སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་སོ་གཉིས་པ། ཁ་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་སོ་གཉིས་པ། ཁ་ནད་གསོ་བ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། ཁ་ཡི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང་། །རྟགས་དང་བཅོས་ཐབས་བཞི་ཡི་སྒོ་ནས་བཤད། །དང་པོ་རྒྱུ་རྐྱེན་ཟས་དང་སྤྱོད་ལམ་གདོན། །འདུ་བ་འཁྲུག་པའི་[འཁྲུགས་པས་]ཁ་ཡི་ནད་རྣམས་སྐྱེད། །གཉིས་པ་དབྱེ་ན་མཆུ་དང་རྙིལ་དང་པོ་[སོ]། །ལྕེ་དང་གྲེ་བ་རྐན་དང་དྲུག་ཡིན་ཏེ། །མཆུ་ནད་ལྕེ་[གྲེ་]མཆུ་ཤོ་རེ་བད་ཀན་དང༌། །གཅིན་[གཅེན་]དང་ཁྲག་རྒྱས་ཁ་ཤུ་དྲུག་ཏུ་བཤད། །སོ་ནད་བད་རླུང་ཁྲག་འཁྲིས་[མཁྲིས་]སོ་འབྲས་སྲིན། །ལྕེ་དང་གྲེ་བ་བད་ཀན་ལྕེ་གགས་སྐྲངས་[ལྕེ་ནད་རླུང་མཁྲིས་བད་ཀན་ལྕེ་ལྷག་སྐྲངས]། །རྐན་ནད་ལྕེ་མཆུ་[ཆུང་]འབབ་དང་ལྕེ་འདྲ་དང༌། །རྒན་[རྐན་]འབྲུམ་ཆུ་བུར་རུས་སྦལ་རྐན་སྨིན་[རྨེན་]དྲུག །གྲེ་བའི་ནད་ལ་རླུང་དང་འཁྲིས་[མཁྲིས་]པ་ཁྲག །བད་ཀན་འདུས་པ་འབྲས་དང་རྨེན་བུ་བདུན། །སུམ་ཅུ་ཐམས་[ཐམ་]པས་ཁའི་ནད་རྣམས་དབྱེ། །གསུམ་པ་དེ་རྟགས་གྲེ་མཆུ་མཆུ་ནང་[ནད་]རྨ་[ཤ་]རྨེན་སྐྱེ། །ཤོ་རེ་མཆུ་གས་བད་ཀན་སྐྱ་ཚོས་ཚ། །ལྕེ་[གཅེན་]ནི་འབྲུམ་ཐོར་ན་ལ་ཚ་བ་འོང་། །ཁྲག་རྒྱས་སྨུག་པོ་སྐྲངས་པ་སྦོམ་པ་ཡིན།(།ཁ་ཤུ་མཆུ་ལ་ཤུ་བ་ཆགས་པའོ།)།རྙིལ་ནད་གཡའ་ཞིང་སྐྲངས་[འདྲུལ་]ལ་ཁྲག་རྣག་འཛག །རླུང་གི་ས་[སོ་]ནད་བེར་བ་ལང་[ལངས་]ནས་ན། །འཕར་ལ་[རྩ་]འཁྲུག་[འཁྱུག་]ཅིང་གྲང་མེ་[མོ་]བཟོད་ཐབས་མེད། །ཁྲག་འཁྲིས་[མཁྲིས་]དྲོད་ཆེ་ཁ་རྒྱས་[རྩ་རྒྱངས་]དྲོད་བཅུད་གནོད། །བད་ཀན་སོ་ནད་རྣིལ་འདུལ་[འདྲུལ་]དྲི་མི་ཞིམ། །སོ་འབྲས་སོ་རྩ་སྐྲངས་ནས་རྣགས་[རྣག་]པ་ཡིན། །སྲིན་ནད་ཚ་གྲང་གང་ཡང་རེག་ཐབས་མེད། །ལྡན་[ལྡང་]དུབ་བྱེད་ཅིང་ཟུག་ལངས་ལྷང་ལྷང་ན། །རླུང་གི་ལྕེ་ནད་རྩུབ་འགགས་རོ་མི་ཚོར། །མཁྲིས་གྱུར་ལྕེ་ལ་འབྲུམ་བུ་དམར་པོས་ཁྱབ། །བད་ཀན་ལྕེ་ནད་སྐྱ་འཇམ་ཆེར་མི་བདེ། །ལྕེ་ལྟག་[ལྷག་]ལྕེ་འོག་ལྕེ་འདྲ་སྐྲངས་ཏེ་ན། །ལྕེ་སྐྲངས་ཟས་བཏུང་འགྲོ་ས་མེད་པའོ། །ལྕེ་ཆུང་བབས་ན་བ་ཡི་ནུ་རྒྱས་འདྲ། །ཟས་སྐོམ་བཏུང་བས་ལམ་བཅད་སྣར་འོང་སྐྱུག །འགྲོམས་[འགྲམས་]པ་དེ་དང་འདྲ་སྟེ་སྐྲངས་པ་ཡིན། །རྐན་འབྲུམ་རྐན་ཕུགས་འབྲུམ་འབྱུང་ཆུ་སེར་འཛིག་[འཛག] །རྐན་དཀྱིལ་ཆུ་བུར་འོང་ལ་རྟོལ་བར་སྙི། །རུས་སྦལ་ན་ཚ་མེད་པར་ཀྲེམ་པོར་སྐྲངས། །རྐན་སྨན་[སྨིན་]རྐན་ལ་[ལས་]སྣག་[རྣག་]འཛག་རུལ་བ་འདྲ། །གྲེ་བར་[བ་]རླུང་འགྱུར་[གྱུར་]རྣ་བ་འགྲམས་[འགྲམ་]པ་གཟེར། །གྲེ་ནད་སྐྲངས་དང་ཚ་ལ་སྐམ་པར་འོང་། །ཁྲག་འཁྲིས་[མཁྲིས་]སྐྲངས་དམར་ཚ་སྐྱེ་སྣག་[རྣག་]ཏུ་འོང་། །བད་ཀན་སྐྲངས་མདོག་སྐྱ་ལ་ལྗན་ལྗིན་མང༌། །འདུས་པ་གྲ་མས་གང་འགྲམ་[གང་སེམས་]ཚོར་འབྲུམ་འོང་། །འབྲས་ནད་ཕྱི་ནང་མུར་[མྱུར་]བསྐྲངས་སྣག་[སྐྲངས་རྣག་]ཏུ་འགྱུར། །སྨེན་[རྨེན་]བུ་སྐྲངས་ལ་ཟུགས་[ཟུག་]ཆུང་སྨིན་མི་བྱེད། །ལྔ་པ་བཅོས་ཐབས་གྲེ་མཆུ་སྐྱུང་བྲུད་ལྕགས་ཀྱིས་བསྲེག །སེང་ཕྲོམ་འཇིབ་རྩི་འབྲས་གསུམ་སྦྲང་སྦྱར་བླུགས་[བྱུག]།ཤོ་རེའི་གཡས་གཡོན་མཐའ་དྲ་[དྲས་]མཁྲིས་པ་བྱུགས། །དད་[དར་]དམར་སྐུད་བཙོམ་[བཙེམས་]ལྷོལ་ནེ་[ཧོལ་སྲབ་]བག་ཆུས་བསྡམ། །གད་མོ་མི་བྱེད་ཟས་སྐོམ་ཆུང་ཉུང་བཟའ། །རྨེན་པ་འདྲེས་ན་སྐུད་བསྟེན་[བཏོན་]བཅོད་ཀྱིས་གསོ། །ཁྲག་འོངས་སེང་ཕྲོམ་ཤིང་མངར་སྤོས་དཀར་བཏབ། །བད་ཀན་ཨ་རུ་ལྒ་[སྒ་]ཏི་རླན་[གླན་]པར་བྱ། །ཡང་ན་ཨ་རུ་ར་དང་བུ་རམ་བྱུག །སྲིན་ལག་གཡོན་པའི་ཚིག་[ཚིགས་]པ་འོག་ངོས་བསྲེག །ཁྲག་རྒྱས་སྐྱུ་རའི་ཐང་བཏང་མཆུ་རྩ་གཏར། །ཁ་ཤུ་བཏོན་[བརྟོལ་]ལ་ཁྱི་བསྲེ་[དབྲེ་]ལྷག་[ལྷམ་]མཐིལ་རླན་[གླན]། །སྙིལ་ན་[རྙིལ་ནད་]དོམ་འཁྲིས་[མཁྲིས་]རྒྱ་སྐྱག་བ་ཤ་ཀ །ཁྱི་ལྕེ་ཧུང་[ཧོང་]ལེན་ཞུན་མཁན་ཀ་ར་དང་། །མར་དང་སྦྱར་བའི་མཁུར་བཀང་སྣ་སྨན་བཏང༌། །བླ་[གླ་]སྒང་སྐྱེར་པ་བཅའ་ལྒ་འབྲས་བུ་གསུམ། །འཇིབ་རྩི་སྦྲང་དང་སྦྱར་བས་མཁུར་བཀང་བཅའ་[བཅང་]། །སྐྱེར་པ་བླ་ལྒང་[གླ་སྒང་]རུ་རྟ་ཆུ་དག་བཙོད། །པ་ཏྲ་[ཋ་]ཧུང་[ཧོང་]ལེན་ཡུང་བ་སྦྲང་མཁུར་བཀང༌། །སོ་ནད་རླུང་གྱུར་སྣུམ་ལྡན་དུགས་ཀྱིས་བདུག །ཅ་[ལྕ་]བ་རབ་ཉེ་[ར་མཉེ་]ཤིང་མངར་ཛ་[ཛཱ་]ཏི་ཤིང་[ཤིང་]ཀུན་ཁ་རུ་ཚ། །རླུང་འཇོམ་[འཇོམས་]སྨན་དང་ཞུན་མར་བསྐོལ་བས་བསྲེགས། །ཤིང་མངར་ཏི་[ཏིལ་]སྦྲང་འོ་མ་མཁུར་བས་བཅད། །འཕར་རྩ་མེས་མནན་འབྲས་བུའི་སྨིན་[སྲན་]མར་བྱུགས། །ཁྲག་འཁྲིས་[མཁྲིས་]སོ་ནད་སྐུ་[སྐྱུ་]རའི་ཐང་བཏང་གཏར། །འབྲས་བུ་གསུམ་དང་རུ་རྟ་བ་ཤ་ཀ །རྒྱ་སྐག་སྐྱེར་པ་ཀ་ར་མཁུར་བར་བཅང༌། །ཙན་དན་དཀར་དམར་དྷེ་[ལྡེ་]གུ་ཕྱི་ནས་བྱུག །བད་ཀན་སོ་འབྲུ་[བྲུད་]དབུལ་[བུལ་]ཏོག་སྦྲང་རྩི་བྱུག །ཡང་ན་ཅོང་ཞི་ཞོ་སྦྱར་སྟར་བུ་བྱུག །སོ་འབྲས་རྒྱ་ཚ་སྲུབ་ཁ་ནལ་ཤམ་བྱུག །རྣིལ་ནད་ལྟར་བཅོས་མ་ཕན་བྲུད་ལ་བསྲེགསོ་སྲིན་རྟ་སྦང་[སྦངས་]ཕུར་མོང་སྤྲུ་དུགས་བྱ། །ཤིང་ཀུན་ནག་ཚུར་རུ་རྟ་བྱི་ཏང་ཀ །ས་རྫིང་[རྫི་]ཀ་དང་མར་གསར་མཁུར་བར་བཏང་། །ཏིག་རྟ་[ཏ་]ཐང་ཕྲོམ་སག་རྩི་ཕག་ཚིལ་ལམ། །ར་ཚིལ་སྦྱར་བ་འཁར་[མཁར་]གོང་མེས་བསྲེག་བདུག །ཡང་ན་ཐང་ཕྲོམ་སྒོག་སྐྱ་མུ་ཟི་དང༌། །གུ་གུལ་ནག་པོ་བཤུལ་ཚིལ་གང་ཡིན་བདུག །ཤང་[ཤ་]ཚིལ་ཤིང་ཀུན་བྱི་ཏང་ཀ་གླན་བསྲེག །བྱེ་སྟག་བུ་རམ་རིལ་ལུ་[བུ་]པོ་སྡིང་[སོ་སྟེང་]བཞག །སྣ་[རྣ་]དྲུང་ངོས་སྲིན་ལག་ལེན་[གི་]སེན་[རྩེ་]མོ་ཡིན་[དང་]། །ཕྱི་འཁྲིག་[མཁྲིག་]རུས་མགོ་སྤྲ་བས་བསྲེགས་ལ་བཏང་། །རླུང་འདྲེལ་[འབྲེལ་]བཙན་དུག་དྲོད་སྨན་མར་བཙོས་བདུག །ཁྲག་འཁྲིས་[མཁྲིས་]འབྲེལ་ན་གང་ཉེའི་རྩ་ལ་གཏར། །ལྕེ་ནད་རླུང་གྱུར་མཁུར་བཀང་སྣ་སྨན་བཏང༌། །མཁྲིས་གྱུར་ཤིང་མངར་གུར་གུམ་ཀ་ར་དང་། །མངར་བ་སྡེབ་[བསྡེབས་]པས་ཁུར་[མཁུར་]བཀང་ལྕེ་རྩ་གཏར། །བད་གྱུར་ཀེ་ཚེ་ཚ་གསུམ་སྦྲང་སྦྱར་བྱུག །ལྕེ་ནད་[ལྷག་]ཕྱེད་ཆད་[བཅད་]ལྕགས་བསྲེགས་ཐལ་སྨན་བྱུག །ལྕེ་སྐྲང་སྤྱང་ལྕེ་སྦལ་པའི་ཤ་ཁུས་བྱུག །མ་ཕན་ལྐོག་མར་དུག་[དུགས་]བྱ་སྨིན་དུས་བཀྲལ་[དབྲལ]། །དེ་ཤུལ་རྒྱ་ཚ་རུ་རྟ་ཤ་ཆུ་དག་བཏབ། །དེ་འོག་ཤ་ཆང་དྲོད་བརྟེན་[བསྟེན་]སྨེན་[སྨན་]མི་ལྡང་། །རྒྱ་ཚ་ཐལ་བུ་[ཐར་ནུ་]སྔོ་ཡི་ཚ་བ་གསུམ། །སྲུབ་ཁ་གཟེ་མ་ཕུར་ཐལ་སྔོན་བུ་བཏང་[དང༌]། །རྩ་མཁྲིས་ཐ་ཀར་རྡོ་རྗེ་སྲོ་[སོ་]མ་ར། །གཟེ་[སྲེ་]མོང་ཤ་དང་དུར་བྱིད་དར་བཙགས་ཕྱེ། །དྲི་ཆུ་སྦྱར་ནས་འཇམ་ཙམ་བསྲོས་ནས་བསྣན་[མནན]། །ལྕེ་ལ་བསྐུས་ཤིང་རས་ལ་བྱུག་ལ་གླན། །གཟེར་ཟུག་ལངས་ན་ལྕེའི་རྩ་ལ་གཏར། །ལྕེ་ལྷག་ལྡིབ་འཐིན་[འཐེན་]སྐྲངས་སོགས་ལྕེ་ནད་སྦྱོང་། །ལྕེ་ཆུང་བབས་ནས་འཕང་ལོ་བཅས་པ་ན། །སྤྱི་བོའི་སྐྲ་འཐེན་མིག་ཏུ་དྲང་ལ་ཤིང་ལ་[བུས་]བཅུད་[གཅུས་]ནས་བསྲེག །རུ་རྟ་རྒྱ་ཚ་ཆུ་དག་ན་ལེ་ཤམ། །གཡེར་མའི་ཕྱེ་བཏབ་ཉ་ཁུའི་ཚ་བས་བདུག །ཁྲག་བྱུང་[དབྱུང་]མ་ཕན་ཕྱེད་བཅད་ལྕགས་ཀྱིས་བསྲེག །ལྕེ་འདྲ་ཁྲག་ཕྱུང་ཡ་བག་ཤ་[ཡ་བཀྵ་]ར་གདབ། །རྐན་འབྲུམ་བཞིར་[བཞར་]ལ་བུལ་ཏོག་ཕྱེ་མ་བཏབ། །ཆུ་བུར་རུས་སྦལ་གཉིས་ལ་ཁྲག་ཕྱུང་ལས་[ལ]། །ནག་ཚུར་སྐྱེར་པའི་ཁན་དྷ་[ཁཎྜ་]སྦྲང་སྦྱར་བྱུག །རྐན་སྨིན་[རྨེན་]དྲོལ་[དྲལ་]ལ་རྒྱ་ཚ་རུ་རྟ་དང་། །ཆུ་དག་བུལ་ཏོག་ལ་སོགས་གཅོད་སྨན་གདབ། །རྐན་དང་རྣིལ་ནད་བད་ཀན་ཁྲག་འཕེལ་ཕྱིར། །མཁུར་བ་རྣོན་པོ་བཅང་[སྦྱང་]ཞིང་མང་དུ་གཏར། །བླ་ལྒང་[གླ་སྒང་]ཡ་བག་ཤ་[བཀྵ་]ར་ལྕེ་མྱང་ཚ། །སྐྱེར་ཤུན་ལྡོང་རིས་[རོས་]གླ་རྩི་མཁུར་བཀང་བཅང༌། །པ་ཏོལ་བཅའ་ལྒ་སླེ་ཁྲེས་[ཏྲེས་]འབྲས་བུ་གསུམ། །ཏིག་ཏ་ཁྱི་ལྕི་[ལྕེ་]སྦྲང་རྩིའི་མཁུར་བཀང་བཅང་། །ཆུ་དག་རུ་རྟ་སྟར་བུ་འབྲས་བུ་གསུམ། །ཚ་བ་གསུམ་དང་རྒྱ་ཚ་བུལ་ཏོག་མཚུར། །སྦྲང་རྩི་ཤིང་མངར་གུར་གུམ་ཀ་ར་སྦྱར་བ་ཡི། །མཁུར་བཀང་གཡའ་བ་འདྲུལ་ལ་རྣག་ཁྲག་སེལ། །གྲེ་བ་རླུང་གྱུར་རྩ་བ་ལྔའི་སྨན་མཁུར་བཀང་། །རྩི་བཅུད་ཁང་[ཁོང་]དུ་བསྟེན་ནས་རིལ་བུ་མུར། །ཁྲག་མཁྲིས་མངར་བསིལ་ཤིང་མངར་རྒུན་འབྲུམ་དང་། །ཀ་ར་སྤོང་[སྤང་]རྒྱན་ཨ་རུ་ལི་ཤི་དང་། །ཅུ་གང་སྦྱར་ནས་མཁུར་བཀང་རྗེས་ལ་གཏར། །བད་ཀན་འདུས་པ་རྩུབ་པའི་སྨན་བཅོས་ཏེ། །སེལ་[སེ་]འབྲུ་རུ་རྟ་བསེ་ཡབ་སྐྱུས་སུ་[སྐྱུ་རུ་]ཚ་བ་གསུམ། །སྦྲང་གི་མཁུར་བཀང་རིལ་ལུ་[བུ་]མུར་བ་[བར་]བྱ། །གྲེ་འབྲས་སྨེན་[རྨེན་]བུ་ནང་རྒྱས་མི་མཐོང་བས། །ཕྱི་ནས་དུག་[དུགས་]ལུམས་བྱས་ལ་གཏར་རྗེས་བསྲེགས། །རྣ་བཤལ་[ཤལ་]འོག་ཤོང་[གཤོང་]མེ་བཏབ་རོ་མི་ལྡང༌། །གྲེ་བའི་ནད་ལ་ཨ་རུ་བཙེས་[བཙོག་]བསྲེག་ཐང༌། །ཚ་བ་དང་ག་འགག་པ་ལ་བསྲེག་དང་མ་བསྲེག་གཉིས་སུ་བཙོས་ལ་བཏང་། །མངར་བའི་ཐང་དང་རི་ལུ་ཁར་མུར་ཏེ། །ཤིང་མངར་རྒུན་འབྲུམ་ཀ་ར་སྦྱར་བ་ཡིན། །སྐྲངས་ན་ཉ་ཁུ་བསྟེན་བདུག་སྐྱོར་གང་[གོང་]གཏར། །ཞེས་གསུངས་སོ།།

གསོ་བྱེད་[བྱའི་]ནད་འབུམ་ནག་པོ་ལས་སྟོད་ནད་ཁ་སོའི་ལེའུ་སྟེ་སུམ་བཅུ་[ཅུ་]སོ་གཉིས་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:28 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།