སྨན་རྩིས་དྲ་བ། - ཆེད་རྩོམ།

སེམས་ནད་བཅོས་ཐབས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 07.04.2018
ཆེད་རྩོམ། >>


བོད་ཀྱི་གསོ་རིག་གཞུང་ལས་བཤད་པའི་སེམས་ནད་བཅོས་ཐབས་སྐོར།


                                                                                                                 -
སྨན་རམས་པ་རྡོ་རྗེ་རབ་བརྟན།

 

ཨོཾ

ཐུགས་རྗེས་འགྲོ་བའི་དོན་མཛད་བཅོམ་ལྡན་འདས།།
མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སྐྱོབ།།
དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ།།
བེཌུརྱ་ཡི་འོད་ལ་ཕྱག་འཚལ་ལོ།།

ཞེས་མཆོད་ཡུལ་དམ་པ་སངས་རྒྱས་སྨན་གྱི་བླ་མར་བསྟོད་ཕྱག་སྔོན་དུ་སོང་སྟེ་གང་བཤད་པར་བྱ་བ་ནི། འདིར་སྐབས་སུ་བབ་པ་ཕྲན་ལ་བོད་ལུགས་གསོ་རིག་གཞུང་དུ་ཇི་སྐད་གསུངས་པའི་ཐུན་མོང་མ་ཡིན་པའི་སེམས་ནད་བཅོས་ཐབས་ཁོ་ནའི་ཐོག་ལ་ལག་ལེན་མྱོང་ཁྲིད་ཀྱི་གཏམ་གླེང་དགོས་རྒྱུ་ཞེས་བཀའ་འཕྲིན་གནང་འབྱོར་ལྟར། སྤྱིར་སེམས་དང་སེམས་ནད་ཀྱི་རྣམ་གཞག་སྐོར་ནི། ཆེས་ཟབ་ཅིང་གཞི་རྒྱ་ཆེ་བའི་གནས་ཚུལ་ཙམ་མ་ཟད་ཧ་ཅང་དཀའ་རྙོགས་ཆེ་བའི་གླེང་གཞི་ཞིག་ཡིན་པར་སོང་བློ་རྨོངས་བདག་ལྟ་བུ་ལ་སེམས་དང་སེམས་ནད་བཅོས་ཐབས་མྱོང་ཁྲིད་སྐོར་ལ་མཁས་པ་མགུ་བའི་མན་ངག་དང་བློ་གསར་བློ་སྒོ་འབྱེད་པའི་རྣམ་དཔྱོད་ལེགས་བཤད་སོགས་དམིགས་བསལ་ཐུགས་ཕན་གསོས་པ་གང་ཡང་བརྗོད་རྒྱུ་མེད་ཀྱང། རང་ཉིད་གསོ་རིག་གཞུང་ཆེན་འདིར་ཡུན་རིང་ཞུགས་ཤིང་སྤྲོ་དད་འཕེལ་བའི་ངང་ནས་རིས་མེད་འགྲོ་བ་ནད་པའི་ནད་ཀྱི་སྡུག་བསྔལ་མཐའ་དག་ལ་ལོ་མང་འབད་བརྩོན་ཞབས་འདེགས་བགྱིས་པའི་ཉམས་མྱོང་སྤུ་སུ་ཕྲན་ཙམ་ཡོད་པ་འདིར་ཅུང་ཟད་གླེང་བར་བྱ་བ་ལ་གསུམ་སྟེ། དང་པོ་སེམས་ཞེས་པའི་གདོད་མའི་ངོ་བོ་དང་རང་བཞིན། གཉིས་པ་སེམས་ཉིད་ལུས་དང་ལུས་ཀྱི་རྩ་རླུང་དབང་པོ་རྣམས་དང་འབྲེལ་ཞིང་ཉོན་མོངས་པའི་བག་ཆགས་ལྡན་ཚུལ། གསུམ་པ་སེམས་ནད་ཀྱི་རྒྱུ་རྐྱེན་སྨན་བཅོས་ཉམས་མྱོང་བཅས་པ་རིམ་བཞིན་འཆད་པར་བྱ་བ་ལ། 

དང་པོ་སེམས་ཀྱི་ངོ་བོའམ་སེམས་ཀྱི་རང་བཞིན། གཞན་དུ་སེམས་ཞེས་པ་གང་ཞེ་ན། སྤྱིར་ནང་དོན་རིག་པར་མཁས་ཤིང་བྱང་ཆུབ་པའི་སྔོན་བྱོན་མཁས་དབང་མང་པོའི་ཇི་ལྟར་ལུང་བསྟན་ལྟར། སེམས་ཀྱི་རང་བཞིན་འོད་གསལ་བ། དྲི་མེད་དང་ནི་གློ་བུར་བ། ཞེས་ངོ་བོ་གསལ་ཞིང། སྤྱོད་པའམ་རིག་པའི་བྱེད་ལས་ཅན། དེ་ཡང་གཟུགས་སོགས་ཕྱི་རོལ་གྱི་ཡུལ་མཐའ་དག་འཛིན་ཞིང་སྤྱོད་པ་དང་། དེ་ལས་སྣང་བ་ཆེར་བསྐྱེད་ཅིང། དེ་དག་གི་མཛེས་སྡུག་དང་། རང་བཞིན་ལེགས་ཉེས་ཀྱི་རྣམ་དཔྱོད་སོགས་བྱེ་བྲག་སོ་སོའི་སྤུ་རིས་འབྱེད་ཐུབ་པ་། དྲན་ཚོར་སོགས་སྔ་ཕྱི་གང་དུའང་དངོས་པོ་དེ་དག་ལ་ངེས་ཤེས་འདྲེན་ཐུབ་པའི་གཟུགས་མེད་སྣང་སྟོང་གསལ་འཛིན་ཤིན་ཏུ་དངས་མའི་ངོ་བོ་ཞིག་ཏུ་ངོས་འཛིན་གྱི་ཡོད་པ་རེད། དེ་ལྟ་བུའི་སྣང་སྟོང་གསལ་རིག་གི་ངོ་བོ་དེ་ཐོག་མ་ཕ་མ་གཉིས་ཉིང་མཚམས་སྦྱར་བའི་ཁུ་ཁྲག་གི་ལུས་རྟེན་དེར། ལས་དང་ཉོན་མོངས་ཀྱིས་བསྐུལ་ཞིང་ཤིན་ཏུ་ཕྲ་བའི་འབྱུང་བ་ལྔ་ཚོགས་པ་དང་བཅས་མའི་མངལ་དུ་འཇུག་ཅིང་ལུས་སེམས་འབྲེལ་བ་ཆགས་པ་ཉིད་ནས་བཟུང་སྟེ།མདོར་ན་ཐོག་མ་ལུས་ཆགས་པ་དང་།བར་དུ་སྲིད་ཅིང་འཕེལ་བ། མཐའ་མ་རྒས་ཤིང་འཇིག་པར་བྱེད་པའི་དུས་བར་དུ། གདོད་མ་ཉིད་ནས་སྣང་སྟོང་གསལ་རིག་ནམ་མཁའ་གཡའ་དག་པའི་ངོ་བོ་དེར། སྤྲིན་ཕུང་རེ་རེ་བཞིན་འདུས་ཤིང་འགེབས་པ་ལྟར། སེམས་