སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་དྲུག་པ། མཆིན་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.02.2021
མན་ངག་རྒྱུད། >>

 

ལེའུ་སོ་དྲུག་པ། མཆིན་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག བཙུན་མོ་ལྟ་བུ་མཆིན་པའི་གསོ་ཐབས་ལ། །རྒྱུ་དང་དབྱེ་བ་རྟགས་དང་བཅོས་ཐབས་བཞི།།

སྤྱི་དོན་དང་པོ་རྒྱུ་ནི་རོ་ཚ་སྐྱུར་གྱིས་ཟས་དང་སྤྱོད་ལམ་དྲག་ཤུལ་གྱིས་སྐྱེད།། སྤྱི་དོན་གཉིས་པ་དབྱེ་བ་ལེབ་རྒན་རྒྱས་དང་ལྡེམ་བུ་དང༌། །དུག་ཐབས་ཆུ་ཤོར་རྐུན་བུ་འོར་ལྷུང་དང༌། །ཁ་ལུད་གཞུང་རེངས་མཆིན་གྲུམ་ནག་པོ་དང༌། །མཆིན་ནད་ཧལ་སྐེམ་མཆིན་དྲི་དཀར་ནག་དང༌། །གནད་མཆིན་རྩ་བྱེར་མཆིན་རླུང་མཆིན་རྒུད་དང༌། །རླན་གྲང་གླང་དགུར་གྲང་སྦོས་བཅོ་བརྒྱད་དོ།།

སྤྱི་དོན་གསུམ་པ་དེ་རྟགས་དང་པོ་མཆིན་ནད་ལེབ་རྒན་རྒྱས་པ་དེ། །མཆིན་སྟེང་རྩིབ་ཐུང་གཡས་གཡོན་སྦོ་ཞིང་ན། །ལུས་དང་མཚོགས་མ་ལྕི་ཞིང་རོ་སྟོད་གཟེར། །སྟེང་བཏོན་རྡིབ་སྙམ་འོག་བཅུག་འབུགས་སྙམ་བྱེད། །ཙོག་པུར་འདུག་ན་ཐུར་ལ་འཐེན་པ་འདྲ། །ཤ་སེར་མཁལ་རྐེད་མི་བདེ་སྒྱིད་པ་འཁུམས། །གཉིས་པ་མཆིན་ནད་ལྡེམ་བུ་ན་བ་མི་ཚོར་བར། །གཉིད་མེད་ཁོང་སྙོམ་ལུས་ལྕི་ཟས་མི་འདོད། །ཁྲག་འབྲོས་ཤ་དང་རུས་པ་ཁད་ཀྱིས་སྐམ། །གསུམ་པ་དུག་ཐབས་མིག་དམར་གདོང་སྔོ་རྩིབ་སྟེང་ཟུག །ཕོ་མཆིན་གང་སྙམ་འཇུ་དཀའ་ཟོས་ཚེ་ན། །བྲུན་སྐམ་བོལ་གཡོ་མུར་གོང་མཐིལ་བཞི་སེར། །གཞུག་ཏུ་མཆིན་པ་རུལ་ནས་འདུལ་བ་དུད་ཁུར་ལུ། །བཞི་བ་ཆུ་ཤོར་ཁོང་སྦོ་རོ་སྟོད་བརྫིས་ན་ཕན། །སྒལ་རེངས་མཆིན་པ་འཕྱོངས་ཤིང་གཡལ་མི་ཐོན། །ཕོ་མཆིན་སྟོང་སྙམ་དྲོས་དྲགས་མགོ་བོ་ན། །ལྔ་བ་རྐུན་བུ་རྐང་པ་གྲང་ལ་རོ་སྟོད་གཟེར། །མིག་གིས་ཡས་ལྕིབས་མི་ཐེག་ཉམ་ཆུང་སྙ། །སྟོད་གང་དཔུང་མགོ་གཟེར་ལ་སྐེ་རྩ་རེངས། །ཁ་ཟས་ཟོས་ན་བག་རེ་ཕན་སྙམ་བྱེད། །དྲུག་པ་འོར་ལྷུང་གཉིས་ལས་མཆིན་ཁྲག་རྐེད་པར་ལྷུང༌། །རྐེད་པ་འཁོར་ཞིང་འགུལ་ན་ཟུག་ཆེ་གཟེར། །རྐང་པར་ལྷུང་ན་དཔྱི་སྦྲིད་སྐམ་ཁོལ་བྱེད། །རྐེད་པ་ཚ་ལ་ཆུ་རྒྱུས་ན་བར་འོང༌། །བདུན་པ་ཁ་ལུད་གློ་དང་ཕོ་བར་ལུད་པ་གཉིས། །གློར་ལུད་སྟོད་རྫིངས་མིག་དམར་མཆན་མཆིན་འོག་གཟེར། །ཁྲག་ཏུ་ལུ་ཞིང་སྐབས་སུ་རྣག་ཁྲག་འཛག །ཕོ་བར་ལུད་ན་བསྡམས་ཤིང་གཟེར་ནས་ན། །དགྱེ་དགུ་མི་ཤེས་ཚ་ཙེག་སྒྲེག་པ་འོང༌། །ལྡང་དུབ་ཆེ་ལ་གསུས་པ་ལྟར་མི་མངོན། །བརྒྱད་པ་གཞུང་རེངས་རྐང་ལག་རེངས་ལ་ལྷུ་ཚིགས་ན། །དགྱེ་དགུ་མི་ཤེས་སྟོད་གཟེར་ལྟག་པར་དགྱེ། །དགུ་བ་མཆིན་གྲུམ་ནག་པོ་ལུས་ཀུན་བརྡུངས་སྙམ་བྱེད། །རྐང་བཤལ་འགུལ་ན་མི་བཟོད་ཚིགས་པ་ཐོན་པ་ལྟར་སྒུར་པོར་འགྲོ། །བཅུ་པ་ཧལ་སྐེམས་ལུས་པོ་ཟ་འདར་གཞོགས་གཡས་ལྕི། །མིག་མདངས་ཉམ་ཆུང་ཞིང་མིག་ཆེ་ལ་མི་ཆགས་པར་འཛུར་ལ་སྐོམ་དད་ཆེ། །བཅུ་གཅིག་པ་མཆིན་དྲི་དཀར་པོ་ལྷེན་སྣ་གཡས་གཡོན་ན། །གཉིད་ཆེ་ཁ་སྐམ་རྩིབ་ལོགས་གཟེར་ནས་ན། །བཅུ་གཉིས་པ་མཆིན་དྲི་ནག་པོ་སྲོག་རྩ་སྙིང་མི་བདེ། །ཁོང་པ་སྟོང་སྦོས་ལྷེན་སྣར་འདྲིལ་ནས་ན། །བཅུ་གསུམ་པ་གནད་མཆིན་རྩ་བྱེར་སྟོད་གཟེར་ཐལ་གོང་ན། །སྟོད་གང་ཕོ་མཆིན་མི་བདེ་རྩེ་ཆུང་རེངས། །གློ་བྱུང་མཆིན་པ་འཕྱོངས་ལ་བཟོད་ཐབས་མེད། །བྱད་སྨུག་སྣ་ཁྲག་འཛག་ཅིང་ཅི་ཟོས་གནོད། །བཅུ་བཞི་བ་མཆིན་རླུང་གཡལ་བྱུང་རྗེས་ལ་མཆི་མ་འཛག །ཕོ་མཆིན་འདྲེས་སྙམ་བྱེད་ཅིང་ན་ལ་འཕྱོངས། །དགོང་དང་ཐོ་རངས་ན་ཞིང་གྲང་ན་སྐྱིག །བཅོ་ལྔ་པ་མཆིན་རྒུད་ཟས་ཟོས་རྗེས་ལ་མཆིན་པ་ན། །ཉམ་ཆུང་ཆུ་དྲོན་སྐྱུག་ལ་གཡལ་མི་ཕྱིན། །བཅུ་དྲུག་པ་མཆིན་པ་རླན་གྲང་པུས་མོ་གྲང་ཞིང་ཟ། །སྟོད་གང་གློ་སྐམ་ལུ་ཞིང་དགྱེ་དགུ་དཀའ། །བཅུ་བདུན་པ་གླང་དགུར་ལུས་སྐྲངས་བྱད་སྦོས་ལྕེ་མཆུ་སྐྱ། །མགོ་འཁོར་སྐྲ་སྨིན་ཟ་ལ་སྣ་ཤུ་འབྱུང༌། །བཅོ་བརྒྱད་པ་གྲང་སྦོས་ཁོང་པ་གྲང་ལ་བྱད་ཤ་སྦོས།།

སྤྱི་དོན་བཞི་བ་བཅོས་ཐབས་མཆིན་ནད་དང་པོ་ལེབ་རྒན་རྒྱས་པ་ལ། །གི་ཝཾ་སྐྱུ་རུ་ར་ཨ་རུ་བ་རུ་ཡི་ཐང་འདི་སྐྱུ་རུ་བ་ལེ་བ་ཤའི་ཐང་ཞེས་གསེར་མཆན་དུ་སྣང་ངོ་ཐང་བཏང་ལ། །ར་ས་རོའི་ཐེག་པ་སྟེ་ཡ་ན་བདུད་རྩིའི་ཆོས་སྨན་དང་(དོང་ག་དུར་བྱིད་ཧོང་ལེན་ཁྲོན་བུ་ལྕུམ་རྩ་ཐར་ནུ་རེ་ལྕག་སྐྱེར་པ་ཨ་རུ་)འི་བཤལ་བཏང་རུ་ཐུང་གཏར། །མཁྲིས་ཆེན་(དོམ་མཁྲིས་བྲག་ཞུན་ཨ་རུ་མར་གསར་)སྦྱོར་བ་རྒུན་འབྲུམ་ཐང་གིས་དབུལ། །ཚ་བ་ཞེན་ཆེ་ཕྱི་རྒྱུད་ལྟར་ག་བུར་བདུན་པ་སྦྱར། །ཉལ་བའི་སྔས་སྨད་ཁ་ཟས་ཞོ་བསྐྲོགས་གངས་ཆུ་སྤོས་བྲལ་བསིལ་དུ་བསྟེན། །གཉིས་པ་མཆིན་ནད་ལྡེམ་བུ་ཨ་རུ(བར་སྐྱུར་སླེ་ཏྲེས་ཏིག་ཏ་བོང་ང་ཧོང་ལེན་ལྕུམ་རྩ་དོང་ག་དུར་བྱིད་སྦྱར་བ་)འི་ཐང་ཁྲུས་བྱ། །དེ་རྣམས་ལས་གཡུ་རྙིང་ཅུར་ནིས་(ག་བུར་ལི་ཤི་ཙན་དན་དོམ་མཁྲིས་གླ་རྩི་རྒུན་འབྲུམ་གསེར་མེ་)བྲག་ཞུན་(གུར་ཀུམ་བ་ལེ་ཨ་རུ་པྲི་ཡངྐུ་)ལྔ་པ་སྦྱར། །གསུམ་པ་དུག་ཐབས་ལ་སྨྱུང་བྱས་ལ་གསེར་ཕུད་(བསྡུས་ཁུར་བུལ་ཏོག་བཏབ་པའི་)སྐྱུགས་ཀྱིས་དྲང༌། །གཡུ་རྙིང་(གུར་ཀུམ་ལི་ཤི་ཨུཏྤལ་གེ་སར་གསུམ་)བདུན་པ་སྙི་བའི་(མེ་ཏོག་སུམ་ཅུ་ཏིག་སེང་ལྡེང་ཤིང་ཚའི་)ཐང་གིས་དབུལ། །རྗེས་གཅོད་གི་ཝཾ་(ཙན་དན་དཀར་དམར་རེ་རལ་སྔོན་བུ་མཚལ་བཅད་འབྱོར་ཤ་བ་དང་རྒུན་འབྲུམ་སམ་ཡུ་གུ་ཤིང་གཉིས་དང་)བརྒྱད་པ་བ་འོས་དེད། །བཞི་བ་མཆིན་པ་ཆུ་ཤོར་ར་གསུམ་བ་ལེའི་དུག་ཉུང་ཧོང་ལེན་ལྕུམ་རྩ་དོང་ཁ་དུར་བྱིད་ག་བུར་ལི་ཤི་ཙན་དན་དོམ་མཁྲིས་གླ་སྒང་རྒུན་འབྲུམ་གསེར་གྱི་མེ་ཏོག་ཀ་ར་ཐང༌། །རུ་ཐུང་རྩེ་ཆུང་མཆིན་མཁྲིས་འདོམ་རྩ་གཏར།  །གློ་དང་བསྡོངས་ན་ཅུ་གང་ལྔ་པ་གློ་ནད་བཅོས་པའི་སྐབས་ལྟར་གྱི་ལྡེ་གུ་སྦྱར། །རྗེས་ལ་ཚིགས་པ་ལྔ་དང་དགུ་པ་བསྲེག །ལྔ་བ་མཆིན་ནད་རྐུན་བུ་ཨ་སོ་གཉིས་ལ་གཏར། །བ་ལེ་ཀ་(སླེ་ཏྲེས་ཨ་རུ་རྒུན་འབྲུམ་བོང་ང་ཧོང་ལེན་ཏིག་ཏ་གླ་སྒང་དུག་ཉུང་ཀྱི་ལྕེ་དུར་བྱིད་ཁྲོན་བུ་)ཡི་བཤལ་བཏང་རུ་ཐུང་དང་ཉེ་བའི་ནང་ངོས་ཀྱི་རྩ་ཕྲན་བུ་ཟེར་བའི་གཏར། །དྲུག་པ་མཆིན་པ་འོར་དུ་ལྷུང་བ་གཉིས་ཀ་ལ། །འབྲས་བུ་ཨ་བར་སྐྱུར་གསུམ་གྱི་(དུར་བྱིད་ཧོང་ལེན་ཁྲོན་བུ་)བཤལ་བཏང་བྱིན་རྩ་དང་ལོང་རྩ་གཏར། །དམར་བཙོད་འབྲི་མོག་རྒྱ་སྐྱེགས་གསུམ་ཕྱེ་མར་དར་ཡ་ཀན་(མི་མཁྲིས་དོམ་མཁྲིས་བྲག་ཞུན་གྱི་)ཐང་བཏང་། །བདུན་པ་མཆིན་ཁྲག་གློ་ལ་ལུད་ན་(བ་ལེ་ཀ་ཨ་རུ་སྐྱུ་རུ་ལྕུམ་རྩ་དུར་བྱིད་དོང་ག་)ཐང་ཁྲུས་བྱ། །གློ་རྩ་རུ་ཐུང་གཏར་ཞིང་བསིལ་སྨན་བཏང༌། །ཕོ་བར་མཆིན་ལུད་ན་རུ་ཐུང་དང་མཁྲིས་རྩ་གཤའ་རིངས་གཉིས་འདོམ་པར་རུས་པའི་ཐད་ཀྱི་རྩ་གཏར། །ར་ཨ་བར་སྐྱུར་གསུམ་(དུར་བྱིད་ཧོང་ལེན་གྱི་)བཤལ་དང་བ་ལེ་ཀ་(གླ་སྒང་རྒུན་འབྲུམ་ཧོང་ལེན་ཨ་བྷི་ཥ་)ཐང་བཏང༌། །བརྒྱད་པ་མཆིན་པ་གཞུང་རེངས་དུར་ནས་ཐོན་པའི་ལྕགས་བཙག་ཆགས་པ་དང་ཨ་རུ་རའི་ཁུ་བ་ཐོན་ལ་ཐང་དུ་བཏང༌། །རུ་ཐུང་དྲུག་འགོ་ཕོ་གདུང་ཡག་པའི་བོལ་གོང་གུང་མོའི་སྟེང་ན་ཕོ་གདུང་ཞེས་པ་མཆིན་པ་ཕོ་གདུང་གི་རྩ་ཡོད་ཅེས་གསོ་དཔྱད་ཡན་ལག་བཞི་འགྲེལ་དུ་བཤད་གཏར་བར་བྱ། །བྱ་གང་རུང་གི་བྲུན་སྦང་སྐམ་དུགས་ཀྱིས་སྒལ་གཞུང་དང་ཤུལ་ཤ་ལ་བདུག །བ་ལེ་ཀ་ཐང་བྲག་ཞུན་ཅུར་ནིས་ཕྱི་རྒྱུད་བྲག་གཞུང་དགུ་པ་བྲག་ཞུན་གླ་རྩི་གུར་གུམ་སུག་སྨེལ་དོམ་མཁྲིས་བོང་དཀར་པྲི་ཡང་ཀུ་ཨ་རུ་བ་རུ་ག་བུར་ཏེ་དགུ་པ་བཏང༌། །དགུ་བ་མཆིན་གྲུམ་ནག་པོ་འབྲས་བུ་ཨ་བར་སྐྱུར་གསུམ་ཐང་བཏང༌། །རྔུལ་དབྱུང་རྩེ་ཆུང་གཏར་ཞིང་སྔོན་བུས་(ཨ་རུ་ཟངས་རྩི་རྒུན་འབྲུམ་གྱི་)སྦྱང༌། །མར་གསར་སོ་མ་ར་ཛ་(བསིལ་གསུམ་ཨ་རུ་འདམ་བུ་ཤིང་མངར་ལྕགས་ཕྱེ་སྦྲང་དང་སྦྱར་བ་)འི་ལྡེ་གུ་བཏང༌། །རྗེས་ལ་ཤ་སྲུབས་ཚིགས་དམིགས་གར་བབས་བསྲེག །བཅུ་པ་མཆིན་ནད་ཧལ་སྐེམ་ཨ་བི་ཥ་(པར་པ་ཏ་ཀྱི་ལྕེ་)ཡི་ཐང༌། །སྔོན་བུའི་བཤལ་ནི་གོང་དང་འདྲ་བཏང་རུ་ཐུང་ཕྲན་བུ་རུ་ཐུང་བ་ལ་གཏར། །རང་འབྱུང་ཆུ་ལུམས་སམ་རླངས་ལུམས་ལུམས་རྗེས་བའི་རྣམ་ལྔའི་སྨན་མར་སྦྱར་ལ་དགུ་པ་བསྲེག །བཅུ་གཅིག་པ་མཆིན་དྲི་དཀར་པོ་མཆིན་མཁྲིས་འདོམ་རྩ་གཏར། །བ་ལེ་ཀ་དང་ཀྱི་ལྕེའི་གྲང་ཐང་བཏང༌། །གུར་ཀུམ་(ལི་ཤི་སུག་སྨེལ་ཀ་ཀོ་ལ་ད་བྱིད་པར་པ་ཏ་སྤང་སྤོས་ཤུ་མོ་ཟ་སྦྲང་སྟེ་)བརྒྱད་པའི་ལྡེ་གུ་སྦྱར་བར་བྱ། །བཅུ་གཉིས་པ་མཆིན་དྲི་ནག་པོ་བྲག་ཞུན་ཐང་བཏང་ལ། །རུ་ཐུང་གཏར་ཞིང་རྗེས་ལ་བརྒྱད་པ་བསྲེག །བཅུ་གསུམ་པ་གནད་མཆིན་རྩ་བྱེར་རུ་ཐུང་རྩེ་ཆུང་གཏར། །འདོམ་རྩ་ཨ་སོ་བྱིན་གཞུག་ལོང་རྩ་གཏར། །བ་ལེའི་ཐང་བཏང་འབྲས་བུ་གསུམ་ཨ་བར་སྐྱུར་གྱིས་སྦྱང༌། །དེ་ལྟར་མཆིན་ནད་ཚ་བ་དེ་རྣམས་ལ། །ཁ་ཟས་བསིལ་བསྟེན་རུལ་སྐྱུར་དྲོད་བག་སྤང༌། །ཚ་བ་ཆོམས་ན་གསར་བཅུད་དྲོད་ལ་དབབ། །རྗེས་ལ་ཚིགས་པ་བརྒྱད་དགུ་གར་བབས་བསྲེག །བཅུ་བཞི་པ་མཆིན་རླུང་ལུག་ཐོང་ཚེར་མཆིན་པ་སྤོད་སྒ་པི་ཕོ་རྒྱམ་ཚ་ཤིང་ཀུན་བྲན་བཏང༌། །བུར་དཀར་མར་གསར་གསུམ་ཆུར་ཐག་ཆོད་ཅིང་འདྲེས་པར་བསྐོལ་བ་ཏིང་ཁྲོལ་གོང་གི་སྤོད་ལྡན་མུར། །ར་གསུམ་ཨ་བར་སྐྱུར་མར་སྦྱར་དགུ་པ་ཁ་གསུམ་བསྲེག །བཅོ་ལྔ་པ་མཆིན་རྒུད་ཀྱང་དེ་དང་འདྲ་བ་ལ་སེ་འབྲུ་ཤིང་ཀུན་བཅའ་སྒ་ཁ་རུ་ཚ་སྟར་བུ་བཅས་ལྔ་དང་ད་ལིས་བརྒྱད་པ་ཕྱི་རྒྱུད་ལྟར་བཏང༌། །ཨ་རུ་འབྲི་རྐང་ལ་གཟེ་མའི་བསྣན་པའི་སྨན་མར་ཕྱི་རྒྱུད་ལྟར་སྦྱར། །བཅུ་དྲུག་པ་མཆིན་ནད་རླན་གྲང་མཆིན་རྒུད་དེ་བཞིན་མཆིན་གསང་བསྲེགབཅུ་བདུན་པ་མཆིན་པ་གླང་དགུར་འབྲས་བུའི་ཨ་བར་སྐྱུར་གསུམ་གྱིས་རྒྱུན་བཤལ་བཏང༌ཕྱི་རྒྱུད་ཐོར་བུ་ནད་ཀྱི་སྒོས་བཤལ་སྐབས་སུ།ཨ་རུ་མཆུ་རིང་བ་རུ་སྐྱུར་རུ་ར། །ཞེས་པ་ནས། རྙོགས་ཚད་སྙིང་ཚད་ལུས་ལ་ཞེན་པ་སྦྱོང་ཞེས་པའི་བར་རོ། ཕྱི་རྒྱུད་ཀྱི་སེ་འབྲུ་ཚ་བ་གསུམ་འགྲོན་བུ་ཤ་རུ་དུར་ཐོད་ཐལ་བ་ལྔ་པ་སྐེམས་སྨན་རྣོན་པོ་སྦྱར་བ་བསྟེན། །ཁ་ཟས་བསིལ་དྲོད་ཁྲེའུ་རྗེས་ལ་མཆིན་གསང་མེ་ཡིས་བཅད། །བཅོ་བརྒྱད་པ་མཆིན་པ་གྲང་སྦོས་ད་ལིས་སེ་འབྲུ་སྦྱར། །ལྔ་དང་དྲུག་པ་ལྷེན་སྣ་ཁ་གསུམ་བསྲེག །དེ་ལྟར་མཆིན་ནད་གྲང་བ་རྣམས་ཀྱི་སྨན་སྦྱོར་ཕྱི་རྒྱུད་དུ་གསུངས་པ་ལྟར་འདིར་འཕྲུལ་ཤེས་པ་ལ་དགོས་ལ་དྲོད་ཀྱིས་བཅོས། །གསར་འཇམ་ལུག་ཤ་ལ་སོགས་དྲོད་ལ་བསྒོར། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མཆིན་ནད་གསོ་བའི་ལེའུ་སྟེ་སོ་དྲུག་པའོ།། །།

 

མཐའ་མའི་འདོན་ཐེངས་།: 20.02.2021 ཉིན། 12:21 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།