སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

སངས་ཁོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.06.2018
གསོ་རིག་མཁས་དབང་རིམ་བྱོན། >>


སངས་ཁོ།

- བྱམས་པ་འཕྲིན་ལས།

སྨན་པ་འབུམ་རམས་གཞོན་པ་སངས་ཁོ་ནི། ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཡིན། ཁོང་ནི་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་སུ་སྤྱི་ལོ་ ༡༩༥༤ ལོར་སྐྱེས། ཆུང་བྱིས་པའི་དུས་སློབ་གྲྭར་བཞུགས་པ་དང་། “རིག་གནས་གསར་བརྗེའི་” འགལ་རྐྱེན་ལས་སློབ་སྦྱོང་ཀྱི་གོ་སྐབས་དང་བྲལ་ཏེ། ༡༩༧༠ ལོར་སྨན་པ་རྐང་རྗེན་མའི་གྲོས་སུ་ཞུགས། དེ་ནས་བོད་ཀྱི་གསོ་རིག་དང་ཕྱི་ལུགས་གསོ་རིག་གཉིས་ཀྱི་ཕྱོགས་ནས་ནད་བཅོས་བྱས་ཏེ་ལོ་དུ་མ་སོང་། ༡༩༧༧ ལོ་ནས་བཟུང་བོད་སྨན་ཁོ་ན་སྦྱངས་ཏེ། དགེ་བའི་བཤེས་གཉེན་ཆེན་པོ་བསྟན་པའི་མཚན་ཅན་གྱི་སྐུ་གམ་དུ་བཅར་ནས་བླ་བྲང་བཀྲ་ཤིས་འཁྱིལ་གསོ་རིག་གཞན་ཕན་གླིང་གི་ཕྱག་སྲོལ་བཞིན་དཔལ་ལྡན་གསོ་བ་རིག་པའི་རྒྱུད་བཞིའི་ཕྱག་ལེན་ངོ་སྟོན་ངོས་འཛིན་སོགས་ཆུ་འགོ་གངས་ལ་ཐུགས་པ་བཞིན་བསླབ་སྦྱངས་ནན་ཏན་བྱས་ཏེ། གསོ་རིག་གྲྭ་ཚང་གི་ཕྱག་ལེན་ལྟར་དཔལ་ལྡན་རྒྱུད་བཞིའི་ཚིག་བློ་ཐོག་ནས་འདོན་རྒྱུ་ཨང་དང་པོ་བཞག་ནས་བློ་འདོན་སྐྱོར་སྦྱངས་ལོ་འགའ་ལ་བྱས། ཞོར་དུ་སློབ་དཔོན་ཁོང་དང་ལྷན་ཀན་སུའུ་དང་ཟི་ཁྲོན། ཡུན་ནན་སོགས་ལ་སོང་ནས་ནད་བཅོས་བྱས་མྱོང་བ་དང་། དེ་གའི་ས་རྡོ་སྔོ་སྨན་གྱི་རིགས་ལ་བརྟག་དཔྱད་དང་ངོས་འཛིན་མང་པོ་མཐོང་། སྤྱི་ལོ ༡༩༨༠ ལོར་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ་ཟབ་སྦྱོང་ལ་ཞུགས་པ་དང་ལྷན་དུ་གསོ་རིག་མཁས་དབང་ཆེན་མོ་རྒན་ཆོས་གྲགས་དང་ཐུབ་བསྟན་ཚེ་རིང་། དཔལ་ལྡན་བསྟན་འཛིན་སོགས་ཀྱི་མདུན་ནས་རྒྱུད་བཞིའི་ལུང་དང་མན་ངག་ཡོན་ཏན་རྒྱུད་ཀྱི་ཁྲིད་སོགས་ཐོབ་པ་དང་། ཁྱད་པར་དུ་མཁས་དབང་བྱམས་པ་འཕྲིན་ལས་མཆོག་གིས་རྩ་རྒྱུད་ཀྱི་ལུང་སོགས་གནང་བ་ལ་བརྟེན་ནས། ༡༩༨༦ ལོར་དཔལ་ལྡན་རྒྱུད་བཞི་ཡོངས་རྫོགས་བློ་ཐོག་ནས་རྒྱུགས་སྤྲད་པའི་གོ་སྐབས་བཟང་པོ་བྱུང་། དེ་བཞིན་དུ་གངས་ཅན་འགྲོ་བའི་གཙུག་རྒྱན་པཎ་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་མོ་སྐུ་ཕྲེང་བཅུ་བ་ལ་རྩ་རྒྱུད་དང་བཤད་རྒྱུད་གཉིས་བློ་ཐོག་ནས་རྒྱུགས་འབུལ་ཞུས་བ་ཞལ་གྱི་བཞེས་པ་དང་ཞལ་གསུང་གི་མེ་ཏོག་གཏོར། ༡༩༨༧ ལོ་ནས་བཟུང་སྨན་ཁང་གི་ཡོན་ཀྲང་གཞོན་པའི་འགན་འཁུར་བ་དང་། ཞོར་དུ་ནད་པ་ལ་བལྟས་པ་དང་སྨན་ལག་ལེན་བྱས་བ། སྨན་ངོ་ངོས་འཛིན་ཐད་ལ་ཆེས་གཟབ་ནན་གྱི་སློབ་སྦྱོང་བྱས་ཏེ་ཤེལ་གོང་བློ་འཛིན་བྱས། ཉིན་བཞིན་སྒོ་བསྟེན་ནད་པ་སུམ་ཅུ་ཡས་མས་ལ་བལྟ་བ་དང་དེའི་ཞོར་དུ་ཟི་ཁྲོན་དང་མཚོ་སྔོན། ཀན་སུའུ་སོགས་ས་སྣེ་སོ་སོ་ནས་ཡོང་བའི་དགོན་པའི་གྲྭ་བ་དང་གཞི་རིམ་སྨན་པ་བརྒྱ་ཕྲག་ལྷག་ལ་གསོ་རིག་རྒྱུད་བཞི་སོགས་ཀྱི་སློབ་ཁྲིད་བྱས་པ་དང་། དེའི་ནང་དུ་ཁ་ཤས་སློབ་མཇུག་རྫོགས་ནས་ས་སྣེ་དེ་གའི་སྨན་པ་བྱས་ཏེ་ཞིང་འབྲོག་ས་ཁུལ་ལ་ཕན་པ་རྒྱ་ཆེན་བྱུང་།

༡༩༩༠ ལོར་རྒྱལ་ཡོངས་གསོ་རིག་མཁས་དབང་ལྔ་བརྒྱའི་གྲས་སུ་རྒན་བསྟན་པའི་རྒྱུད་འཛིན་དུ་འདེམས་པ་དང་། ཀནལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ནས་ “དཀའ་སྤྱད་སྡུག་རུས་ཀྱི་གསོ་རིག་རྒྱུད་བཞི་བློ་ཐོག་ནས་མཆེད་པའི་བྱས་རྗེད་འཇོག་མཁན”ཞེས་པའི་དགའ་རྟགས་གནང་བ་བཅས་སོ།།

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། པར་གཞི་གཉིས་པ་》ནས་ཟུར་འདོན་ཞུས།



མཐའ་མའི་འདོན་ཐེངས་།: 04.06.2018 ཉིན། 11:49 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།