སྨན་རྩིས་དྲ་བ། - ཆེད་རྩོམ།

སི་ཏུའི་མཧཱ་ཙཱི་ནའི་རྩ་བརྟག་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 16.07.2022
ཆེད་རྩོམ། >>



༄༅། །མཧཱ་ཙཱི་ནའི་གསོ་དཔྱད་ཀྱི་བསྟན་བཅོས་འགའ་ཞིག་ལས་རྩ་ལ་བརྟེན་ནས་ནད་བརྟག་པའི་ཚུལ།

-           སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས།


      

༄༅། །བཅོམ་ལྡན་འདས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།།
            སྟེང་ཐོན་སྟོང་འཁྲུགས་མཁྲང་དང་གྲིམས། །མྱུར་དང་སྦོམ་པ་རྣམ་པ་བདུན། །ཕྱི་ཡི་རྩ་ཞེས་བྱ་བ་སྟེ། །ཕྲ་བྱིང་བུལ་འཐེང་ཤིན་ཏུ་དལ། །གབ་དང་གུད་དང་ཤིན་ཏུ་གུད། །དེ་དག་ནང་རྩ་བརྒྱད་ཡིན་ནོ། །ཀུན་ཀྱང་བསྡུ་ན་ཐོན་དང་བྱིང་། །དལ་དང་མྱུར་བ་རྣམ་པ་བཞི།།

            ཐོན་པ་སྟོབས་ཆེ་རླུང་གི་ནད། །ཆུང་བ་གྲང་བའི་ནད་དུ་ཤེས། །བྱིང་བ་སྟོབས་ཆེ་ཕོ་བར་ནད། །འདུས་པས་གཟེར་ཞིང་བཤལ་བ་འོང་། །དེ་སྟོབས་ཆུང་ན་གྲང་བར་ཤེས། །དལ་བུ་གུད་ན་རླུང་ཁྲག་བྱེར། །མྱུར་བ་དྲག་ན་ཚ་བ་ཉིད། །དལ་ཞིང་དྲག་དང་མྱུར་ཞིང་གུད། །རྣམ་པ་ཀུན་ཏུ་སྲིད་མ་ཡིན། །དེ་དག་ཞིབ་མོར་གཏན་འབེབས་ན། །ཚུན་ཀྭང་ཆི་ཡི་རྩ་གསུམ་ལ། །བཅོ་ལྔ་སྦྱར་ནས་ཤེས་བྱ་སྟེ།།

            ཚུན་ཐོན་རླུང་ཆེ་མགོ་ཚད་ནད། །ཀྭང་ཐོན་གསུས་པ་སྟོང་སྦོས་བྱེད། །ཆི་ཐོན་གློ་བར་རླུང་ཞུགས་ཤིང་། །ལོང་སྐམ་བཤང་གཅི་སྡོམ་པར་བྱེད། །ཚུན་སྟོང་སྙིང་གང་ཁྲག་ངན་འདུས། །ཀྭང་སྟོང་རྒྱུ་ལོང་ནད་འབྲུམ་སྐྱེ། །ཆི་སྟོང་མཁལ་མ་རྒུད་པ་ཡིས། །གཅིན་སྙི་ཁྲག་རྣག་འཛག་པར་འགྱུར། །ཚུན་འཁྲུགས་སྐྱུགས་ལོག་དང་ག་འདག །ཀྭང་འཁྲུགས་ཕོ་གྲང་ཟས་མི་འཇུ། །ཆི་འཁྲུགས་ལྟེ་འོག་འཁྱགས་པ་འདྲ། །ཆུ་འཐུང་ཞུ་གནས་ཁྲོག་སྒྲ་འབྱུང་། །ཚུན་རྩ་མཁྲང་ན་སྙིང་ཚད་ནད། །ཀྭང་མཁྲང་ཞུ་གནས་གཟེར་བར་སྟོན། །ཆི་ལ་ཐག་པ་ལྟར་གནས་ན། །སྦོས་ཤིང་གཅིན་ཡང་གཟུང་མི་ནུས། །ཚུན་རྩ་གྲིམས་ན་སྙིང་གར་ནི། །ཐག་པས་བསྡམས་ནས་ཁྲིད་བཞིན་ན། །ཀྭང་གྲིམས་ཕོ་བར་གྲང་བའི་ནད། །ཆི་ལ་རྒྱུ་མཚམས་ཆུས་རྒྱས་ནད། །ཚུན་མྱུར་མགོ་བོའི་ནང་གི་ནད། །ཀྭང་རྩ་མྱུར་ན་མགུལ་མི་ནུས། །ཆི་ལ་ཅུང་ཟད་ལུས་ལྕི་ཞིང་། །ལྟེ་སྐོར་ན་ཞིང་ལག་མྱོང་འདོད། །ཚུན་ལ་སྦོམ་ན་བྲང་ཆེ་ཞིང་། །ཀྭང་ལ་ཕོ་ལོག་ལན་མང་སྐྱུགས། །དེ་བཞིན་ཆི་ལ་རྐང་སྐེད་ལྕི། །ཆུ་དམར་གཏོང་དཀའ་རྐང་པ་སྦྲིད།།

