སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་བཞི་པ། སྙིང་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.02.2021
མན་ངག་རྒྱུད། >>

 ལེའུ་སོ་བཞི་པ། སྙིང་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །དོན་སྣོད་གསོ་བའི་སྐབས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས། །དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ།།

ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །དོན་སྣོད་ནད་ཀྱི་གསོ་ཐབས་བསྟན་པ་ནི། །ཚེ་སྲོག་སེམས་ཀྱི་རྟེན་ཡིན་པས་རྒྱལ་པོ་སྙིང་དང་དེའི་དྲུང་ན་གནས་པའི་བློན་པོ་གློ་བ་དོན་ལྔ་སོགས་གསོ་བ་སྐྱེད་པས་བཙུན་མོ་མཆིན་པ་དང་དེའི་རིགས་ལས་མཆེར་པ་མཁལ་མ་གཉིས་རྗེ་འབངས་དམངས་ལྟ་བུ་བཅས་ལྔའོ། །ཕོ་བ་རྒྱུ་མ་ལོང་གི་ནད་བརྒྱད་ལས། །ཐོག་མར་དོན་གྱི་རྒྱལ་པོ་སྙིང་གསོ་བ། །རྒྱུ་དང་དབྱེ་བ་རྟགས་དང་བཅོས་ཐབས་བཞི།།

སྤྱི་དོན་དང་པོ་རྒྱུ་ནི་མྱ་ངན་སེམས་འཁྲུགས་ཡིད་མི་བདེ། །ལྟོ་ཆག་གཉིད་ཆག་ཞེ་སྡང་དྲག་པོས་སྐྱེད།།

སྤྱི་དོན་གཉིས་པ་དབྱེ་བ་སྙིང་འཕྱོས་སྙིང་གཟེར་སྙིང་ཚད་དང་། །སྙིང་ཆུ་སྙིང་འཐིབས་སྙིང་གི་སྲིན་བུ་དང༌། །སྙིང་ནད་ཁ་ལེ་ནག་པོ་ཞེས་བྱ་བདུན།།

སྤྱི་དོན་གསུམ་པ་དེ་རྟགས་དང་པོ་སྙིང་འཕྱོས་མགོ་ན་བརྗེད་ངས་ཆེ། །ཤེས་པ་འཕྱོ་ཞིང་དོན་མེད་སྙིང་མི་དགའ། །རེས་འགའ་མ་དྲིས་པར་ཡང་མུ་ཅོར་སྨྲ། །རེས་འགའ་དྲིས་ཀྱང་དེ་ཡི་ལན་མི་ལྡོན། །མི་སྙན་ཚིག་གིས་དངངས་ཤིང་ཤུ་ཡིས་འདེབས། །དབུགས་ཐུང་གཉིད་ཆུང་སྙིང་ཉིད་སྟོང་ངམ་སེམས། །གཉིས་པ་སྙིང་གཟེར་ནད་ལ་རླུང་གཟེར་ཁྲག་གཟེར་གཉིས། །མགོ་འཁོར་སྟོད་གཟེར་རྔམ་པ་ཐུང་ལ་ཆེ། །མིག་རྩ་རྒོད་ཅིང་ཁ་ལྕེ་སྐམ་ལ་རྩུབ། །ཁྲག་གཟེར་ལྕེ་སྐམ་ཕུར་པ་བཙུགས་ལྟར་གཟེར། །འབུར་ཚུགས་བལྟ་ཞིང་རྔམ་རྒོད་ཞེ་འཁུན་བྱེད། །གསུམ་པ་སྙིང་ཚད་ཚ་བ་རྒྱས་དང་འཁྱིལ་བ་གཉིས། །རྒྱས་པ་མྱོས་འཐིབས་མིག་དམར་རོ་སྟོད་གཟེར། །སྙིང་འཆུ་སྣ་སྐམ་བྲང་རྒྱབ་མེ་བཏང་འདྲ། །ཚ་བ་སྙིང་ལ་འཁྱིལ་བ་ཚ་མྱག་བྱེད། །སྙིང་འཕར་གྲི་ཡིས་གཏུབས་སྙམ་ལྕེ་སྐམ་ཐུང༌། །བཞི་པ་སྙིང་ལ་ཆུ་སེར་བབས་ན་སྨྲ་བ་མང༌། །ཁོང་འདར་གཉིད་ཆུང་སྙིང་རྡུང་གཡལ་སྟོང་གཡོ། །གླུ་དང་དགོད་ལ་དགའ་ཞིང་ཚིག་པ་ཟ། །ལྔ་བ་སྙིང་འཐིབས་བརྗེད་ངས་ཆེ་ཞིང་སེམས་ལས་ཆེ། །དང་ག་མི་བདེ་གཉིད་ཆེ་རྡོ་བརྫངས་སེམས། །དྲུག་པ་སྲིན་གྱུར་མིག་མདོག་ནག་ཅིང་ལྗན་ལྗིན་འཛག །སྙིང་འཕར་མུན་འཐིབས་སོག་ལེས་འབྲད་སྙམ་སེམས། །བདུན་པ་ཁ་ལེ་ནག་པོ་རྩ་སྟོང་ཚད་པ་ཆེ། །སྨྲ་ཉུང་སྤྲོ་ཐུང་རྡེག་འདོད་འབུར་ཚུགས་ཟུར་མིག་ལྟ་མི་ཤེས་ཐད་མདོང་དུ་བལྟ་། །མགོ་བོ་ཕྱེད་ན་ན་ངོས་ཁ་ཡོར་འགྱུར།།

