སྨན་རྩིས་དྲ་བ། - ཆེད་རྩོམ།

སེམས་ཁམས་ཆགས་ཚུལ་སྐོར་ལ་ཞིབ་དཔྱད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 02.12.2021
ཆེད་རྩོམ། >>

 

༄༅། །བོད་ཀྱི་གསོ་བ་རིག་པའི་གཞུང་ནས་བཤད་པའི་སེམས་ཁམས་ཆགས་ཚུལ་སྐོར་ལ་

ཞིབ་དཔྱད་བྱས་པའི་གླེང་མོལ།

-    མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས།

མིའི་རིགས་ཀྱི་སེམས་ཁམས་ཆགས་ཚུལ་རིག་པ་ནི་ནང་དོན་རྒྱ་ཆེན་པོ་ཡོད་པ་སྟེ། སེམས་ཁམས་གནས་སའི་གཞི་གང་དུ་ཡོད་པ། ཕྱི་རོལ་ཡུལ་ཤེས་རྟོགས་བྱེད་ཐུབ་པའི་ནུས་པ་གང་ནས་འབྱུང་བ། སེམས་དང་ལུས་པོའི་བར་གྱི་འབྲེལ་བ་གང་འདྲ་ཡིན་པ། སེམས་ཁམས་ཀྱི་ནད་གཞི་འབྱུང་ཚུལ། ལུས་ཀྱི་ནད་དང་། སེམས་ཁམས་ཀྱི་ནད་གཞི་བཅོས་ཐབས་གཉིས་ལ་ཁྱད་པར་གང་ཡོད་པ་སོགས་དམིགས་བསལ་ཞིབ་འཇུག་བྱེད་དགོས་པའི་གནད་དོན་མང་པོ་ཡོད། དེ་ཚོའི་སྐོར་ལ་གནའ་རབས་རྒྱ་གར་གྱི་ནང་པའི་ཆོས་མ་བྱུང་གོང་གི་མུ་སྟེགས་པའི་གཞུང་ནས་བཤད་ཚུལ། ནང་པ་སངས་རྒྱས་པའི་ཆོས་མདོ་ཕྱོགས་ནས་བཤད་ཚུལ། ནང་པ་སངས་རྒྱས་པའི་གསང་སྔགས་ཀྱི་གཞུང་ནས་བཤད་ཚུལ། ཀྲུང་གོའི་གནའ་རབས་ཀྱི་གསོ་བ་རིག་པའི་གཞུང་ནས་བཤད་ཚུལ། ཕྱི་རྒྱལ་གྱི་ཚན་རིག་མཁས་ཅན་ཚོའི་བཤད་ཚུལ། བོད་ཀྱི་གསོ་བ་རིག་པའི་གཞུང་ནས་བཤད་ཚུལ་བཅས་ཕན་ཚུན་ཞིབ་བསྡུར་བྱས་ནས་བརྟག་དཔྱད་གནས་དགོས་པ་འདུག་ལ། ཕན་ཚུན་ཁ་གསབ་གནང་དགོས་པ་ཡང་འདུག དེ་ཡང་སེམས་ཁམས་རིག་པ་ཞེས་པའི་མིང་དེ་ཉེ་རབས་སུ་གསར་དུ་བཏགས་པ་ཞིག་ཡིན་ཀྱང་ནང་དོན་ནི་རྒྱལ་ཁབ་ཕྱི་ནང་དུ་སྤྱི་ལོའི་སྔོན་གྱི་ལོ་བརྒྱ་ཕྲག་ཁ་ཤས་གོང་ནས་ཞིབ་འཇུག་བྱེད་འགོ་ཚུགས་ཡོད་པ་དང་། དེ་ཡང་ཐོག་མར་མཚན་ཉིད་རིག་པའི་ནང་གསེས་ལུས་སེམས་གཉིས་ཀྱི་འབྲེལ་བ་ཆགས་ཚུལ་ནས་འགོ་ཚུགས་པ་ཞིག་ཡིན་ཅིང་། གསོ་བ་རིག་པའི་ཐད་ལུས་ནད་གསོ་བའི་སྨན་བཅོས་བྱ་ཐབས་བཏོན་ནས་དུས་ཡུན་རིང་པོ་སོང་རྗེས་སེམས་ཁམས་ཀྱི་ནད་རིགས་ལ་བརྟག་དཔྱད་བྱེད་འགོ་ཚུགས་པ་ཞིག་ཡིན།