འདི་ཉིད་ལ་འདོད་ཆགས་ཞེ་སྡང་གཏི་མུག་གཙོས་པའི་ཉོན་མོངས་པའི་དྲི་མ་མང་དག་ཅིག་གིས་རིམ་བཞིན་བསྲེ་བསླད་རྙོག་པར་བྱེད་ཅིང། ནམ་མཁར་སྤྲིན་འདུས་ཆར་རླུང་འཚུབ་པ་ལྟར་སེམས་འདི་ཉིད་ལའང་ཉོན་མོངས་དུག་གསུམ་རྐྱེན་པའི་རྣམ་འགྱུར་ནད་ཀྱི་ངོ་བོ་སྣ་ཚོགས་བཏབ་པ། ཇི་སྐད་དུ། སྣང་བའི་ན་བུན་འདི་ཡི་ཕ་རོལ་ན། །ཆོས་ཉིད་བདེན་པའི་ནམ་མཁའ་དངོས་སུ་བཞུགས། །ཞེས་པ་ལྟར། ཀུན་གཞི་སེམས་ཀྱི་འཁྲུལ་སྣང་ཉོན་མོངས་པའི་ན་བུན་སྤྲིན་ནག་འཁྲིགས་པ་རྣམས། སེམས་འདི་རང་ལ་ཡིན་མིན་ཕུ་ཐག་ཆོད་པའི་ཤེས་རབ་ཀྱི་བློ་སྦྱངས་པའི་ཚུལ་གྱིས། བརྟག་ཞིབ་ནན་ཏན་མཐིལ་ཕྱིན་པའི་སྒོ་ནས་འགྱུར་བཅོས་ཡང་དག་པ་གཏོང་ཐུབ་ཚེ།ཉོན་མོངས་པའི་ན་བུན་སྤྲིན་ནག་རྣམས་རིམ་བཞིན་ཡལ་བར་བོར་སྟེ། ནམ་མཁའ་གཡའ་དག་པ་བཞིན་སེམས་ཀྱི་འཁྲུལ་སྣང་མཐའ་དག་རིམ་བཞིན་ཞི་བར་འགྱུར་ཏེ་སྣང་སྟོང་གསལ་རིག་གི་ངོ་བོ་དེ་ཇེ་གསལ་དུ་འགྲོ་རྒྱུ་ཡིན་པ་གདོན་མི་ཟའོ། དེ་ཡང་ཇི་སྐད་དུ། སྣང་མཁན་ཁོ་ལ་ཅེར་གྱིས་བལྟས་པའི་ཚེ། བརྗེད་དུ་མེད་པའི་རང་ངོ་མཐོང་འགྱུར་བས། ཞེས་པ་ལྟར། གཙོ་བོ་སེམས་ལ་བཟོ་བཅོས་གཏོང་རྒྱུ་དེ་གལ་ཆེ་བར་གསུངས།

ཕྱོགས་མཚུངས་། སྤྱིར་ལུས་སེམས་གཉིས་རྟེན་དང་བརྟེན་པའི་འབྲེལ་བ་ཞིག་ཏུ་ངེས་པ་སྟེ།འབྱུང་བ་ལྔ་ཡི་བདག་ཉིད་ཅན་གྱི་ཕུང་པོ། འབྱུང་བ་ལྔ་ལས་འགྲུབ་པའི་རོ་དྲུག་ཟས་བཅུད་ཀྱི་ཡོན་ཏན་ལས། ལུས་ཀྱི་འབྱུང་བ་ལྔ་པོ་རྒྱས་ཤིང། དེ་ལ་བརྟེན་པའི་ཉེས་པ་གསུམ་ལུས་ཟུངས་བདུན་དྲི་མ་གསུམ་བཅས་གནོད་བྱ་བཅུ་འདུས་པའི་ལུས་ཀྱི་ཕུང་པོ་འདི་ཉིད་ཆེར་འཕེལ་ཞིང་རྒྱས་པར་བྱེད་ཀྱི་ཡོད་ཀྱང། སྐབས་བབ་འདིར་གཙོ་ཆེ་ཤོས་ནི་རླུང་ཡིན་ཏེ།  