སྤྱི་དོན་བཞི་བ་བཅོས་ཐབས་དང་པོ་སྙིང་འཕྱོ་བ་ནི་སྙིང་ལ་རླུང་ཞུགས་པ་ཡིས། །ཨ་བར་སྐྱུར་གསུམ་འབྲས་བུའི་མར་ནི་བཟའ་བྱུག་འཇམ་རྩིར་བཏང་། །ཛཱ་ཏི་ཁ་རུ་ཚྭ་ཡི་སྨན་མར་རམ། །རུས་ཆེན་སྐྱེས་དར་མའི་རུས་པའི་ལྷ་བ་རྐང་མར་ཞུན་དང་མར་རྙིང་འབྲས་བུ་གསུམ་སྒའི་མར་ལ་བཟང་པོ་གསུམ་ཁ་རུ་ཚ་སླ་ཏྲེས་བུར་རྙིང་བཏབ་ལ་བཏང་ལོ་མར་འབྲས་བུའི་སྨན་མར་གསུམ་སྦྱར་ལ། །ཤིང་ཀུན་ཛཱ་ཏི་ཁ་རུ་ཚྭ་དང་སྒ། །སླེ་ཏྲེས་གོ་སྙོད་བུར་རྙིང་བཏབ་ལ་བཏང༌། །བཙན་དུག་ཨ་རུ་གླ་རྩི་རུ་རྟ་གུ་གུལ་རྣམས་ཐུན་རེ་དང༌། །ཤིང་ཀུན་ཤུ་དག་ཛཱ་ཏི་གུ་གུལ་དང༌། །བུ་རམ་སྦྱར་བའི་རིལ་བུ་བྲི་ལ་ཆའི་བསྐྱེད་ཐབས་ལྡན་བསྟེན། །དྲུག་བདུན་སྙིང་སྟོད་སྙིང་ལོགས་རྣམས་སུ་མེ་ཐུར་བྱ། །བུད་མེད་བསྒྲོད་པ་སྨྲ་བརྗོད་མི་ཉན་ཁ་ཡན་རིགས་བརྗོད་མང་བ་ཡེད་སྤང༌། །གཉིས་པ་རླུང་གཟེར་ཛཱ་ཏི་གོ་སྙོད་ཞོ་ཤའི་ཐང༌། །ཕྱེ་མ་དེ་སྟེང་རུ་རྟ་ལི་ཤི་དང༌། །ཀ་ཀོ་ལ་དང་ཤིང་ཀུན་བུ་རམ་སྦྱར། །སྙིང་གསང་མདུན་རྒྱབ་གང་དུ་བབས་པ་བསྲེག །ཁྲག་གཟེར་ལ་སྙིང་ཞོ་ཤ་སླེ་ཏྲེས་ཨ་རུའི་ཐང༌། །ཕྱེ་མ་ཙན་དན་ཨ་གར་སྙིང་ཞོ་ཤ །གེ་སར་གཉིས་དང་ཛཱ་ཏི་ཀ་ར་སྦྱར། །ཨ་སོ་རྩེ་ཆུང་གཏར་ལ་དྲུག་བདུན་བསྲེག །བཅོས་འཕྱིས་སྙིང་ནང་ཁྲག་གིས་གང་སྟེ་འཆི། །གསུམ་པ་སྙིང་ལ་ཚ་བ་རྒྱས་ན་སྙིང་རྩ་རྩེ་ཆུང་དང་མཐོང་རྩ་དང་ལྕེ་རྩ་སོགས་གཏར། །ག་བུར་རྒྱ་ཚྭ་ཁ་རུ་ཚྭ་ལྕེ་མྱང་ཚྭ་པི་པི་ལིང་ཨ་ག་རུ་ཀ་ར་བདུན་དགུ་ཉི་ཤུ་རྩ་ལྔ་སྦྱར། །ཚ་བ་འཁྱིལ་ན་ག་བུར་སྙིང་ཞོ་ཤ། །ཛཱ་ཏི་ཅུ་གང་དོམ་མཁྲིས་ཀ་ར་སྦྱར། །ཐོང་རྩ་ཨ་སོ་ལྕེ་འོག་རྩ་ལ་གཏར། །བཞི་བ་སྙིང་གི་ཆུ་སེར་སེ་འབྲུའི་ཕྱེ་མ་སྦྱར། །དཀར་ནག་མཚམས་དང་སྡུད་སྒོ་བདུན་པ་བསྲེག །འབྲས་ཨ་བར་སྐྱུར་གསུམ་སེང་ལྡེང་མར་གྱི་ཆུ་སེར་སྐེམ། །ལྔ་བ་སྙིང་འཐིབས་བད་ཀན་ཞུགས་པས་སྐྱུགས་བྱ་ཆུ་སྐོལ་མང་དུ་བཏང་། །སེ་འབྲུ་དབྱི་མོང་ཚ་བ་སྒ་པི་ཕོ་གསུམ་གྱི་ཐང༌། །རྒྱམ་ཚྭ་དྲོད་སྨན་ཧྲིལ་འཇོང་ཁ་རུ་ཚྭ་ཐང་བཏང༌། །ཤུ་དག་ཤིང་ཀུན་རྒྱམ་ཚྭ་ཁ་རུ་ཚྭ། །དོང་གྲ་སུག་སྨེལ་ཡ་བཀྵ་ར་དང༌། །ལ་ལ་ཕུད་དང་དྲོད་སྨན་ཧྲིལ་འཇོང་སྦྲང་སྦྱར་བཏང༌། །དྲུག་པ་སྙིང་སྲིན་བྱི་ཏང་ག་དང་ཤིང་ཀུན་དང༌། །མ་རུ་ཙེ་དང་སྒོག་སྐྱ་ལང་ཐང་ཙེ། །ཛཱ་ཏི་ཞོ་ཤ་སྤྲུ་མའི་ཁུ་བས་དབུལ། །བྱི་ཏང་ག་དང་རུ་རྟ་བ་ཆུར་སྦྱར། །སྙིང་གི་སྲིན་ནད་ཚ་གཡའ་གཟེར་འཁྱུག་སེལ། །བདུན་པ་ཁ་ལེ་ནག་པོ་སྐྱུ་རུ་ར་ཡི་ཐང་། །རྒོད་ཀྱི་ལྟོ་སྟོང་པ་ཡི་ཚ་བ་བཏང༌། །ཞོ་ཤ་སྙིང་མཁལ་གླ་གསུམ་གྱི་མར་སྦྱར་སྙིང་རྩ་མཐབ་འཛུབ་གཉིས་བསྲེག །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྙིང་ནད་གསོ་བའི་ལེའུ་སྟེ་སོ་བཞི་པའོ།།  །།

 

 

མཐའ་མའི་འདོན་ཐེངས་།: 20.02.2021 ཉིན། 12:19 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།