༡༽ སེམས་ཁམས་རིག་པར་ཞིབ་འཇུག་བྱེད་དགོས་པའི་རྒྱུ་མཚན་ནི། སེམས་ཁམས་དེ་ལུས་དང་འབྲེལ་བ་དམ་པོ་ཡོད་པའི་དངོས་པོ་ཞིག་ཡིན་པ་མ་ཟད། ཕྱི་རོལ་རང་བྱུང་ཁམས་ཀྱི་དངོས་ཡོད་ཆོས་ཉིད་ཤེས་རྟོགས་བྱེད་ཐུབ་མཁན་ཞིག་ཡིན་པ་དང་། ཆོས་ཉིད་དེ་བེད་སྤྱོད་བྱེད་ཐུབ་མཁན་གྱི་དངོས་པོ་སྟོབས་ལྡན་ཞིག་རེད། དེང་སྐབས་རྒྱལ་སྤྱིའི་ཐོག་གི་དཔལ་འབྱོར་འགྲན་བསྡུར་དང་། ཚན་རིག་ལག་རྩལ་གྱི་འགྲན་བསྡུར། ཞི་བདེ་དང་དམག་འཁྲུག་བར་གྱི་འགྲན་བསྡུར་སོགས་ཚང་མ་མཐར་གཏུགས་ན་ཕྱོགས་གཉིས་ཀྱི་བསམ་བློའི་སྟོབས་ཤུགས་ཆེ་ཆུང་དང་། ཤེས་རིག་ཆུ་ཚད་མཐོ་དམན་གྱི་འགྲན་བསྡུར་ཡིན་པར་བརྟེན། སྟོབས་ཤུགས་ཆེན་པོ་དེ་འདྲ་ཡོད་པའི་སེམས་ཁམས་ཀྱི་ནུས་པ་དང་། ངོ་བོ། ཆགས་ཚུལ་བཅས་ལ་ཞིབ་འཇུག་བྱ་རྒྱུ་གལ་ཆེན་པོ་ཡོད།