            ཚུན་ལ་ཕྲ་ན་དབུགས་སྟོད་འཚངས། །ཀྭང་ལ་སྙིང་རླུང་ལྡང་ཞིང་ཁྲོ། །ཆི་ཕྲ་ལྟེ་འོག་ནད་འདུས་པས། །ལུས་གྲང་ཆུ་འཐུང་མྱུར་སྒྲ་འབྱུང་། །ཚུན་བྱིང་སྙིང་གར་བད་ཀན་འཁྲས། །ཀྭང་ལ་དབུགས་ཐུང་ལྟ་མི་བཟོད། །དེ་བཞིན་ཆི་ལ་རྐང་སྐེད་ལྕི། །གཅིན་རྙོག་འབྲས་བཀྲུས་ཁུ་བའི་མདོག །ཚུན་བུལ་ལྟག་ཟུར་ཆུ་རྒྱུས་འཐེམ། །ཀྭང་བུལ་དབུགས་བསྡམས་དགྱེ་མི་ཤེས། །ཆི་ལ་འདུས་པའི་གྲང་ནད་རྙིང་། །མཚན་མོ་འདྲེ་ཡིས་དེད་པ་རྨི། །ཚུན་འཐེང་ཕོ་རླུང་གྱེན་དུ་ལུད། །ཀྭང་འཐེང་ཁྲག་ནད་བྱེར་བ་ཡིན། །ཆི་ལ་གྲང་རླུང་གྱེན་དུ་ལོག །ལུས་གྲང་ལྟེ་འོག་འབྲུག་སྒྲ་སྒྲོགས། །ཚུན་དལ་སྙིང་གི་གྲང་བའི་ནད། །ཀྭང་དལ་ཕོ་ནད་སྐོམ་འཐུང་དཀའ། །དེ་བཞིན་ཆི་དལ་རྐང་སྐེད་ལྕི། །གོས་མང་གོན་ཀྱང་སྲབ་མོར་ཚོར། །ཚུན་རྩ་གབ་ན་སྙིང་རླུང་འདུས། །ཀྭང་ལ་མིག་ཟི་རྒྱུ་ལོང་ནད། །ཆི་ལ་མཐོང་ན་ཟས་མ་ཞུ། །ཉལ་སྡོད་མི་བདེ་ཁོང་པ་བཤལ། །ཚུན་གུད་མི་ལ་རྔུལ་མང་འབབ། །ཀྭང་ལ་དབུགས་ཟད་ལུས་ཟུངས་ཤོར། །ཆི་གུད་གྲང་བ་གཏིང་དུ་མཁར(འཁར)། །ཤ་རུས་འབྲལ་འཐོར་ཟུངས་མི་ཐུབ། །ཚུན་ཟད་སྲིབས་ཀྱི་གུད་པའི་ལམ། །ཀྭང་ཟད་རླུང་ནི་ཤིན་ཏུ་བྱེར། །ཆི་ལ་གདགས་ཀྱི་དབུགས་ཀྱང་ཟད། །པགས་པར་རླུང་ལོག་ལུས་སྦྲིད་དོ།།