མིའི་ལུས་རྟེན་འགྲུབ་པ་ལ་མེད་དུ་མི་རུང་བ། གདོད་མ་ཉིད་ནས་རྣམ་ཤེས་ཀྱི་རྟེན་བྱེད་པའི་སྲོག་རླུང་ཕྲ་མོའི་ངོ་བོ། རིམ་བཞིན་ཆེར་གྱེས་ཏེ། དབུགས་འབྱིན་རྔུབ་དང་ལུས་ཀྱི་འགུལ་བསྐྱོད་ནུས་པ་འབྱིན་པ།ཁམས་སྨིན་པ། དབང་པོ་གསལ་ཞིང་སེམས་འཛིན་པར་བྱེད་པ་ནི་ཐུན་མོང་གི་ནུས་པ་དང། རྩ་རླུང་སྦྱོང་ཞིང་ལས་སུ་རུང་བར་བྱུང་ན་ལུས་ལ་བདེ་དྲོད་འབར་བ་དང། སེམས་ལ་ཉམས་རྟོག་སྐྱེ་བ། འཆི་མེད་ཚེ་ཡི་གོ་འཕང་བརྙེས་པ་སོགས་བསམ་གྱིས་མི་ཁྱབ་པའི་ཕན་ནུས་འབྱིན་ཐུབ་ཀྱི་ཡོད་ནའང་དེ་ལྟ་བུའི་རླུང་འདི་ཉིད་ནམ་ཞིག་འཁྲུགས་པའི་ཚེ་ན་དེ་དེ་བཞིན་གྱི་ལུས་སེམས་གཉིས་ཀར་མི་བདེ་བའི་ནད་སྣ་ཚོགས་ཞིག་སློང་བའི་རྒྱུ་ཡང་བྱེད་ཅིང། ལྷག་པར་དུ་རླུང་སེམས་དབྱེར་མེད་ཅེས་རླུང་འདི་ཉིད་སེམས་ཀྱི་གཞོན་རྟ་ལྟ་བུ་བྱེད་ཅིང་ལུས་ཀྱི་སྟོད་སྨད་བར་གསུམ་དང། བྱ་བ་བྱེད་ཡུལ་གྱི་གནས་གཙོ་བོ་ཀླད་པ་དང་ཀླད་པའི་རྩ་དཀར་ནང་རྒྱུ་བ། སྙིང་གར་ཞུགས་ཏེ་ཉོན་མོངས་པའི་ཚོར་ཤུགས་སྣ་ཚོགས་ཤིག་འབྱིན་པར་བྱེད་པ། མདོར་ན་སེམས་ནད་ཀྱི་རྒྱུ་རྐྱེན་དང་བཅོས་ཐབས་བཅས་པར་མེད་དུ་མེ་རུང་བའི་ཆ་རྐྱེན་ཞིག་ཏུ་ངེས་ཕྱིར། རྒྱུད་ལས་ “དེ་བས་རླུང་གི་ནད་ལ་བྱ་ར་གྲིམས་” ཞེས་པ་ལྟར་ལགས། དེ་ལ་བཅོས་ཐབས་ཀྱི་ཚུལ་དུ་རླུང་གསང་རྣམས་སུ་དུགས་དང་མེ་བཙའ་རྒྱབ་པ། འོ་མ་མར་དང་བུར་ཆང་དེ་བཞིན་རུས་ཐུག་སོགས་འཐུང་བ་དང། རང་གི་ཡིད་འོང་གྲོགས་བསྟེན་ཞིང་བློ་ཡིད་དང་མཐུན་པའི་འཇམ་སྙན་ཚིག་གིས་བསུ་བར་བྱེད་ན་རླུང་དེ་དག་དལ་བུས་ཞི་བ་དང་ཆབས་ཅིག་སེམས་འདི་ཉིད་ལའང་ཞི་བདེ་བག་ཕེབས་ཀྱི་བདེ་བ་ཡོང་གི་ཡོད་པ་ཚང་མས་མཁྱེན་གསལ་རེད། གནས་ཚུལ་འདི་དག་རང་ཅག་ནང་པའི་གཞུང་དང་གསོ་རིག་གཞུང་ཆེན་ནང་དུ་དུས་རབས་དུ་མ་ཞིག་གི་གོང་ནས་ཟབ་རྒྱས་སུ་གསུངས་ཟིན་ནའང་དེང་རབས་སྤྱི་ཚོགས་ཀྱི་ཚན་རིག་པ་དང་ བྱེ་བྲག་ཏུ་ཀླད་ཁམས་རིག་པའི་མཁས་དབང་དང་ཚན་རིག་སྨན་པ་ཚོས་སེམས་འདི་ཉིད་ཀླད་པའི་དབང་རྩ་ཁོ་ནའི་བྱེད་ལས་ཤིག་ལས་ཐ་དད་པའི་རླུང་སེམས་དབྱེར་མེད་ཀྱི་རྣམ་ཤེས་ཕྲ་མོ་དག་ལ་ཡིད་ཆེས་དང་ངོས་འཛིན་སོགས་གང་ཡང་བྱེད་འདོད་མེད་ཀྱང། འདས་པའི་ལོ་༣༠ ལྷག་ཙམ་ནང་ཚུད་ནས། ལུས་སེམས་འབྲེལ་བའི་གནས་ཚུལ་དང་སེམས་དང་ཤེས་པ་ཟེར་བ་ཀླད་པའི་རྫས་འགྱུར་ལས་ཐ་དད་པའི་འདོད་ཚུལ་འཛིན་མཁན་ཡང་མང་དུ་འབྱུང་བཞིན་པར་སོང་། དེང་དུས་ལུས་དབང་གི་ནད་གཞི་ཆེ་ཁག་མང་པོར་རྩ་རླུང་ཡོ་ག་དང་སྒོམ་ཉམས་ལེན་བྱེད་ཐབས་སོགས་ཀྱིས་ནད་གཞི་ཆེར་རྒྱས་མི་ཐུབ་པའམ་སླར་མི་ལྡོག་པའི་ཕན་ཁྱད་ཆེན་པོ་ཡོང་གི་ཡོད་པའི་ཚན་རིག་ཉམས་ཞིབ་ཀྱི་སྒྲུབ་བྱེད་མང་དག་ཅིག་མཐོང་ཆོས་སུ་འགྱུར་བཞིན་ཡོད་པ་མཁྱེན་གསལ་རེད། དེ་ཇི་ལྟ་བུ་ཞེ་ན། སེམས་ལ་བདེ་སྐྱིད་སྤྲོ་སྣང་དང་བློ་སྟོབས་འཕེལ་བ་དེས་ཀླད་དབང་རྩ་དཀར་གྱི་སྟངས་འཛིན་བྱེད་ལས་ཉམས་པ་རྣམས་རང་སོར་ཆུད་ཅིང་ནུས་ལྡན་དུ་སོང་བའི་རྐྱེན་གྱིས། ལུས་གནས་ལྷན་སྐྱེས་ཀྱི་སྔོན་འགོག་ནུས་པ་ཆེར་བསྐྱེད་ཅིང་འཕེལ་བ་དེས་ལུས་ནད་གཉིས་ཀར་ཕན་ནུས་ཆེན་པོ་ཡོང་གི་ཡོད་པ་དེ་ལ་དེང་རབས་ཚན་རིག་པ་ཚོས།Psycho-neuro-immunologicalཞེས། འདས་པའི་ལོ་འགའ་ཞིག་ནས་དེ་ལ་དམིགས་བསལ་དོ་སྣང་བྱེད་ཡུལ་གྱི་སྨན་བཅོས་རིག་པའི་སྡེ་ཚན་གལ་ཆེན་ཞིག་ཏུ་གྱུར་ཡོད། བོད་ཀྱི་གསོ་རིག་གཞུང་དུའང་སེམས་ཉོན་མོངས་བག་ཆགས་མི་འདྲ་བའི་དབང་གིས་རྒྱུ་ཉེས་གསུམ་རླུང་མཁྲིས་བད་ཀན་ལྡན་འདུས་དང། འཇུག་ཡུལ་དོན་སྣོད་དང་དབང་པོ་མི་འདྲ་བ་ལས