༢༽ འཛམ་གླིང་ཐོག་མིའི་རིགས་ཀྱི་སེམས་ཁམས་ཞིབ་འཇུག་བྱས་པའི་འབྲས་བུར་མཇུག་བསྡོམས་བཤད་ཚུལ་མི་འདྲ་བ་བདུན་བྱུང་ཡོད་པ། ༡ རྒྱ་གར་དུ་སངས་རྒྱས་ཆོས་ལུགས་མ་བྱུང་གོང་དུ་མུ་སྟེགས་པ་ཁག་གཅིག་གིས་ལུས་གློ་བུར་བ་དེ་སེམས་གློ་བུར་བའི་རྒྱུ་ཡིན་པ་དང་ལུས་མེད་ན་སེམས་གནས་སའི་རྟེན་གཞི་མེད་པས་སྐྱེ་བ་སྔ་ཕྱི་མེད་ཟེར་བ། ༢ སེམས་དེ་ལུས་ཀྱི་ཡོན་ཏན་ཡིན་པར་ཁས་ལེན་པ། ༣ ལུས་ཀྱི་རྡུལ་ཕྲན་སེམས་ཀྱི་རྒྱུ་ཡིན་པ་དང་དབུགས་དེ་སེམས་ཀྱི་ལྷན་ཅིག་བྱེད་རྐྱེན་ཡིན་པར་ཁས་ལེན་པ་བཅས་གསུམ་ནི་རྒྱ་གར་གྱི་མུ་སྟེགས་གྲུབ་མཐའ་སྨྲ་བ་འགའ་ཞིག་གི་ལྟ་ཚུལ་ཡིན། ༤ ནང་པ་སངས་རྒྱས་པའི་མདོ་ལུགས་ཀྱི་གཞུང་ནས། སྲོག་སྟེ་དབུགས་ནི་ལུས་ཀྱི་དྲོད་དང་རྣམ་ཤེས་གཉིས་ཀའི་རྟེན་གཞི་ཡིོན་པ་ཁས་ལེན་པ། ༥ སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་ཀྱི་གཞུང་ནས་མིའི་རིགས་ཀྱི་སེམས་ཁམས་ཐོག་མར་ཆགས་པའི་གནས་སྙིང་ཁ་ཡིན་པ་དང་། ཐ་མར་འཆི་བའི་དུས་སུ་སེམས་ཁམས་ཀྱི་འགུལ་བསྐྱོད་མཇུག་བསྡུས་པའི་གནས་སྙིང་ཁ་ཡིན་པ། སེམས་ཁམས་ཀྱི་དབང་རྟེན་སྙིང་ཁའི་རྩ་ནང་དུ་རྒྱུ་བའི་རླུང་ཁམས་ཕྲ་མོ་ཡིན་པར་ཁས་ལེན་པ། ༦ དེང་སང་ཚན་རིག་པ་རྣམས་ཀྱིས་སེམས་ཁམས་ཀྱི་དབང་རྟེན་ནི་ཀླད་པའི་ཐོག་གནས་པའི་དབང་རྩ་ཡིན་པར་ཁས་ལེན་པ། ༧ བོད་ཀྱི་གསོ་བ་རིག་པའི་གཞུང་༼རྒྱུད་བཞིའི་༽ནང་ཚན་བཤད་རྒྱུད་ལེའུ་བཞི་པ་ལས། སེམས་ཁམས་ཕྱི་རོལ་གྱི་ཡུལ་ལ་འཇུག་པར་བྱེད་པའི་རྐྱེན་ནི་ཀླད་པར་གནས་པའི་དབང་རྩའི་ཕྲ་ཕུང་ཡིན་པ་དང་། རྣམ་ཤེས་ཚོགས་དྲུག ༼དབང་པོ་ལྔའི་རྣམ་ཤེས་དང་། ཡིད་ཀྱི་རྣམ་ཤེས་༽ རང་ཉིད་སྐྱེ་བར་བྱེད་པའི་རྒྱུ་ངོ་མ་ནི་སྙིང་ཁར་གནས་པའི་དབང་རྩ་གཙོ་བོ་ཉི་ཤུ་རྩ་བཞི་དང་། ཡན་ལག་རྩ་ཕྲན་ལྔ་བརྒྱ་ཐམ་པ་དང་བཅས་པ་རྣམས་ཡིན་པར་ཁས་ལེན་པ་བཅས་ཡིན་ཅིང་། དེ་རྣམས་རང་རང་སོ་སོར་རྒྱུ་མཚན་མང་པོ་བཀོད་ཡོད་པ་རྣམས་ལ་བལྟས་ན། སེམས་ཁམས་རིག་པའི་ཞིབ་འཇུག་གི་ནང་དོན་རིམ་བཞིན་ཆ་ཇེ་ཚང་དང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད་པ་གསལ་བཤད་བྱུང་ཡོད།

༣༽ བལྟ་ཚུལ་དེ་དག་ཕན་ཚུན་བསྡུར་ནས་བཤད་པ། ནང་པ་སངས་རྒྱས་པའི་གཞུང་ནས་སེམས་ཁམས་ཆགས་ཚུལ་གྱི་བཤད་པ་གཏིང་ཟབ་ཤོས་ནི་གསང་སྔགས་ཀྱི་གཞུང་ཡིན་ཅིང་། དེའི་བཤད་ཚུལ་ལ། སེམས་ཁམས་ཀྱི་དབང་རྟེན་ནི་སྙིང་ཁར་གནས་པའི་རྩ་ཡི་གཙོ་བོ་གསུམ་གྱི་ནང་གསེས་རྩ་དབུ་མ་ཞེས་སྲོག་རྩ་དང་འབྲེལ་ནས་གནས་པ་དེའི་ནང་དུ་རྒྱུ་བའི་སྲོག་འཛིན་གྱི་རླུང་ཕྲ་རགས་གཉིས་པོ་དེ་ཡིན་པ་དང་། མི་རྣམས་སྐྱེ་བ་བླངས་པའི་དུས་སུ་ཐོག་མར་སྙིང་ཁར་ཆགས་པའི་རྩ་བརྒྱད་པོ་དེ་ལས་རིམ་བཞིན་ལུས་ཀྱི་སྟོད་སྨད་དུ་གྱེས་པའི་རྩ་བདུན་ཁྲི་ཉིས་སྟོང་བྱུང་བ། རྩ་དེ་དག་ལ་ནང་གསེས་ཁུ་བ་གཙོ་བོར་འབབ་པ་དང་། ཁྲག་གཙོ་བོར་རྒྱུ་བ། རླུང་གཙོ་བོར་རྒྱུ་བ་བཅས་ཁག་གསུམ་ཡོད་པ། འཆི་བའི་དུས་སུ་ལུས་ཀྱི་སྟོད་སྨད་ནས་འབྱུང་བ་རིམ་གྱིས་བསྡུས་པའི་མཐར་སྙིང་ཁར་རྣམ་ཤེས་བསྡུས་འགྲོ་བའི་བཤད་སྲོལ་ཡོད་པ་ལྟར། གནའ་རབས་ཤིས་ལའི་སྐྱེ་དངོས་རིག་པ་དང་། མཚན་ཉིད་རིག་པ་མཁས་ཅན་ (Arys-Toteles)ཨ་རི་སི་ཐི་ཏེ ༼སྤྱི་ལོའི་སྔོན་ ༣༨༤ - ༣༢༢༽ ཟེར་བས་བརྩམས་པའི་༼མི་ལུས་གྲུབ་ཚུལ་གྱི་གསང་བ་༽ ཞེས་པའི་ཆེད་རྩོམ་ནང་སྙིང་ཁམས་ནི་ལུས་པོའི་སྟེང་གི་གལ་ཆེ་བའི་དབང་རྟེན་ཡིན་པ་དང་། འགུལ་བསྐྱོད་ཀྱི་ཐོག་མ་དང་མཇུག་སྡུད་ཀྱི་རྗེས་མ་ཡིན་པར་བཤད་ཡོད་པ་དེ་གཉིས་རིགས་པའི་གཞུང་ལུགས་བཤད་ཚུལ་ཕྱོགས་མཚུངས་སུ་ཡོད།