            དེ་ནས་ཚུན་ཀྭང་ཆི་གསུམ་པོ། །སྤྱི་ལ་སྦྱོར་བའི་དཔྱད་དོན་ནི། །དཔྱིད་གྲིམས་དབྱར་སྦོམ་སྟོན་ཀ་འབོལ། །དགུན་མཁྲང་དུས་བཞིའི་དབྱེ་བ་ཡིན། །སྟེང་ཐོན་སྟོབས་ཆེ་རླུང་གི་ནད། །སྟེང་ཐོན་སྟོབས་ཆུང་ལུས་ཟུངས་གུད། །སྟེང་ཐོན་ཕྲ་ན་དབྱར་ཚད་ནད། །སྟེང་ཐོན་གུད་ན་དྲེག་གྲུམ་ནད། །སྟེང་ཐོན་སྟོང་ན་ཁྲག་གི་ནད། །སྟེང་ཐོན་འཐེང་ན་མིག་ཟི་འཐོམ། །སྟེང་ཐོན་མགྱོགས་ན་རླུང་ཚད་འདོམ། །ཐོན་དལ་གཡའ་ཞིང་རྔུལ་མི་འབབ། །ཐོན་སྦོམ་བ་སྤུའི་སྲིན་བུའི་ནད། །ཐོན་འཁྲུགས་ཤ་ལྤགས་ཚ་ཙེག་བྱེད། །ཐོན་གྲིམས་རླུང་གིས་འདར་ཞིང་རལ། །ཐོན་རིང་ལུས་ཕྱི་ཤིན་ཏུ་ཚ། །གཅིག་ཐོན་དབུགས་འཚང་ཤ་ལྤགས་ཚ། །ཐོན་མཁྲང་མགྱོགས་འཁྲུགས་ནད་བརྒྱ་འདུས།།