་ནད་གཞི་ལྡང་འཁྲུགས་མི་འདྲ་བའི་ཁྱད་པར་ཡོད་པ་གསལ་པོར་གསུངས་ཡོད། དེ་ཡང་“དེ་བཞིན་མ་རིག་མེད་ན་ཉོན་མོངས་མེད།ཉོན་མོངས་མེད་པར་འདོད་ཆགས་མི་འབྱུང་སྟེ། འདོད་ཆགས་མེད་པར་རླུང་ནད་འབྱུང་མི་སྲིད། ཅེས་གསུངས་ཡོད་པ་ལྟར་ལགས།

སེམས་ནད་ཀྱི་རྒྱུ་རྐྱེན་མི་འདྲ་བ་མང་དག་ཅིག་ཡོད་ཀྱང་མན་རྒྱུད་གདོན་གྱི་ལེའུར། སྡིག་པ་དང་མི་དགེའི་ལས་མང་སྤྱད་པ་དང། གྲོགས་མེད་པ་ཡ་ང་གཅིག་པུར་བསྡད་པ། མྱ་ངན་སེམས་ལས་ཆེས་དྲགས་པ།སྙིང་སྟོབས་ཞན་པ་དང། ཉེས་གསུམ་འཁྲུགས་པར་འགྱུར་བས། ཡིད་ཀྱི་རྣམ་པར་ཤེས་པ་རྒྱུ་བའི་གནས་སུ་ཞུགས་ཏེ། ཡིད་སེམས་བཀག་པས་ཡིད་དེ་ལམ་ལོག་པར་ཞུགས་ཏེ་ཤེས་པ་འཁྲུགས་པ་སོགས་ལས་སེམས་ནད་ཁག་མི་འདྲ་བ། སྨྱོ་བྱེད་དང་བརྗེད་བྱེད།སྙིང་འཕྱོས་དང་སྙིང་ནད་ཁ་ལེ་ནག་པོ་སོགས་དང་། དེང་རབས་སྤྱི་ཚོགས་ནང་དངོས་སུ་མཐོང་ཐོས་མང་བ་ནི། ཕྱི་ལུགས་སྐད་དུ་ “Depression” ཞེས་སེམས་སྡུག་ཅན་དང་ Bipolar Depression” ཞེས་སེམས་ཁ་མཐོ་དམན། “Psychosis” ཞེས་སྨྱོ་བྱེད་དང་འདྲ་བ། “Schizophrenia” ཞེས་སྙིང་ནད་ཁ་ལེ་ནག་པོ་དང་འདྲ་བ་མང་དག་ཅིག་མཐོང་རྒྱུ་འདུག་ཀྱང།  མདོར་བསྡུས་ན། རྒྱུ་དུག་གསུམ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ལས་མཆེད་པའི་འབྲས་བུ་ཉེས་གསུམ་རླུང་མཁྲིས་བད་ཀན་ལྡན་འདུས་སུ་མི་འདུས་པ་ནི་གང་ཡང་མེད་དེ། སྤྱིར་སེམས་ནད་ཀུན་ཐོག་མ་སློང་ཞིང་འཁྲུགས་པར་བྱེད་པའི་བྱེད་རྐྱེན་གཙོ་བོ་རླུང་ཡིན་ནའང། ཉོན་མོངས་པའི་བག་ཆགས་ཆེ་ཆུང་དང་བྱེད་རྐྱེན་མི་འདྲ་བའི་དབང་གིས། ཉེས་པའི་ཤས་ཆེ་ཆུང་དང་ནད་རྟགས་སྣང་ཚུལ་མི་འདྲ་བ་ཡོང་གི་ཡོད། དཔེར་ན། རླུང་ལས་གྱུར་པ་ཤ་སྐམ་ལ་ནག་པ་དང་མང་དུ་སྨྲ་བ། སེམས་མི་བརྟན་འགྱུར་ལྡོག་མང་བ། ཤེས་པ་འཆལ་ཞིང་མཐོང་སྣང་སྣ་ཚོགས་འཆར་ཡོང་བ། གླུ་གར་བྱེད་པ། ཡན་ལག་རྩ་ཚིགས་འཁུམ་རེངས་ཚིགས་སྒྲ་འབྱིན་པ། མཁྲིས་འགྱུར་ནི་ཞེ་སྡང་ཆེ་བ། ཁྲོ་རྡེག་བྱེད་པ། མགོ་བོ་ན་ཞིང་མིག་མདངས་སེར་བ། བསིལ་འདོད་པ། ཆུ་སེར་ཟ་འཕྲུག་མང་བ་མཐོང་རྒྱུ་ཡོད་པ་དང། བད་ཀན་ཤས་ཆེ་བས། སྨྲ་བ་ཉུང་ཞིང་རྩོལ་ལས་ཆུང་བ་། སྒྱིད་སྙོམས། གཉིད་ཆེ། བེ་སྣབས་དང་ཁ་ཆུ་མང་བ། སེམས་བྱིང་ཞིང་རྒུད་པ། བརྗེད་ངས་ཆེ་བ་དང་། རང་ངོ་རང་གི་མི་ཤེས་པ་ལྟར་རྨོངས་ཤིང་འཐིབས་པའི་གནས་ཚུལ་བྱུང་བ་དང་། ལྡན་དང་འདུས་པ་ནི་འདྲེས་ལས་ཤེས་པར་བྱ་ཞེས་ནད་རྟགས་ཕན་ཚུན་འདྲེས་པའི་སྣང་ཚུལ་ཡོང་གི་ཡོད། ཕྲན་གྱི་ནད་བཅོས་ཉམས་མྱོང་ཐོག་ནས་ཞུས་ན། གོང་དུ་བཤད་པའི་སེམས་ནད་དེ་དག་ལ་སོ་སོའི་ཉེས་པ་ཆེ་ཆུང་དང་། རྩའི་འཕར་རྒྱུན། ནད་རྟགས་ཤས་ཆེ་ཆུང་ལ་དཔགས་པའི་སྨན་བཅོས་བྱེད་པ་མ་གཏོགས། ནད་ཀྱི་ཐ་སྙད་དང་ནད་རྟགས་ཁོ་ནར་བསམས་ཏེ་རླུང་སྨན་ཁོ་ན་ཤུགས་ཆེ་ཐག་ཆོད་གཏོང་བ་ནི་བླུན་རྟགས་ཡིན་པར་སེམས། དཔེར་ན། ཉེས་པ་ཤས་ཆེ་ཆུང་དང། དོན་སྣོན་གང་དུ་ཁྱབ་ཞུགས་ཆེ་བ། ཚ་གྲང་དབྱེ་བ་དང་རྩའི་འཕར་རྒྱུན་ལ་དཔྱད་དེ་རླུང་སྨན་མི་འདྲ་བ་གཏོང་ཕྱོགས། དཔེར་ན། ཨ་གར་བརྒྱད་པ་དང་སེམས་བདེ། སྲོག་འཛིན་བཅུ་གཅིག་དང་། དེ་བཞིན་བི་མ་ལ་སོགས་སྙིང་ཁམས་དང་རླུང་ཁམས་འདྲེས་པའི་སྨན་དེ་དག་ལ་ཡང་ཁྱད་པར་གྱི་དབྱེ་འབྱེད་དང་བརྟག་ཞིབ་ནན་མོའི་ཐོག་ནས་གང་ལ་གང་དགོས་ནད་ཐོག་སྨན་འཁེལ་ལྟ་བུ་གཏོང་རྒྱུ་གལ་ཆེ། སྤྱིར་བཏང་སྨྱོ་བྱེད་དང་བརྗེད་བྱེད་སྙིང་འཕྱོས་ཀྱི་རིགས་རྣམས་ཕལ་ཆེར་གསོ་དཀའ་ཞིང་། བཅོས་རྒྱུན་ཡང་རིང་བ་མཐོང་ཡང།གནད་འགག་ཆེ་ཤོས་ནི་སེམས་ནད་གང་ཡིན་ནའང་དེའི་རྒྱུ་རྐྱེན་གང་ཡིན་མིན་འདྲི་བརྩད་ནན་མོ་བྱས་ཏེ་སྐབས་བབས་ནད་པའི་སེམས་ཀྱི་འཁྱེར་སོ་དང་འདུ་ཤེས་འཛིན་སྟངས། ནད་རྟགས་རྣམས་ལ་ལེགས་པར་བརྟག་ཞིབ་ཀྱིས། སྨན་རྫས་ཁོ་ན་སྤྲོད་རྒྱུར་ཨུ་ཚུགས་མ་བརྒྱབ་པར་ཐོག་མར་ནད་པའི་སེམས་འགུག་ཐབས་དང་དོ་སྣང་སྤེལ་ཐབས། དེ་བཞིན་སྙིང་སྟོབས་དང་ཡིད་ཆེས་གདེང་སྤོབས་རྙེད་ཐབས་སོགས་ཆོས་ཕྱོགས་ཀྱི་བྱ་བ་དང་ཆོ་ག་ཕྱག་ལེན་སོགས་ལ་སྨན་པའི་ངོས་ནས་ནད་པའི་ཁམས་མོས་དང་བསྟུན་སློབ་གསོ་གང་ཐུབ་གཏོང་རྒྱུ་དང་། ནད་པའི་ངོས་ནས་ཀྱང་སེམས་ཤུགས་ཆག་པའམ། སྨན་རྫས་ཁོ་ནར་སྐྱབས་བཅོལ་བ་ལྟ་བུ་མ་ཡིན་པར་རང་ཉིེད་རང་གི་མགོན་ཡིན། རང་ཉིད་རང་གི་དགྲ་ཡིན་བསམས་ཏེ་ཡོ་ག་སོགས་རྩ་རླུང་སྦྱོང་ཐབས་དང་སྒོམ་ཉམས་ལེན་སོགས་ལ་ཞུགས་ཏེ་རང་ངོ་རང་གི་ཤེས་ཐབས་དང། བློ་སེམས་འགུག་ཐབས་སོགས་ལ་འབད་པ་དུ་མའི་སྒོ་ནས་བརྩོན་པར་བྱེད་ན། ཇི་སྐད་དུ། དེས་ན་སྣང་བའི་རྗེས་སུ་མ་འབྲང་བར། སྣང་མཁན་ཁོ་ལ་ཅེར་གྱིས་བསྟས་པའི་ཚེས། བརྗེད་དུ་མེད་པའི་རང་ངོ་མཐོང་འགྱུར་བས། སངས་རྒྱས་ཐོབ་པའི་ལམ་དེ་ཐག་མི་རིང། ཞེས་སེམས་ནད་ལྟ་ཅི། ཐ་ན་སྲིད་པའི་སྡུག་བསྔལ་མཐའ་དག་ལས་གྲོལ་ཐུབ་པ་ཡིན་ནོ།།


- སྨན་རྩིས་ཁང་ནས་འདི་ལོ་དཔར་བསྐྲུན་ཞུས་པའི་དེབ་ <<ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་པའི་གསུང་བཤད་ཕྱོགས་སྒྲིག་>> ཅེས་པ་ནས་ཟུར་འདོན་ཞུས།






མཐའ་མའི་འདོན་ཐེངས་།: 07.04.2018 ཉིན། 4:50 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཁྲིམས་རྩོད་པ་ཞིག་གི་ས་མིག་གསལ་བསྒྲགས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།