སེམས་ཁམས་ཀྱི་དབང་རྟེན་ཀླད་པ་ཡིན་པའི་བཤད་ཚུལ་ཐོག་མར་གསར་གཏོད་བྱེད་མཁན་ནི། དེང་སང་འཛམ་གླིང་ཐོག་མཁས་པ་མང་པོའི་གསུང་སྲོལ་ལ་ཤིས་པན་ཡའི་དབང་རྩའི་གཤག་ལས་རིག་པ་མཁས་ཅན་ཁ་ཧེར་༼དུས་རབས་ཉི་ཤུ་པའི་འགོར་བྱུང་༽ གྱིས་ཐོག་མར་གསར་གཏོད་བྱས་པ་ཡིན་པར་གསུངས་ཀྱང་། ངས་བསམ་པར། སེམས་ཁམས་ཀྱི་དབང་རྟེན་ཀླད་པར་གནས་ཡོད་པའི་བཤད་སྲོལ་ཐོག་མར་གསར་གཏོད་གནང་མཁན་ནི་ཀྲུང་གོའི་མིང་རྒྱལ་རབས་སྐབས་ཀྱི་གསོ་བ་རིག་པ་མཁས་ཅན་སྨན་པ་ལི་ཧྲི་ཀྲེན༼༡༥༡༨-༡༥༩༣༽གྱི་གསར་གཏོད་དང་གསལ་བཤད་གནང་ཟིན་པ་རེད།

སེམས་ཁམས་ཀྱི་དབང་རྟེན་ཀླད་པ་དང་སྙིང་ཁམས་གཉིས་ཀར་གནས་ཡོད་པའི་བཤད་སྲོལ་ཐོག་མར་གསར་གཏོད་གནང་མཁན་ནི་བོད་ཀྱི་གསོ་བ་རིག་པའི་སྲོལ་འབྱེད་མེས་པོ་གཡུ་ཐོག་ཡོན་ཏན་མགོན་པོ་རྙིང་མས་༼རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བླ་སྨན་ ༧༦༨ - ༨༤༠ ཡས་མས༽ <<སྨན་གྱི་རྒྱུད་བཞི>>མཛད་པའི་ནང་གསེས་བཤད་རྒྱུད་ལེའུ་བཞི་པ་ལུས་ཀྱི་གནས་ལུགས་བསྟན་པ་ལས། “དབང་པོ་ཡུལ་ལ་འཆར་བར་བྱེད་པའི་རྩ། །ཀླད་པ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར།།” ཞེས་མིག་ལ་སོགས་པའི་དབང་པོ་དྲུག་པོ་རྣམས་རང་རང་གི་ཡུལ་ལ་འཇུག་པར་བྱེད་པའི་རྩ་ཉི་ཤུ་རྩ་བཞི་དང་། དེ་ལ་ཡན་ལག་གི་རླུང་ལྔའི་རྟེན་གཞི་གྱུར་པ་འཁྱིལ་བ་ཞེས་པའི་རྩ་ལ་གནས་པར་གསུངས།