གཡོན་ཚུན་ཐོན་ན་ཕྱི་ནད་ཞུགས། །གཡས་ཚུན་ཐོན་ན་ནང་གི་ནད། །ན་འཕྲལ་ཐོན་ན་ཆམ་པའི་ནད། །ནད་རྙིང་ཐོན་མཐོང་གྲང་བའི་ནད། །གསུམ་ག་སྟེང་ཐོན་གློར་རླུང་ཞུགས། །སྣ་ཆུ་མང་ཞིང་གློ་མང་ལངས། །ཤིན་ཏུ་ཚ་འདར་ཤ་ལྤགས་ན། །གྲེ་སྐམ་མིག་གཉིས་ཚ་འཛག་འབྱུང་། །ཆི་ཐོན་གཏོང་དཀའ་གློ་རླུང་ཞུགས། །ཀྭང་ཐོན་གསུས་པ་སྦོས་པའི་ནད། །བྱིང་བ་ཤེད་ཆེ་ནད་རྙིང་འདུས། །དེ་ལ་ཤེད་མེད་རླུང་མི་སྙོམས། །ལུས་གྲང་འབྲས་སྐྲངས་ཁོང་པ་བཤལ། །མི་འཇུ་རྩིབ་རྒྱངས་ཁྲག་འདྲིལ་ནད། །ཆུ་བྱེར་སྐེད་ན་ཡན་ལག་གྲང་། །བྱིང་གབ་གླང་ཐབས་དྲག་པོའི་ནད། །བྱིང་ཞིང་འཁྲུགས་ན་ཟས་མ་ཞུ། །བྱིང་འཐེང་དྲེག་གྲུམ་གྲང་བའི་ནད། །བྱིང་ཕྲ་རྔུལ་འབབ་བུལ་མིག་ཟི། །བྱིང་མཁྲང་ཚད་འདུས་ཆུ་ཁ་སྙི། །བྱིང་མགྱོགས་ནང་གྲང་ཕྱི་ནི་ཚ། །བྱིང་དལ་གྲང་ཁྲག་ཁོང་པ་གྲང་། །བྱིང་མྱུར་མགྱོགས་ན་ཚ་གྲང་འདྲེས། །བྱིང་མྱུར་མི་མགྱོགས་ཆུ་སེར་རྒྱས། །བྱིང་ལྕི་ཚད་ནད་གུད་སྐྲ་གཟེང་། །བྱིང་གྲིམས་སྙིང་དང་ཕོ་བ་གྲང་། །བྱིན་ཕྲ་དབུགས་ཆད་སྒུལ་བསྐྱོད་དཀའ། །ཚུན་མིན་བྱིང་ལྕི་བརྡབ་ཁྲག་འདུས། །གཞིན་གཡིན་བྱིང་ལ་བད་ཚད་ཡིན། །ཁྱི་ཁེའུ་ཕྱིར་ན་རླུང་ཁྲག་གྲང་། །ཆི་བྱིང་ཆུ་རྙོག་རྐང་སྐེད་ལྕི། །ཀྭང་བྱིང་དབུགས་ཐུང་ཆུ་སྐྱུར་སྐྱུགས། །གསུམ་ག་བྱིང་ན་རླུང་ཁྲག་གྲང་། །ནད་གཞི་ནང་གནས་ཕྱིར་མ་ལྟོས། །གནས་གསུམ་བསྡམས་པའི་སྒོ་དབྱེ་བས། །ཕོ་བ་ནད་གཞི་མྱུར་དུ་བཅོས། །དལ་བ་ཤེད་མེད་སྟོབས་གུད་གྲང་། །དལ་བ་ཤེད་ཆེ་མནར་བའི་ནད། །ཆི་དལ་ཁྲག་གུད་ཚུན་དབུགས་གུད། །དལ་བྱིང་ནང་གྲང་ཐོན་ཕྱི་གྲང་། །དལ་འཐེང་ནད་རྙིང་ཆུ་སྐྱུར་འབྱུང་། །དལ་བུལ་གྲུང་རྒུད་མཆིལ་མིད་དཀའ། །དལ་ཕྲ་གྲང་གྲུམ་འཁྲུ་སྦོམ་འབྱུང་། །དལ་གུད་དབུགས་ཆུང་ཚིགས་གྲང་ནད། །དལ་འཁྲུགས་ཁོང་པ་བརྒྱངས་ཤིང་ན། །དལ་གྲིམས་གྲང་ཁྲག་འཁྲུགས་རྙིང་པ། །ཁྱི་ཁེའུ་དལ་ན་གྲང་གུད་འདུས། །གཞིན་གཡིན་དལ་ན་གྲང་གྲུམ་ངས། །ཀྭང་དལ་ཕོ་ནད་ཞུ་གནས་གྲང་། །ཆི་དལ་གྱུར་ན་མཁལ་ནད་དོ། །དབྱར་ཐའི་དུས་སུ་གཡོན་ཆི་དལ། །དྲང་སོང་འབད་ཀྱང་གསོ་བ་དཀའ། །གསུམ་ག་དལ་ན་མཁལ་ནད་གྲང་། །ཤ་ལྤགས་རྩུབ་གས་སྐྲ་སྤུ་སྐམ། །ཆུ་ལ་འགྲོ་དང་འདྲེ་གདོན་རྨི། །གཞི་མེད་སད་ཚེ་ཅི་ཕྱིར་འཇིགས། །མགྱོགས་པ་སྟོབས་ཆེ་ཆེ་བའི་ནད། །ཤེད་མེད་འབྲུམ་ཤར་གཡའ་ཞིང་ན། །མགྱོགས་ཤིང་ཕྲ་ལ་ཤེད་མེད་ན། །ཆུ་གུད་མེ་རྒྱས་རབ་ཏུ་འཇིགས། །མགྱོགས་ཐོན་མི་རྩུབ་སྙིང་ག་གཟེར། །མགྱོགས་བྱིང་ངེས་པར་ནང་ཚད་ཡིན། །མགྱོགས་རིང་ཕྱི་ཚད་ནང་དུ་ཞུགས། །མགྱོགས་སྦོམ་ནད་རྒྱས་བཤང་བ་དཀའ། །ཚུན་མགྱོགས་བྲང་ཚ་མགོ་བོ་ན། །ཀྭང་མགྱོགས་ཁ་དྲི་མི་ཞིམ་སྐྱུགས། །མགྱོགས་འཁྲུགས་བད་ཚད་སྟོད་དུ་འཚངས། །ཡི་ག་འཆུས་ཤིང་སྐྱུགས་པའི་ནད། །གཞིན་གཡིན་མགྱོགས་ན་རླུང་ཚད་མཐོ། །ཁྱི་ཁེའུ་མགྱོགས་ན་ནང་གུད་ལུ། །ཀྭང་གཡོན་མཆིན་ཚད་མིག་གི་ནད། །ཚུན་གཡས་བཤང་གཅི་འགག་དང་དམར། །གསུམ་ག་མགྱོགས་ན་སྙིང་ཚད་དེ། །ལྕེ་སྟེང་འབྲུམ་ཤར་མཆུ་རྩུབ་གས། །སྨྲ་འཆོས་མིག་འཁྲུལ་འདྲེ་གདོན་མཐོང་། །ཆུ་གྲང་ཕོར་པ་བརྒྱས་་། །དེ་དག་བརྟག་པར་བྱ་བའི་དུས། །ཉི་ཤར་ཚུན་གྱི་སྒོ་རུ་ནི། །བླ་རྩ་འཁྱམས་པ་འདུས་པའི་ཕྱིར། །གསལ་མཐོང་རྟེན་འབྲེལ་སྒོ་ཡིན་པས། །དེ་ཡི་དུས་སུ་བརྟག་པ་གཅེས། །བལྟ་གནས་འཁྲིག་(མཁྲིག་)མའི་གཉེར་མ་ནས། །རུས་པ་འབུར་པོའི་ལྡེབས་སུ་སྟེ། །སྨན་པའི་ལག་སོར་རྩ་་་། །ནད་པའི་འཁྲིག་མའི་རྒྱབ་ཕྱོགས་ཀྱི། །དབུས་སུ་བཀོད་ནས་འཚམ་པར་བལྟ། །ཐོན་སོགས་པགས་རེག་ཙམ་གྱིས་ཏེ། །སྲན་དྲུག་ལྕིད་ཀྱིས་བྱིང་བ་སོགས། །དེ་བཞིན་སྲན་མ་བཅུ་གཉིས་ཀྱི། །ལྕིད་ཀྱིས་གུད་སོགས་མཐོང་བར་འགྱུར། །དེ་བཞིན་ནད་མེད་བདེར་གནས་ལ། །བླ་རྩ་སོགས་་་། །འདིར་ནི་རྒྱས་པར་མ་སྨོས་ཀྱི། །གཞན་དང་གཞན་ལས་ཤེས་པར་བྱ།།

