་ཀྱི་ཚད། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས། །ཆུ་ཚོད་སར་བསྒྲིལ་དྲུག་ཅུ་ནི། །ཉིན་ཞག་དུས་ཀྱི་རྟག་ལོངས་སོ། །དབུགས་གྲངས་དེ་ཉིད་རི་མཁའ་རིས། །བསྒྱུར་ལ་གནས་གསུམ་འོག་ནས་ཡར། །རི་མཁའ་རི་དང་ཆུ་རོ་ཡིས། །བསྒྲིལ་བའི་ནོར་གྱིས་སྟེང་མར་སྦྱང་། །སྦྱངས་ལྷག་རི་མཁའ་རི་དང་རོ། །མཁའ་རོས་བསྒྲིལ་བས་བུག་མདའི་དབྱུག །སྲང་མེ་དབུགས་མཚོ་ཆ་མི་བདག །ཚེས་ཞག་དུས་ཀྱི་རྟག་ལོངས་ཡིན། །དེ་ཉིད་རི་མཁའ་རིའི་བར་གསིལ། །གནས་གཉིས་འོག་མ་མིག་གིས་བསྒྱུར། །མདའ་རོས་ཐོབ་ནོར་སྟེང་མར་བསྲེ། །ཚོགས་དེ་རི་མཁའ་རི་དང་རོ། །མཁའ་རོས་བསྒྲིལ་བས་མཁའ་རོའི་དབྱུག །ཆུ་སྲང་མིག་འབྱུང་དབུགས་རྒྱ་མཚོ། །རི་མཁའ་རི་ཆ་ཀླུ་རོ་གཟུགས། །མདའ་རོའི་ཆ་ཤས་མཁའ་འབྱུང་རྣམས། །ཁྱིམ་ཞག་དུས་ཀྱི་རྟག་ལོངས་ཡིན། །གཞན་ཡང་རི་མོའི་རྣམ་འགྱུར་ལ། །ཉིན་ཞག་དུས་ལོངས་མཁའ་རོའི་དབྱུག །འབྱུང་འདོད་དྲག་པོས་བསྒྱུར་བ་ལ། །ཉི་མ་འདོད་ཟླས་རིམ་བགོ་ཞིང་། །དབུགས་་ལྷག་བཅུ་དྲུག་གིས་བགོས་པས། །ཚེས་ཞག་དུས་ཀྱི་རྟག་ལོངས་འཆར། །དེ་ལས་བསྒྱུར་བྱ་བསྒྱུར་བྱེད་དག །ལྡོག་ལ་རི་མཁའ་རི་སོགས་ཀྱིས། །ཆུ་ཚོད་སར་བསྒྲིལ་བགོད་བྱེད་ཀྱང་། །ལྡོག་པས་ཉིན་ཞག་དུས་ལོངས་འཆར། །དེ་ལས་ཁྱིམ་ལོངས་བསྒྲུབ་འདོད་ན། །བུག་མཁའ་མིག་བུག་ཡིད་ཀྱིས་བསྒྱུར། །དུས་མདའ་མཁའ་རི་ཡིད་རྣམས་ཀྱིས། །རིམ་པར་བགོས་པས་ཁྱིམ་ལོངས་འབྱུང་། །བསྒྱུར་བྱ་སྒྱུར་བྱེད་དེ་ལྡོག་གིས། །བསྒྱུར་ལ་འཁོར་ལོས་དབྱུག་སར་སྒྲིལ། །བགོད་བྱེད་ལྡོག་པས་དེ་ལས་སླར། །ཉིན་ལོངས་གནས་སུ་ལྡོག་པར་འགྱུར། །ཚེས་ཞག་དུས་ལོངས་རི་རོ་ཡིས། །བསྒྱུར་ལ་མདའ་རོས་རིམ་བགོས་པས། །ཁྱིམ་ཞག་དུས་ཀྱི་རྟག་ལོངས་འཆར། །དེ་ཡི་རི་མཁའ་རིའི་ཆ་ཤས། །འདོད་བསྒྱུར་འོག་གི་རེ་ལྔ་ཆ། །ལྔས་བགོས་ཐོབ་ནོར་བསྲེས་པ་ཡིས། །གཟུགས་བུག་གཟུགས་བུག་ཆ་རུ་འགྱུར། །དེ་ལས་བསྒྱུར་བྱ་སྒྱུར་བྱེད་དག །ལྡོག་ལ་བགོད་བྱེད་ཀྱང་ལྡོག་པས། །རིམ་བགོས་ཚེས་ཞག་དུས་ལོངས་ཏེ། །དེ་ཡི་གཟུགས་བུག་གཟུགས་བུག་ཆ། །འདོད་པས་ཕུད་པ་རི་མཁའ་རིའི། །ཆ་ཤས་གང་ཡིན་སྟོན་པར་འགྱུར། །ཉིན་ཞག་དུས་ལོངས་གནས་གཉིས་གཅིག །ཐུབ་རི་ཟླ་བས་བསྒྱུར་བ་ལ། །ཉི་མ་འདོད་ཟླས་རིམ་བགོད་ཅིང་། །དབུགས་ལྷག་བཅུ་དྲུག་གིས་བགོས་ནས། །ཉིན་ལོངས་ཅིག་ཤོས་ལ་སྦྱངས་པས། །ཚེས་ཞག་དུས་ཀྱི་ལོངས་སྤྱོད་འཆར། །དེ་ཉིད་གནས་གཉིས་བཀོད་བྱས་པའི། །གཅིག་གི་གནས་ཀུན་ཐུབ་རི་ཟླས། །བསྒྱུར་ལ་འབྱུང་འདོད་དྲག་པོ་ཡིས། །རིམ་ཐོབ་ཅིག་ཤོས་ལ་བྱིན་ཏེ། །བསྒྲིལ་བས་ཉིན་ཞག་དུས་ལོངས་འཆར། །དེ་ཉིད་གནས་གཉིས་བཀོད་བྱས་པའི། །གནས་གཅིག་མེ་ཚེས་ལག་པས་བསྒྱུར། །དུས་མདའ་མཁའ་རི་ཡིད་རྣམས་ཀྱིས། །རིམ་པར་བགོད་ཅིང་དབུགས་ལྷག་དེ། །མི་བདག་གིས་ཕྱེ་ཅིག་ཤོས་ལ། །བྱིན་པས་ཁྱིམ་ཞག་དུས་ལོངས་འབྱུང་། །ཚོགས་དེ་གནས་གཉིས་གཅིག་གི་གནས། །མེ་ཚེས་ལག་པས་བསྒྱུར་བ་ལ། །བུག་མཁའ་མིག་བུག་ཡིད་རྣམས་ཀྱིས། །རིམ་བགོས་ནོར་གྱིས་ཅིག་ཤོས་ལ། །ཕྲི་བས་ཉིན་ཞག་དུས་ལོངས་འཆར། །ཚེས་ཞག་དུས་ལོངས་གནས་གཉིས་གཅིག །མིག་གིས་བསྒྱུར་ལ་མདའ་རོ་ཡིས། །རིམ་བགོས་ཐོབ་པ་ཅིག་ཤོས་ལ། །བསྣན་ཞིང་རི་མཁའ་རི་ཆ་དེ། །འདོད་བསྒྱུར་འོག་གི་མདའ་རོ་ཆ། །ལྔས་ཐོབ་བསྲེས་པས་ཁྱིམ་ལོངས་འཆར། །དེ་ཉིད་གནས་གཉིས་གཅིག་གི་གནས། །མིག་གིས་བསྒྱུར་ལ་རི་རོ་ཡིས། །རིམ་བགོས་ཐོབ་པ་ཅིག་ཤོས་ལ། །དབྲི་ཞིང་ཆ་དེ་འདོད་པ་ཡིས། །བགོས་པས་ཚད་དེས་གཞལ་བ་ལས། །དཀྱིལ་འཁོར་རྣམ་པ་གསུམ་དུ་འགྱུར། །ལོ་གཅིག་མཁའ་དུས་མེས་བསྒྱུར་བ། །རང་རང་ལོ་ཡི་ཞག་ཚད་དང། །ཉི་མའི་འཕོ་ཞག་ཁྱིམ་དཀྱིལ་ཡིན། །དེ་ཉིད་གནས་གཉིས་འོག་མ་དེ། །མིག་བསྒྱུར་མདའ་རོས་ཐོབ་པའི་ནོར། །སྟེང་བསྲེས་ཞག་གོ་ལྷག་མ་དེ། །མཁའ་རོ་མཁའ་རོ་དུས་དང་ནི། །འདོད་པས་བསྒྱུར་ལ་མདའ་རོ་ཡིས། །རིམ་ཐོབ་གཟུགས་རེ་རྩེ་མོའི་ཞག །ཆུ་ཚོད་རིག་བྱེད་དུས་མེའི་སྲང། །འབྱུང་དབུགས་འདོད་ཆར་ཐུབ་པ་རྣམས། །ཉི་མའི་ཚེས་ཞག་དཀྱིལ་འཁོར་ཡིན། །ཚེས་དཀྱིལ་རི་མཁའ་རི་ཆར་གསིལ། །གནས་གསུམ་འོག་མ་རི་མཁའ་རིས། །བགོས་ནོར་བར་བྱིན་ཆུ་རོས་བགོ། །ལྷག་མེད་ནོར་དེས་སྟེང་མར་སྦྱངས། །རི་མཁའ་རི་དང་འདོད་སོགས་ཀྱིས། །བསྒྲིལ་བས་མདའ་དུས་རྩེ་མོའི་ཞག དབྱུག་གུར་མི་བདག་ཆུ་སྲང་ཡིད། །དབུགས་གཟུགས་འདོད་ཆར་ཉི་མ་དང། །རི་མཁའ་རི་ཆར་གཟུགས་ཉི་རྣམས། །ཉི་མའི་ཉིན་ཞག་དཀྱིལ་འཁོར་ཡིན། །ཡང་ན་ཁྱིམ་ཞག་དཀྱིལ་འཁོར་དེ། །རི་རོས་བསྒྱུར་ལ་མདའ་རོ་ཡིས། །ཐོབ་པ་ཞག་སྟེ་ལྷག་འབྱུང་བ། །མདའ་རོ་ཆ་ཡིན་དེ་ལ་ལྔས། །ཕྱེ་ནོར་ཞག་གི་འདོད་ཆ་སྟེ། །ཉི་མའི་ཚེས་ཞག་དཀྱིལ་འཁོར་ཡིན། །དེ་ཡི་ཞག་གནས་མདའ་རོས་བསྒྱུར། །འདོད་ཆ་ལྔ་ཡིས་བསྒྱུར་བ་བསྲེ། །དེ་ལ་རི་རོས་བགོས་ཐོབ་པ། །ཁྱིམ་དཀྱིལ་ཡིན་ནོ་སླར་ཡང་དེ། །བུག་མཁའ་མིག་བུག་ཡིད་ཀྱིས་བསྒྱུར། །དུས་མདའ་མཁའ་རི་ཡིད་ཀྱིས་བགོ། །ཐོབ་པ་ཞག་ཡིན་ལྷག་མ་དེ། །ཀླུས་ཐོབ་མིག་ཀླུ་མེ་སྐྱོན་ཆར། །དབང་པོ་རི་བོ་བུག་མཚོ་སྟེ། །ཉིན་དཀྱིལ་ཡིན་ཏེ་ཞག་གི་གནས། །དུས་མདའ་མཁའ་རི་ཡིད་ཀྱིས་བསྒྱུར། །དེ་ལ་འོག་མ་ཀླུས་བསྒྱུར་བསྲེ། །བུག་མཁའ་མིག་བུག་ཡིད་ཀྱིས་བགོ། །ཐོབ་པ་ཁྱིམ་ཞག་དཀྱིལ་འཁོར་ཡིན། །ཉིན་ཞག་དཀྱིལ་འཁོར་ཞག་གིས་གནས། །མིག་ཀླུ་མེ་སྐྱོན་གྱིས་བསྒྱུར་བར། །རང་ཆ་བཅུག་ལ་གདེངས་ཀ་ཡིས། །བསྒྱུར་ལ་འབྱུང་འདོད་དྲག་པོས་བགོ། །ནོར་ལ་སླར་ཡང་འདོད་པ་ཡིས། །བགོས་པས་ཚེས་ཞག་དཀྱིལ་འཁོར་འཆར། །དེ་ཡིས་ཞག་གནས་འདོད་པས་བསྣུན། །ཆ་བཅུག་འབྱུང་འདོད་དྲག་པོས་བསྒྱུར། །དུས་མདའ་མཁའ་རི་ཡིད་ཐོབ་ནོར། །ཉིན་དཀྱིལ་ཞག་གནས་ལྷག་མ་ཀླུས། །ཐོབ་པ་མིག་ཀླུ་མེ་སྐྱོན་ཆ། །ཚེས་ཞག་དཀྱིལ་འཁོར་གནས་གཉིས་གཅིག།།ཐུབ་རི་ཟླ་བསྒྱུར་ཉི་འདོད་ཟླ། །ཐོབ་པ་ཞག་ཡིན་ལྷག་འདོད་པས། །བསྒྱུར་ལ་ཆ་བཅུག་ཐོབ་འདོད་ཆ། །དེ་ཡིས་གཅིག་ཤོས་ལ་སྦྱང་ཞིང། །སླར་ཡང་འདོད་ཆ་ཉི་འདོད་ཟླས། །བསྒྱུར་ལ་ཆ་བསྲེས་ཀླུ་ཡིས་བགོ། །ཉིན་དཀྱིལ་ཡིན་ཏེ་གནས་གཉིས་གཅིག།།ཐུབ་རི་ཟླས་བསྒྱུར་འོག་མའི་ཚོགས། །མིག་ཀླུ་མེ་སྐྱོན་གྱིས་བསྒྱུར་ལ། །འོག་བཅུག་འབྱུང་སོགས་ཀྱིས་ཐོབ་ནོར། །ཉིན་དཀྱིལ་ཅིག་ཤོས་ལ་བྱིན་ཞིང། །འོག་མ་མིག་ཀླུ་མེ་སྐྱོན་གྱིས། །བགོས་ཐོབ་སྟེང་བསྲེས་ལྷག་མ་ཡང། །མ་ནུ་མ་ནུས་བགོས་ཐོབ་པ། །བཅུ་གསུམ་ཆ་སྟེ་ཚེས་དཀྱིལ་ལོ། །རྒྱུ་སྐར་མཁའ་རོས་བསྒྱུར་བ་ཡིས། །སྟོང་དང་དྲུག་བརྒྱ་ཉི་ཤུ་འབྱུང། །གཟའ་རྣམས་ཀུན་གྱི་བགྲོད་བྱའི་གཞི། །རྒྱུ་སྐར་འཁོར་ལོའི་ཆུ་ཚོད་ཡིན། །དེ་ལ་སོ་སོའི་དཀྱིལ་འཁོར་གྱིས། །བགོས་པས་ཡུལ་གྱི་རྟག་ལོངས་འཆར།། ༈ ཉི་མའི་ཁྱིམ་ཞག་དཀྱིལ་འཁོར་གྱིས། །བགོས་ཐོབ་ཆུ་ཚོད་ལྷག་མཁའ་རོས། །བསྒྱུར་ལ་ཐོབ་པ་ཆུ་སྲང་སྟེ། །ཆུ་ཚོད་རྒྱ་མཚོ་སྲང་མཁའ་མེ། །ཉི་མའི་ཁྱིམ་ཞག་ཡུལ་ལོངས་ཡིན། །ཚེས་དཀྱིལ་འདོད་པའི་ཆར་བྱས་པས། །ཆུ་མིག་ཀླུ་མཚོ་འབྱུང་བ་དེས། །རྒྱུ་སྐར་ཆུ་ཚོད་ཤེད་མཚུངས་ལ། །རིམ་ཐོབ་དབུགས་་ལྷག་མིག་རི་ཡིས། །བགོས་པས་ཆུ་ཚོད་རིག་བྱེད་དང་། །གཟུགས་མིག་སྲང་ལ་དབུགས་འབྱུང་བ། །རེ་བདུན་ཆ་ལ་མེ་མཚོ་རྣམས། །ཉི་མའི་ཚེས་ཞག་ཡུལ་ལོངས་སོ། །ཉི་མའི་ཉིན་ཞག་དཀྱིལ་འཁོར་དེ། །མིག་ཀླུ་མེ་སྐྱོན་ཆར་བྱས་པས། །མདའ་མཁའ་མཚོ་ཡིད་རི་མཚམས་འོང་། །དེ་ཡིས་རྒྱུ་སྐར་ཆུ་ཚོད་ཀྱང་། །ཤེད་མཚུངས་བྱས་པར་རིམ་ཐོབ་པ། །བརྩེགས་ལ་དབུགས་ལྷག་འབྱུང་མཚོ་ཡིས། །བགོས་པས་རྒྱ་མཚོའི་ཆུ་ཚོད་དང་། །དུས་མིག་སྲང་ལ་དབུགས་སྟོང་པ། །བུག་མཁའ་མིག་བུག་ཡིད་ཀྱི་ཆར། །དུས་ཚེས་མེ་བུག་ཉི་མ་ཡི། །ཉིན་ཞག་ཡུལ་གྱི་ལོངས་སྤྱོད་དོ།། ༈ མཁའ་མེས་རྒྱུ་སྐར་ཆུ་ཚོད་ལ། །ཐོབ་པ་ཐུན་མིན་ཡུལ་ལོངས་ཡིན། །དེ་ཉིད་ཐུན་མོང་ཉི་མ་ཡི། །ཚེས་ཞག་ཡུལ་ལོངས་སྟེང་བསྣན་པས། །ཆུ་ཚོད་ཀླུ་དབང་སྲང་གཟུགས་མིག །འབྱུང་དབུགས་རི་རོའི་ཆར་མེ་མཚོ། །ཟླ་བའི་ཚེས་ཞག་རྟག་ལོངས་སོ། །ཚོགས་དེ་ཆུ་འདོད་ཀྱིས་བསྒྲིལ་བས། །དབྱུག་སར་གཟུགས་མིག་ཀླུ་རི་འོང་། །དེ་ཡིས་རྒྱུ་སྐར་ཆུ་ཚོད་ཀྱང་། །ཤེད་མཚུངས་ལ་བགོས་ཉེར་བདུན་ཞག །ལྷག་དེ་བུ་གས་བགོས་ཐོབ་པ། །བུག་རོ་ཀླུ་ཆ་རི་དབང་དུས། །ཟླ་བའི་ཚེས་ཞག་དཀྱིལ་འཁོར་རོ། །དེ་ཉིད་བུག་རོ་ཀླུ་ཆར་གསིལ། །གནས་གཉིས་འོག་མ་མིག་གིས་བསྒྱུར། །རི་རོས་ཐོབ་པས་སྟེང་མར་སྦྱང་། །དེ་ལ་བུག་རོ་ཀླུས་བགོས་པས། །དུས་མིག་ཞག་དང་བུག་རོ་ཀླུའི། །ཆ་ལ་དུས་མཁའ་གདེངས་ཀ་ཅན། །ཟླ་བའི་ཁྱིམ་ཞག་དཀྱིལ་འཁོར་རོ། །ཚེས་དཀྱིལ་འབྱུང་འདོད་དྲག་པོས་བསྒྱུར། །འོག་མ་བུག་རོ་ཀླུས་ཐོབ་ནོར། །སྟེང་བྱིན་དེ་ལ་ཉི་འདོད་ཟླས། །ཐོབ་པ་ཉེར་བདུན་ཞག་ཡིན་ལ། །ལྷག་མ་བུག་རོ་ཀླུས་བསྒྱུར་བར། །ཆ་བསྲེས་ཀླུ་ཡིས་བགོས་ཐོབ་པ། །དུས་དུས་རི་ཀླུ་མིག་ཉིའི་ཆར། །མེ་མཚོ་མེ་དབང་བུག་མེ་རྣམས། །ཟླ་བའི་ཉིན་ག་དཀྱིལ་འཁོར་ཡིན། །ཁྱིམ་དཀྱིལ་བུག་རོ་ཀླུ་ཆར་གསིལ། །མཁའ་མཁའ་མཚོ་མེ་མིག་འཆར་བས། །རྒྱུ་སྐར་ཆུ་ཚོད་ཤེད་སྙོམས་ལ། །རིམ་བགོས་ཆུ་ཚོད་མཁའ་རོ་དང་། །ཆུ་སྲང་བུ་ག་དབུགས་རྒྱ་མཚོ། །མདའ་རོའི་ཆར་ཕྱོགས་ཟླ་བ་ཡི། །ཁྱིམ་ལོངས་ཡིན་ནོ་ཉིན་དཀྱིལ་ནི། །དུས་དུས་རི་ཀླུ་མིག་ཉིར་གསིལ། །འབྱུང་མིག་མཁའ་ལག་རི་བོ་དབང་། །རྩེ་མོ་མེ་འོང་བགོད་བྱེད་དེ། །རྒྱུ་སྐར་ཆུ་ཚོད་ཤེད་མཚུངས་ལ། །རིམ་ཐོབ་བུག་མདའི་ཆུ་ཚོད་དང་། །ཆུ་སྲང་རི་གཟུགས་དབུགས་ཡོན་ཏན། །དབུགས་ལྷག་འབྱུང་མིག་ལག་ཐོབ་པར། །བུག་མཁའ་མིག་བུག་ཡིད་ཀྱི་ཆར། །རི་རོ་མེ་དབང་བུ་ག་རྣམས། །ཟླ་བའི་ཉིན་ཞག་རྟག་ལོངས་ཡིན།། ༈ མཁའ་མཁའ་བུག་རོ་སྒྲ་གཅན་གྱི། །ཚེས་ཞག་དཀྱིལ་འཁོར་ཡིན་དེ་ལ། །སུམ་ཅུས་བགོས་པས་མཁའ་མེ་ལག །ཚེས་ཟླ་རིལ་པོའི་དཀྱིལ་འཁོར་ཏེ། །ཞག་དཀྱིལ་བཅོ་ལྔས་ཕྱེ་བའམ། །ཟླ་དཀྱིལ་མིག་བསྒྱུར་མཁའ་དུས་ཆུ། །ཚེས་ཟླ་ཕྱེད་པའི་དཀྱིལ་འཁོར་ཡིན། །ཚེས་ཞག་དཀྱིལ་འཁོར་མདའ་རོ་ཡིས། །བསྒྱུར་ལ་རི་རོས་བགོས་ཐོབ་པ། །དྲུག་སྟོང་དྲུག་བརྒྱ་གོ་བཞིའི་ཞག །རི་རོའི་ཆ་ཤས་ལག་པ་སྟེ། །སྒྲ་གཅན་ཁྱིམ་ཞག་དཀྱིལ་འཁོར་རོ། །ཚེས་ཞག་དཀྱིལ་འཁོར་འབྱུང་འདོད་དྲག །གིས་བསྒྱུར་ཉི་མ་འདོད་ཟླས་བགོ། །ཐོབ་པ་མིག་བུག་རི་རོའི་ཞག །ལྷག་མ་བཞིས་ཐོབ་སྲིན་པོ་བུག །ཀླུ་ལག་ཀླུ་ལག་ཆ་ཡིན་ཏེ། །སྒྲ་གཅན་ཉིན་ཞག་དཀྱིལ་འཁོར་རོ། །གཞན་ཡང་ཁྱིམ་དཀྱིལ་རི་རོ་ཆར། །གསིལ་ལ་མངའ་རོས་ཐོབ་པ་ནི། །ཚེས་དཀྱིལ་ཡིན་ནོ་ཉིན་དཀྱིལ་གྱི། །ཞག་གནས་ཉི་མ་འདོད་ཟླས་བསྒྱུར། །དེ་ལ་འོག་མ་ཆུས་བསྒྱུར་བསྲེ། །འབྱུང་འདོད་དྲག་ཐོབ་ཚེས་དཀྱིལ་ལོ། །ཁྱིམ་ཞག་བུག་སོགས་ཀྱིས་བསྒྱུར་བར། །འོག་མ་འཁོར་ལག་མིག་བསྒྱུར་བསྲེ། །དུས་མདའ་མཁའ་རི་ཡིད་ཀྱིས་བགོ། །ཐོབ་པ་ཉིན་ཞག་ལྷག་མ་དེ། །མིག་འབྱུང་གིས་རྙེད་བུག་རྩ་ནི། །ཀླུ་ལག་ཀླུ་ལག་ཆ་རུ་འགྱུར། །ཉིན་དཀྱིལ་དེ་ཡི་ཞག་གི་གནས། །དུས་མདའ་མཁའ་སོགས་ཀྱིས་བསྒྱུར་བར། །འོག་མ་མིག་འབྱུང་གིས་བསྒྱུར་བསྲེ། །བུག་མཁའ་མིག་སོགས་ཀྱིས་ཐོབ་ཞག །ལྷག་མ་འཁོར་ལོ་མིག་ལག་གིས། །ཐོབ་པ་རི་རོའི་ཆར་འགྱུར་ཏེ། །སྒྲ་གཅན་ཁྱིམ་ཞག་དཀྱིལ་འཁོར་ཡིན།། ༈ སྒྲ་གཅན་ཚེས་ཞག་ཚེས་ཟླ་དང་། །ཟླ་ཕྱེད་དཀྱིལ་འཁོར་གསུམ་པོ་ཡིས། །རྒྱུ་སྐར་ཆུ་ཚོད་ལ་བགོས་པས། །ཆུ་སྲང་ཡིད་དང་མེ་མིག་ཆར། །ཉི་མ་ཚེས་ཞག་རྟག་ལོངས་དང་། །དབྱུག་རི་སྲང་མིག་དབུགས་ཡོན་ཏན། །མེ་མིག་ཆར་ཚེས་ཟླ་ལོངས་ཏེ། །མེ་དབྱུག་གཟུགས་མེའི་སྲང་དབུགས་གཟུགས། །བུག་གཟུགས་ཆ་སྟེ་ཕྱོགས་ལོངས་ཡིན། །ཁྱིམ་ཞག་དཀྱིལ་འཁོར་རི་རོ་དང་། །ཉིན་དཀྱིལ་ཀླུ་ལག་ཀླུ་ལག་ཆར། །གསིལ་བ་སོ་སོས་རྒྱུ་སྐར་གྱི། །ཆུ་ཚོད་ཤེད་བསྙོམས་ལ་བགོས་པས། །མ་ནུའི་ཆུ་སྲང་དབུགས་རྩེ་མོ། །མེ་མིག་ཆར་ལག་མདའ་རོའི་ཆར། །ཡོན་ཏན་དབང་པོ་ཁྱིམ་ལོངས་དང་། །ཆུ་སྲང་མ་ནུ་དབུགས་ཟླ་བ། །མེ་མིག་ཆ་ལ་བུ་ག་གཟུགས། །འབྱུང་འདོད་དྲག་ཆར་ཀླུ་མེ་མཁའ། །ཕྱོགས་རྣམས་སྒྲ་གཅན་ཉིན་ལོངས་ཡིན།། ༈ དེ་ནས་གཟའ་ལྔའི་དྲག་གསུམ་གྱིས། །རྒྱུ་སྐར་འཁོར་བའི་ཉིན་ཞག་དཀྱིལ། །བཀྲ་ཤིས་ལ་ནི་རི་ཀླུ་རོ། །ཕུར་བུའི་སོ་མེ་རྒྱ་མཚོ་སྟེ། །སྤེན་པའི་དུས་མཚམས་རི་ཕྱོགས་སོ། །ཞི་གཉིས་རྐང་པའི་ཉིན་ཞག་དཀྱིལ། །ལྷག་པའི་ཉིན་ཞག་རི་ཀླུ་དང་། །དེ་ཡི་བརྒྱ་ཆ་རི་བུག་ཡིན། །དཀར་པོའི་ཉིན་ཞག་རྒྱལ་བ་མིག །ཞག་གི་བཅུ་ཆ་རི་བོ་སྟེ། །ཞག་གནས་བརྒྱ་དང་བཅུས་སོ་སོར། །བསྒྱུར་ལ་རང་རང་ཆ་བཅུག་པས། །ལྷག་པའི་རི་བུག་རི་ཀླུ་དང། །པ་ཝ་སངས་ཀྱི་རི་རྒྱལ་མིག །ཞི་གཉིས་ཞག་གི་བརྒྱ་ཆ་དང་། །བཅུ་ཆའི་ཉིན་ཞག་དཀྱིལ་འཁོར་ཡིན། །ཡང་ན་ཞག་གནས་འདྲ་བ་ལ། །ལྷག་པར་ཆུ་ཚོད་ང་བརྒྱད་དང་། །ཆུ་སྲང་ཉིའོ་པ་སངས་ལ། །མིག་མཚོའི་དབྱུག་སྟེ་བརྒྱ་དང་བཅུས། །བསྒྱུར་ལ་བསྒྲིལ་བས་སྔར་ལྟར་འཆར། །གཟའ་ལྔའི་ཉིན་དཀྱིལ་གནས་གཉིས་བཀོད། །འོག་མ་མེ་ཚེས་ལག་པས་བསྒྱུར། །བུག་མཁའ་མིག་བུག་ཡིད་ཀྱིས་བགོ། །ཐོབ་པས་སྟེང་སྦྱངས་དེ་ལས་གཅིག །ཕབ་ལ་བུག་སོགས་ཆ་ཡིས་སྦྱང་། །རང་རང་ཁྱིམ་ཞག་དཀྱིལ་འཁོར་འཆར། །ཡང་ན་ཉིན་ཞག་དཀྱིལ་འཁོར་གང་། །དུས་མདའ་མཁའ་རི་ཡིད་ཀྱིས་བསྒྱུར། །བུག་མཁའ་མིག་བུག་ཡིད་ཀྱིས་བགོ། །ཐོབ་པ་ཞག་སྟེ་ལྷག་རང་ཆ། །དེ་ལ་རང་རང་ཁྱིམ་དཀྱིལ་ནི། །ཐུབ་རི་དུས་ཞག་བུག་སོགས་ཆར། །བུག་རི་བུག་ཉི་བཀྲ་ཤིས་སོ། །དུས་ཀླུའི་ཞག་དང་དེའི་བརྒྱ་ཆར། །ནམ་མཁའ་རི་བོ་བུག་སོགས་ཆར། །མིག་མཁའ་དུས་བུག་ལྷག་པའོ། །བུག་རོ་མིག་མཚོའི་ཞག་དང་ཆར། །གཟུགས་རི་མེ་མེ་རི་ཕུར་བུ། །གཟུགས་མིག་ལག་ཞག་བཅུ་ཆར་མཚོ། །བུག་སོགས་ཆ་ལ་དུས་ཕྱོགས་དུས། །གདེངས་ཀ་ཅན་རྣམས་པ་སངས་སོ། །ཕྱོགས་དུས་ཕྱོགས་ཞག་བུག་སོགས་ཆར། །དུས་མཁའ་ཆུ་རི་བུག་སྤེན་པ། །དེ་རྣམས་བུག་སོགས་ཆར་གསིལ་ལ། །སྒྱུར་བྱེད་བགོད་བྱེད་ལྡོག་པ་ལས། །སོ་སོའི་ཉིན་ཞག་དཀྱིལ་འཁོར་འཆར། །ཡང་ན་ཁྱིམ་ཞག་དཀྱིལ་འཁོར་རྣམས། །གནས་གཉིས་བཀོད་པའི་ཕྱོགས་གཅིག་པོ། །མེ་ཚེས་ལག་པས་བསྒྱུར་བ་ལ། །དུས་མདའ་མཁའ་རི་ཡིད་ཀྱིས་བགོ། །ནོར་དེ་ཅིག་ཤོས་ལ་བྱིན་པས། །ཉིན་ཞག་དཀྱིལ་འཁོར་འཆར་བ་ཡིན། །རང་རང་ཉིན་དཀྱིལ་གནས་གཉིས་བཀོད། །འོག་མ་ཐུབ་རི་ཟླ་བས་བསྒྱུར། །འབྱུང་འདོད་དྲག་པོས་ཐོབ་པའི་ནོར། །སྟེང་བྱིན་སོ་སོའི་ཚེས་དཀྱིལ་ལོ། །ཡང་ན་རང་རང་ཉིན་དཀྱིལ་གང་། །ཉི་མ་འདོད་ཟླས་བསྒྱུར་བ་ལ། །འབྱུང་འདོད་དྲག་པོས་ཐོབ་པའི་ནོར། །ཞག་ཡིན་འོག་མ་རང་གི་ཆ། །དེ་ལྟར་བསྒྲུབས་པའི་ཚེས་དཀྱིལ་ནི། །རི་བུག་རོའི་ཞག་འབྱུང་སོགས་ཆར། །བུ་ག་རྒྱལ་བ་ཕྱོགས་མིག་དམར། །བུག་ཀླུའི་ཞག་དང་དེའི་བརྒྱ་ཆར། །དུས་མེའོ་འབྱུང་འདོད་དྲག་པོའི་ཆར། །མཚོ་མཁའ་མེ་བུག་ལྷག་པའོ། །མཁའ་མཁའ་ཆུ་མཚོའི་ཞག་དང་ཆར། །མཚོ་ནོར་འབྱུང་བུག་ཕུར་བུའོ། །ཀླུ་ལག་མིག་ཞག་བཅུ་ཆར་འཁྲིག །འབྱུང་འདོད་དྲག་ཆར་རྒྱ་མཚོ་བུག །བུག་རི་རྣམས་ནི་པ་སངས་སོ། །རི་བོ་མེ་བུག་ཕྱོགས་ཞག་དང་། །ཆ་ལ་རི་བུག་ཡིད་སྤེན་པ། །དེ་ལས་ཉིན་དཀྱིལ་བསྒྲུབ་འདོད་ན། །ཚེས་དཀྱིལ་འབྱུང་འདོད་དྲག་ཆར་གསིལ། །ཉི་མ་འདོད་ཟླས་བགོས་ཐོབ་པ། །སོ་སོའི་ཉིན་ཞག་དཀྱིལ་འཁོར་འགྲུབ། །ཡང་ན་ཚེས་དཀྱིལ་གནས་གཉིས་ཀྱི། །གཅིག་གི་གནས་ཀུན་ཐུབ་རི་ཟླས། །བསྒྱུར་ལ་ཉི་འདོད་ཟླས་ཐོབ་པ། །ཅིག་ཤོས་ལ་ཕྲི་ཉིན་དཀྱིལ་འགྲུབ། །གཞན་ཡང་ཁྱིམ་ཞག་དཀྱིལ་འཁོར་ལས། །ཚེས་དཀྱིལ་སྒྲུབ་ན་ཞག་གི་གནས། །རི་རོས་བསྒྱུར་ལ་མདའ་རོས་བགོ། །ཐོབ་པ་ཞག་ཡིན་ལྷག་མ་གང་། །འབྱུང་འདོད་དྲག་པོས་བསྒྱུར་བ་ལ། །འོག་མ་འབྱུང་བས་བསྒྱུར་བ་བསྲེ། །མདའ་རོས་ཐོབ་པ་འབྱུང་སོགས་ཆ། །ཡང་ན་ཁྱིམ་དཀྱིལ་གནས་གཉིས་ཀྱི། །གཅིག་གི་སྟེང་འོག་མིག་གིས་བསྒྱུར། །སྟེང་མར་མདའ་རོས་ཐོབ་པ་ཞག །ལྷག་མ་བུག་སོགས་ཀྱིས་བསྒྱུར་བར། །འོག་མ་བསྲེས་ལ་མདའ་རོ་ཡིས། །ཐོབ་བའི་ཆར་བཅས་ཅིག་ཤོས་ལ། །གནས་མཚུངས་བསྲེས་པའི་བར་པ་དེ། །ལྔས་བསྒྱུར་འོག་མ་འདོད་ཐོབ་བསྲེ། །རི་རོས་ཐོབ་པ་འབྱུང་སོགས་ཀྱི། །ཆ་ཡིན་རང་རང་ཚེས་དཀྱིལ་ལོ། །དེ་ཡི་སྟེང་འོག་མདའ་རོས་བསྒྱུར། །འོག་མར་འབྱུང་འདོད་དྲག་པོ་ཡིས། །ཐོབ་པ་སྟེང་བསྲེ་རི་རོས་བགོ། །དེ་ལྷག་འབྱུང་འདོད་དྲག་པོས་བསྒྱུར། །རང་ཆ་བསྲེས་ལ་ལྔས་ཐོབ་པ། །བུག་སོགས་ཆ་སྟེ་ཁྱིམ་དཀྱིལ་ལོ། །ཡང་ན་ཚེས་དཀྱིལ་གནས་གཉིས་བཀོད། །གཅིག་གི་སྟེང་འོག་མིག་གིས་བསྒྱུར། །སྟེང་མར་རི་རོས་ཐོབ་པ་ཞག །ལྷག་མ་འབྱུང་འདོད་དྲག་པོ་ཡིས། །བསྒྱུར་བར་འོག་མ་བསྲེས་དེ་ལ། །རི་རོས་ཐོབ་པ་ལྷག་བཅས་པས། །ཅིག་ཤོས་ལ་སྦྱང་བར་པ་དེ། །རི་རོས་བསྒྱུར་ལ་འོག་མ་བསྲེ། །འབྱུང་བས་ཐོབ་པ་བུག་སོགས་ཀྱི། །ཆ་སྟེ་རང་རང་ཁྱིམ་དཀྱིལ་ལོ། །གཞན་ཡང་ཚེས་དཀྱིལ་ག་གི་གནས། །འབྱུང་འདོད་དྲག་པོའི་ཆར་གསིལ་བ། །སླར་ཡང་འདོད་པས་བསྒྱུར་བ་ལ། །བུག་མཁའ་མིག་བུག་ཡིད་ཀྱིས་བགོ། །རྙེད་པ་ལྷག་བཅས་ཁྱིམ་དཀྱིལ་ཏེ། །དེ་ཡང་བུག་སོགས་ཆར་གསིལ་ལ། །འདོད་ཐོབ་འབྱུང་འདོད་དྲག་པོས་བགོ། །རྙེད་པ་ལྷག་བཅས་ཚེས་དཀྱིལ་ལོ། །དེ་དག་ཀུན་ལ་ཞི་གཉིས་ཀྱི། །ཞག་གསུམ་གཅིག་ལས་གཅིག་བསྒྲུབ་ཚེ། །ཞག་གནས་བརྒྱ་ཆ་བཅུ་ཆར་གསིལ། །ཅིག་ཤོས་བསྒྲུབས་རྗེས་གནས་སྟེང་མ། །བརྒྱ་དང་བཅུས་ཐོབ་ཞག་གནས་སོ།། ༈ དེ་ནས་གཟའ་ལྔའི་རྟག་ལོངས་ནི། །རང་རང་ཉིན་ཞག་དཀྱིལ་འཁོར་གྱིས། །དྲག་གསུམ་རྒྱུ་སྐར་ཆུ་ཚོད་དང་། །དེ་ཉིད་ཞི་བར་བརྒྱ་དང་བཅུས། །བསྒྱུར་བའི་ཚོགས་ལ་རིམ་བགོས་པས། །དྲག་གསུམ་དལ་བ་ཞི་གཉིས་ཀྱི། །རྐང་པའི་ཉིན་ཞག་རྟག་ལོངས་འཆར། །ཆུ་ཚོད་ལག་པ་སྲང་གཟུགས་མིག །དབུགས་ཟུང་བུག་མིག་ལག་པའི་ཆར། །ཀླུ་མཁའ་བགྲོད་པ་མིག་དམར་རོ། །ཆུ་ཚོད་ཉེས་པ་སྲང་རྒྱལ་བ། །དབུགས་སུ་དབང་པོ་དཀྱིལ་འཁོར་ཆར། །རི་ཀླུ་རོ་མཚོ་ལྷག་པའོ། །ལག་མིག་ཆུ་སྲང་དབུགས་མཚེ་མ། །གཟུགས་དུས་མེའི་ཆར་དུས་མིག་ལག །ཕུར་བུ་ཡིན་ནོ་ཆུ་ཚོད་རི། །ཆུ་སྲང་ཉི་མ་དབུགས་ཡོན་ཏན། །བུག་མཚོ་རི་ཆར་དབང་མཚོ་མེ། །པ་ཝ་སངས་སོ་ཆུ་སྲང་བུག །མཁའ་དབུགས་མེ་ཀླུ་མེ་མདའི་ཆར། །ཉེས་པ་བུག་རྣམས་སྤེན་པ་སྟེ། །སོ་སོའི་ཉིན་ཞག་ཡུལ་ལོངས་ཡིན། །གཟའ་ལྔ་རང་རང་ཁྱིམ་ཞག་གི། །དཀྱིལ་འཁོར་རང་ཆར་གསིལ་བ་ཡིས། །རྒྱུ་སྐར་ཆུ་ཚོད་ཤེད་མཚུངས་ལ། །བགོས་པས་ཁྱིམ་ཞག་རྟག་ལོངས་ཏེ། །བྱ་སླའི་ཆེད་དུ་དབུགས་ལྷག་རྣམས། །བཀྲ་ཤིས་དཀར་པོར་ཀླུ་མཚོ་དང་། །ཕུར་བུར་དུས་བུག་ལྷག་མི་བདག །སྤེན་པར་སོ་ཡིས་ཐོབ་ནོར་ལ། །གཟུགས་བུག་གཟུགས་བུག་གིས་བགོས་པས། །སྟེང་མ་རང་ཆ་ཁྱད་པར་དུ། །ཕུར་བུར་ཉིས་འགྱུར་འོག་མ་རྣམས། །གཟུགས་བུག་གཟུགས་བུག་ཆ་ཡིན་ཏེ། །བཀྲ་ཤིས་མཁའ་ཟུང་མེ་མིག་རྩེ། །ཐུབ་རི་ཆུ་རོ་འདོད་པའོ། །ལྷག་པའི་མཁའ་སྐྱོན་གཟུགས་མཚོ་མཁའ། །ལག་མིག་བགྲོད་པ་དབང་པོ་དང་། །དུས་བུག་དྲང་སྲོང་ཆུ་གཏེར་རོ། །སྒྲ་མཁན་མཁའ་མཁའ་ལག་མིག་མཚོ། །གཟུགས་མེ་ཆུ་དང་མིག་ཀླུ་དུས། །དཀར་པོར་མཁའ་རི་སྐྱོན་དབང་པོ། །རིག་བྱེད་སྡེ་པ་ཡོན་ཏན་དང་། །བུག་མཚོ་ཆུ་བོ་རྒྱ་མཚོའོ། །དལ་འགྲོར་མཁའ་མཁའ་བུ་ག་མཁའ། །ཐུབ་པ་གདེངས་ཅན་གཟུགས་དབང་པོ། །དུས་མཚོ་ནམ་མཁའ་ལག་པ་སྟེ། །སོ་སོའི་ཁྱིམ་ཞག་རྟག་ལོངས་ཡིན།། ༈ གཟའ་ལྔའི་ཚེས་ཞག་དཀྱིལ་འཁོར་རྣམས། །རང་ཆར་གསིལ་བས་ཤེད་སྙོམས་ཀྱི། །རྒྱུ་སྐར་འཁོར་ལོ་ལ་བགོས་པས། །རང་རང་ཚེས་ཞག་རྟག་ལོངས་འཆར། །འདིར་ཡང་དབུགས་ལྷག་སྔར་ལྟར་དུ། །བགོས་ནོར་རི་མཁའ་རིས་ཐོབ་པས། །གོང་མ་སྔར་འདྲ་ཆ་འོག་མ། །རི་མཁའ་རི་ཡི་ཆ་ཡིན་ནོ། །བཀྲ་ཤིས་མཁའ་མིག་བུག་གཟུགས་ཟླ། །མེ་ཡིད་རྒྱ་མཚོ་མ་ནུའོ། །སྔོ་སངས་མཁའ་སྐྱོན་རི་བོ་མེ། །དུས་མེ་མཁའ་ཐུབ་མེ་རིའོ། །བླ་མར་མཁའ་མཁའ་ལག་མིག་ཐིག །དབང་རི་མེ་དང་མིག་ཐུབ་བོ། །དཀར་པོར་མཁའ་རི་དབང་པོ་མཚོ། །དུས་མེ་རོ་དང་མཚམས་མིག་གོ། །ཉི་བུར་མཁའ་མཁའ་གདེངས་ཅན་དབང་། །ཀླུ་མེ་རི་གཟུགས་མི་བདག་ལག །སོ་སོའི་ཚེས་ཞག་རྟག་ལོངས་སོ།། ༈ དེ་ལྟར་ཉི་ཟླ་སྒྲ་གཅན་དང་། །གཟའ་ལྔའི་རང་རང་ཞག་གསུམ་གྱི། །ཡུལ་ལོངས་ཕན་ཚུན་གཅིག་ལས་གཅིག །འདོན་ཚུལ་ཆོ་ག་བསྡོམས་ཏེ་བཤད། །རང་རང་ཉིན་ལོངས་གནས་ཐམས་ཅད། །བུག་སོགས་ཀྱིས་བསྒྱུར་དབྱུག་སར་བསྒྲིལ། །དེ་ལ་དུས་མདའ་མཁའ་སོགས་ཀྱིས། །རིམ་ཐོབ་སོ་སོའི་ཁྱིམ་ལོངས་ཏེ། །ཁྱད་པར་ཟླ་བར་དབུགས་ལྷག་དེ། །མདའ་རོས་བསྒྱུར་ཐོབ་རེ་ལྔ་ཆ། །དེ་བཞིན་གཟའ་ལྔར་རང་ཆ་རྣམས། །བཏོན་ལྷག་མི་བདག་གིས་ཐོབ་པ། །གཟུགས་བུག་གཟུགས་བུག་ཆ་ཡིན་ནོ། །དེ་ལས་བསྒྱུར་བྱེད་བགོད་བྱེད་དག །ལྡོག་པས་སླར་ཡང་ཉིན་ལོངས་འཆར། །རང་རང་ཉིན་ལོངས་གནས་རྣམས་ཀུན། །འབྱུང་འདོད་དྲག་བསྒྱུར་ཉི་འདོད་ཟླས། །རིམ་ཐོབ་སོ་སོའི་ཚེས་ལོངས་འཆར། །འདིར་ཡང་གཟའ་ལྔའི་རང་ཆ་རྣམས། །བཏོན་པའི་ལྷག་མར་མི་བདག་གིས། །ཐོབ་པ་རི་མཁའ་རིའི་ཆ་ཡིན། །དེ་ཉིད་སྒྱུར་བྱེད་བགོད་བྱེད་དག །ལྡོག་པས་ཉིན་ཞག་ཡུལ་ལོངས་སྟོན། །རང་རང་ཁྱིམ་ལོངས་གནས་རྣམས་ཀུན། །མདའ་རོས་བསྒྱུར་ལ་རི་རོས་ཡིས། །རིམ་ཐོབ་ཚེས་ལོངས་ཆ་འོག་མར། །འདོད་ཐོབ་རི་མཁའ་རི་ཆར་འགྱུར། །དེ་ལས་སྒྱུར་བྱེད་བགོད་བྱེད་གཉིས། །ལྡོག་པས་རིམ་ཐོབ་རི་མཁའ་རིའི། །ཆ་དེ་འདོད་པས་བསྒྱུར་བ་ལ། །མདའ་རོའི་ལྷག་དེ་ལྔས་ཐོབ་བསྲེ། །གཟུགས་བུག་སོགས་ཆ་ཁྱིམ་ལོངས་སོ། །ཡང་ན་ཉིན་ལོངས་གནས་གཉིས་གཅིག །མེ་ཚེས་ལག་གིས་བསྒྱུར་བ་ལ། །དུས་མདའ་མཁའ་རི་ཡིད་ཀྱིས་བགོ། །རང་ཆ་ཐོབ་པའི་ལྷག་མ་དེ། །མི་བདག་གིས་བགོ་ཐོབ་པ་ནི། །གཟུགས་བུག་གཟུགས་བུག་ཆ་ཡིན་ཏེ། །ཅིག་ཤོས་ལ་བྱིན་ཁྱིམ་ལོངས་འཆར། །དེ་ཉིད་གནས་གཉིས་བཀོད་པའི་གཅིག །མེ་ཚེས་ལག་བསྒྱུར་བུག་སོགས་ཀྱིས། །ཐོབ་པ་ཅིག་ཤོས་ལ་ཕྲི་བས། །རང་རང་ཉིན་ལོངས་གནས་སུ་ལྡོག །རང་རང་ཉིན་ལོངས་གནས་གཉིས་གཅིག །ཐུབ་རི་ཟླས་བསྒྱུར་ཉི་འདོད་ཟླས། །རིམ་ཐོབ་ཅིག་ཤོས་ལ་ཕྲི་བས། །སོ་སོའི་ཚེས་ཞག་ཡུལ་ལོངས་འཆར། །དེ་ཉིད་གནས་གཉིས་བཀོད་པའི་གཅིག །ཐུབ་རི་ཟླས་བསྒྱུར་འབྱུང་འདོད་དྲག །གིས་ཐོབ་ཅིག་ཤོས་ལ་བྱིན་པས། །སོ་སོའི་ཉིན་ལོངས་འཆར་བར་འགྱུར། །རང་རང་ཁྱིམ་ལོངས་གནས་གཉིས་གཅིག །མིག་བསྒྱུར་རི་རོས་རིམ་ཐོབ་པ། །ཅིག་ཤོས་ལ་ཕྲི་ཚེས་ལོངས་ཏེ། །སླར་ཡང་ཚེས་ལོངས་གནས་གཉིས་གཅིག །མིག་གིས་བསྒྱུར་ལ་མདའ་རོ་ཡིས། །ཐོབ་པ་ཅིག་ཤོས་ལ་བྱིན་པས། །རང་རང་ཁྱིམ་ཞག་ཡུལ་ལོངས་འཆར།། ༈ གཞན་ཡང་ཞག་མ་ལོངས་པའི་ལྷག །དོར་ནས་རྟག་ལོངས་འཚོལ་ཚུལ་ཀྱང་། །ཞག་གསུམ་ཡུལ་དུས་ལོངས་སྤྱོད་རྣམས། །རང་རང་དཀྱིལ་འཁོར་གང་ཡིན་ཆར། །གཏུབས་པའི་ཆ་དེས་དཀྱིལ་འཁོར་གྱི། །རྗེས་འབྲང་གང་ཡོད་བསྒྱུར་བྱས་ནས། །རང་རང་འཁོར་ལོས་སྟེང་བསྒྲིལ་བས། །དུས་ལོངས་འཆོལ་ཚེ་ཉིན་དཀྱིལ་གྱི། །ཞག་གནས་དབྱུ་གུར་གསིལ་བར་སྦྱང་། །ཡུལ་ལོངས་འཚོལ་ཚེ་རྒྱུ་སྐར་གྱི། །ཆུ་ཚོད་ལ་སྦྱངས་དེ་གཉིས་ཀར། །རང་རང་དཀྱིལ་འཁོར་ཞག་གནས་ཀྱིས། །རིམ་ཐོབ་ཡུལ་དུས་རྟག་ལོངས་སྟོན།། ༈ གཟའ་རྣམས་ཡུལ་གྱི་རྟག་ལོངས་ལས། །དཀྱིལ་འཁོར་བསྒྲུབ་ན་རང་རང་གི། །ཡུལ་ལོངས་དབྱུག་སར་བསྒྲིལ་བ་ཡིས། །རྒྱུ་སྐར་ཆུ་ཚོད་ཤེད་མཚུངས་ལ། །བགོས་པས་སོ་སོའི་དཀྱིལ་འཁོར་འཆར། །གོང་འོག་ཀུན་ཏུ་ཉེར་མཁོའི་ཕྱིར། །གང་ལ་དང་པོར་ཡོད་པའི་གནས། །གློ་བུར་བསྡུ་ན་གོང་མ་དེ། །འོག་མའི་ཆས་བསྒྱུར་རང་ཆ་བཅུག །གོང་མའི་ཆས་ཐོབ་ལྷག་མེད་ན། །དེ་ཚེ་རང་གནས་བསྡུས་པར་སོང་། །སྔར་མེད་གསར་དུ་གནས་བཟོ་ན། །འོག་མའི་གནས་དེ་གང་བཟོ་རྒྱུའི། །ཆས་བསྒྱུར་འོག་མའི་འཁོར་ལོས་བགོ། །ཐོབ་པ་གློ་བུར་འཐོན་པའི་ཆ། །ལྷག་མ་བགོད་བྱེད་རང་ཆར་གནས། །དེ་ལྟར་ཞག་གསུམ་ལོངས་སྤྱོད་རྣམས། །ཞག་གི་དངོས་པོ་ཆེ་ཆུང་གིས། །འཇོག་ཅིང་དེས་གཞལ་དཀྱིལ་འཁོར་གསུམ། །ཞག་གྲངས་མང་ཉུང་དག་གིས་འཇོག །དེ་ཕྱིར་ཕན་ཚུན་ནོར་བུ་ལོན། །འཇལ་བྱེད་རི་མོའི་རྣམ་འགྱུར་ཡང་། །མང་མོད་འདིར་ནི་མདོ་ཙམ་ཞིག །རིག་པའི་སྒོ་འབྱེད་ཚུལ་དུ་བརྗོད། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། །ཞག་གསུམ་གྱི་དཀྱིལ་འཁོར་དང་ལོངས་སྤྱོད་རྣམ་པར་དབྱེ་བ་བཤད་པའི་སྐབས་ཏེ་བཅུ་བདུན་པའོ།། །།

མཐའ་མའི་འདོན་ཐེངས་།: 27.04.2024 ཉིན། 12:14 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།