ཡང་དེ་ཉིས་ལས་ “དྲན་པའི་དབང་པོ་གསལ་བར་བྱེད་པའི་རྩ། །སྙིང་ལ་སྲིད་ཅིང་རྩ་ཕྲན་ལྔ་བརྒྱས་བསྐོར།།” ཞེས་རྣམ་ཤེས་ཚོགས་དྲུག་དངོས་སུ་སྐྱེད་པར་བྱེད་པའི་རྩ་ཉི་ཤུ་རྩ་བཞི་ནི་སྙིང་ཁར་གནས་པའི་རྩ་ཡིད་བཟང་མ་ལ་བརྟེན་པ་དང་། དེ་ལ་ཡན་ལག་གི་རྩ་ཕྲན་ལྔ་བརྒྱས་བསྐོར་ཏེ་གནས་ཤིང་། རྩ་ཡིད་བཟང་མ་དེ་ལས་སྒོ་ལྔའི་རྣམ་ཤེས་རྒྱུ་བའི་དམར་པོ་ཞིག་མདུན་ཕྱོགས་སུ་ཟུག ཀུན་གཞིའི་རྣམ་ཤེས་རྒྱུ་བའི་རྩ་སེར་པོ་ཞིག་མདུན་ཕྱོགས་སུ་ཟུག ཡིད་ཀྱི་རྣམ་ཤེས་རྒྱུ་བའི་རྩ་སྔོན་པོ་ཞིག་གཡོན་ཕྱོགས་སུ་ཟུག ཉོན་མོངས་པའི་ཡིད་རྒྱུ་བའི་རྩ་ལྗང་ཁུ་ཞིག་རྒྱབ་ཕྱོགས་སུ་ཟུག་པར་གསུངས་པ་བཅས། གོང་དུ་བཤད་པའི་ལྟ་ཚུལ་གཞན་དག་རྣམས་དང་གཏན་ནས་མི་འདྲ་བའི་གསལ་བཤད་ཐུན་མོང་མ་ཡིན་བ་ཞིག་ཡིན།

༤༽ རང་ཉིད་ཀྱི་ལྟ་ཚུལ་རགས་བསྡུས་ཙམ་ཞུ་བ། དེང་རབས་ཚན་རིག་མཁས་པ་རྣམས་ཀྱིས་སེམས་ཁམས་ཀྱི་དབང་རྟེན་ཀླད་པ་ཡིན་པའི་བཞེད་པ་དེར་དེང་རབས་ཀྱི་འཕྲུལ་ཆས་བེད་སྤྱད་ནས་ར་འཕྲོད་བྱུང་ཡོད་པ་དེ་སེམས་ཁམས་ཞིབ་འཇུག་གི་ཐད་གྲུབ་འབྲས་ཆེན་པོ་ཞིག་ཡིན། འོན་ཀྱང་ད་དུང་སེམས་ཁམས་ཀྱི་དབང་རྟེན་སྙིང་ཁར་གནས་ཡོད་པའི་སྐོར་དེར་རྒྱུ་མཚན་གསུམ་བཤད་ཡོད་པ་དེར་ད་དུང་བརྟག་དཔྱད་ཀྱི་སྒོ་ནས་ལན་འདེབས་གསལ་པོ་བྱ་དགོས་པ་གསུམ་ཡོད་པ་སྟེ།