            ཞེས་མཧཱ་ཙཱི་ནའི་གསོ་དཔྱད་ཀྱི་བསྟན་བཅོས་འགའ་ཞིག་ལས་རྩ་ལ་བརྟེན་ནས་ནད་བརྟག་པའི་ཚུལ་འདི་དག་བསྡུས་ནས་སི་ཏུའི་མིང་ཅན་གྱིས་ལི་ཀྱང་ཧུ་ཞེས་བྱ་བའི་གནས་སུ་གཡར་ཁྲལ་དུ་བསྒྱུར་བ་སྟེ། འདིས་ཀྱང་སྐྱེ་བོ་མང་པོ་ལ་མེད་(མད་)པར་གྱུར་ཅིག། །།

 

(སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱི་གསུང་འབུམ་སྤྱོད་བདེའི་ཡིག་སྒྲོམ་ཞིག་ལག་སོན་བྱུང་བའི་ནང་གཞུང་ཚན་འདིའི་གཤམ་གྱི་ཚིག་རྐང་རེ་ཟུང་གི་ཡིག་རྐང་འགའ་ཞིག་མི་གསལ་བའི་ཆད་སྐྱོན་འདུག སླད་མར་མ་ཕྱི་ཆ་ཚང་བ་གཞན་ཞིག་ལག་སོན་བྱུང་མཚམས་ཚིག་རྐང་ཆད་པ་དེ་དག་བསྐང་རྒྱུ།)



མཐའ་མའི་འདོན་ཐེངས་།: 16.07.2022 ཉིན། 2:24 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།