༡ ཀྲུང་གོའི་གསོ་བ་རིག་པའི་ཐོག་སྦྲིད་སྨན་བེད་སྤྱོད་བྱེད་པའི་ཐབས་ཤེས་ལ་བརྟེན་ནས་བཤག་བཅོས་བྱ་ཐབས་ཞིག་སྤྱི་ལོའི་དུས་རབས་གསུམ་པའི་ནང་ཀྲུང་གོའི་ཧན་ཤར་མའི་རྒྱལ་རབས་ཀྱི་སྨན་པ་ཧཱ་ཐོའུ་ཟེར་བ་དེས་གསར་གཏོད་བྱས་པ་དང་། དེ་རྗེས་དུས་རབས་བཅུ་དགུ་པའི་དུས་དཀྱིལ་དུ་ཡོ་རོབ་གླིང་དང་ཨ་མེ་རི་ཀའི་སྨན་པས་སྦྲིད་སྨན་གསར་གཏོད་བྱས་པའི་བར་ལོ་ཆིག་སྟོང་དྲུག་བརྒྱ་ལྷག་ཙམ་སོང་བའི་ལོ་རྒྱུས་ཡོད་ཅིང་། སྦྲིད་སྨན་བཏང་བའི་ཐབས་ཤེས་ལ་བརྟེན་ནས་གཤག་བཅོས་བྱེད་སྐབས་ནད་པའི་སྙིང་ཁམས་ཀྱི་འགུལ་མཚམས་ཆད་ནས་ནད་པ་འཆི་བའི་ཉེན་ཁ་འགོག་ཐབས་མེད་པར་ཡོང་གི་ཡོད།

དེར་བརྟེན་ད་ཕན་ལོ་སུམ་ཅུའི་རིང་ཀྲུང་གོའི་སྨན་ཁང་ཁག་གི་སྨན་པ་མང་པོས་གནའ་རབས་ཀྲུང་གོའི་སུང་བྱང་མའི་དུས་རབས་སུ་བྱུང་བའི་སྨན་པ་མཁས་པ་ཝང་ཝེ་དབྱི་ཟེར་བས་ཁབ་སྐམ་པོ་ལུས་ཐོག་ཏུ་གཙགས་པའི་ཐབས་ཤེས་ལ་བརྟེན་ནས་ན་ཚ་བཅོས་ཐུབ་པའི་ཉམས་མྱོང་གསར་གཏོད་བྱས་པ་གཞིར་བཟུང་སྟེ། ནད་པ་མང་པོར་སྦྲི་སྨན་བཏང་མ་དགོས་པར་གཤགས་བཅོས་བྱས་པ་མང་ཆེ་བ་ཕན་འབྲས་ཡག་པོ་ཐོན་པ་རེད། དེ་ཡང་སྦྲིད་སྨན་བཏང་ནས་ནད་པའི་ཚོར་བ་ཡོངས་རྫོགས་སྦྲིད་དུ་བཅུག་པ་དང་མི་འདྲ་བར་ནད་པའི་སྙིང་ཁམས་འགུལ་བསྐྱོད་རྒྱུན་ལྡན་དང་དྲན་ཤེས་གསལ་པོའི་ཐོག་གཤག་བཅོས་ལེགས་གྲུབ་བྱུང་བ་ཤ་སྟག་རེད། གནས་ཚུལ་དེའི་ཐོག་ནས་ནད་པའི་སྙིང་ཁམས་འགུལ་བསྐྱོད་དང་། དབུགས་རྔུབ་གཏོང་། དྲན་ཤེས་བརྟན་པོ་བཅས་རྒྱུན་ལྡན་ཡིན་མིན་དེ་གཤག་བཅོས་ལེགས་འགྲུབ་ཡོང་དང་མི་ཡོང་གི་འགག་རྩར་ཐུག་པའི་གནད་དོན་ཡིན་པ་གསལ་བཤད་བྱུང་ཡོད་པ།

༢ མི་གཞན་གྱི་གློ་བུར་དུ་བསད་པ་དང་། ཡང་ན་རྐྱེན་གློ་བུར་བ་ཞིག་ཕྲད་ནས་ཤི་བ་མ་ཡིན་པར། ལུས་ཀྱི་འབྱུང་བ་རིམ་གྱིས་ཐིམ་ནས་ཤི་བའི་མི་རྣམས་འཆི་རན་པའི་དུས་སུ་ཐོག་མར་མིག་གི་དབང་པོ་ཐིམ་ནས་གཟུགས་མཐོང་མི་ཐུབ་པ་ཆགས་ཤིང་། དེ་རྗེས་རྣ་བའི་དབང་པོ་ཐིམ་ནས་སྒྲ་ཐོས་མི་ཐུབ་པར་གྱུར་བ་དང་། དེ་རྗེས་སྣའི་དབང་པོ་དང་ལྕེའི་དབང་པོ་ཐིམ་ནས་དྲི་མི་ཚོར་བ་དང་རོ་མི་མྱོང་བ་ཆགས་རྗེས་ལུས་ཀྱི་སྟོད་སྨད་ནས་དྲོད་རིམ་གྱིས་བསྡུས་ཟིོན་པའི་རྗེས་སུ་དབང་པོ་ལྔའི་དབང་རྩའི་ནུས་པ་མེད་པར་གྱུར་ཟིན་ཀྱང་། ད་དུང་སྙིང་ཁའི་ཐད་ཀྱི་དྲོད་མ་ཡལ་བའི་ཁར་དབུགས་ཀྱང་བཏང་གི་ཡོད་པ་དེའི་ཐོག་ནས་སྙིང་ཁམས་ཀྱི་དབང་རྩའི་ནུས་པ་མེད་པར་ཆགས་པ་དེ་དབང་རྩའི་ནུས་པ་ཤོར་བའི་མཐའ་མཇུག་དེ་ཡིན་པར་གསལ་བཤད་བྱུང་ཡོད་པ།

༣ རླུང་བསྒོམ་ནས་གཟུགས་པོའི་སྦྱོང་བརྡར་བྱས་ན་བདེ་ཐང་ལ་ཕན་ཐོགས་ཡོང་བའི་གཙོ་གནད་ནི། ལུས་པོའི་སྙིང་ཁམས་འཕར་ཚད་རྒྱུན་ལྡན་ཐོག དབུགས་འགྲོ་འོང་གི་མྱུར་ཚད་རིང་དུ་གཏོང་ཐུབ་ཀྱི་ཡོད་པ་མ་ཟད། ལུས་ཀྱི་སྟོད་སྨད་གཉིས་སུ་རྒྱུ་བའི་རླུང་༼དབུགས་༽རྣམས་སྙིང་ཁའི་ཐད་ཀྱི་རྩ་དཀྱིལ་མའི་ནང་དུ་བཟུང་ཐུབ་པའི་སྦྱོང་བརྡར་བྱས་པ་དེས་ལུས་སེམས་གཉིས་ཀའི་བདེ་ཐང་ལ་ཕན་ནུས་ཆེན་པོ་ཐོན་ཏེ་ཚེ་རིང་དུ་གནས་ཐུབ་པའི་ཉམས་མྱོང་མང་པོ་ཡོད་པ་དེའི་ཐོག་ནས་སེམས་ཁམས་འགུལ་བསྐྱོད་ཀྱི་དབང་རྩ་གནས་ལས་ལྟེ་བ་དེ་སྙིང་ཁའི་དབང་རྩ་ཡིན་པ་དང་། ཀླད་པར་གནས་པའི་དབང་རྩ་ཁག་ནི་སེམས་ཁམས་དང་ཕྱི་རོལ་ཡུལ་གཉིས་འབྲེལ་གཏུགས་བྱེད་ཐུབ་པའི་སྒུལ་ཤུགས་ཤིག་ཡིན་པའི་དབང་གིས་ཀླད་པའི་དབང་རྩ་དང་། སྙིང་ཁམས་སུ་གནས་པའི་དབང་རྩ་གཉིས་ཀའི་ནུས་པ་ལ་བརྟེན་ནས་སེམས་ཁམས་ཀྱི་འགུལ་བསྐྱོད་ཡོང་ཐུབ་པའི་བཤད་ཚུལ་དེ་བོད་ཀྱི་གསོ་བ་རིག་པའི་སེམས་ཁམས་ཆགས་ཚུལ་རིག་པའི་གསར་གཏོད་བླ་ན་མེད་པ་ཞིག་ཡིན་པ་མ་ཟད། དེའི་བཤད་ཚུལ་དེ་དེང་སང་གི་འཕྲུལ་ཆས་སྣ་ཚོགས་ལ་བརྟེན་ནས་བརྟག་དཔྱད་བྱས་ན་ར་སྤྲོད་ཡོང་ཐུབ་ཀྱི་རེད་བསམ་པ་བཅས། ཚན་རིག་མཁས་པ་རྣམས་ལ་དཔྱད་གཞིའི་ཚུལ་དུ་ཞུས་པ་འདིར་ལེགས་བཅོས་དང་ཡོ་བསྲང་གི་བཀའ་སློབ་ཡོད་པ་ཞུ་རྒྱུ་ཡིན།།


 

 

མཐའ་མའི་འདོན་ཐེངས་།: 02.12.2021 ཉིན། 2:15 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཁྲིམས་རྩོད་པ་ཞིག་གི་ས་མིག་གསལ་བསྒྲགས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།