སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ལྔ་བཅུ་པ། སྲིད་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 

ལེའུ་ལྔ་བཅུ་པ། སྲིད་ནད་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག སྲིན་བུའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

སྤྱི་དོན་དང་པོ་རྒྱུ་རྐྱེན་ཟས་དང་སྤྱོད་ལམ་གདོན་ལ་སོགས། །འདུ་བ་འཁྲུགས་པས་སྲིན་ནད་སློང་བར་བྱེད།།

སྤྱི་དོན་གཉིས་པ་དབྱེ་བ་རྒྱས་པར་འོག་ཏུ། འཁྲུགས་པའི་གནས་ཀྱིས་སྲིན་བུའི་ནད་རིགས་དབྱེ། ཞེས་པས་འཁྲུགས་པའི་གནས་ཀྱིས་ནད་རྐྱང་པ་ལྡན་འདུས་ཀྱི་ནད་རིགས་ཇི་ཙམ་ཡོད་པའི་གྲངས་དང་མཉམ་པའི་སྲིན་བུའི་ནད་ཡོད་པར་གསུངས་ལ། འདིར་རགས་བསྡུས་ནི་ཕྱིར་གནས་ཤིག་དང་སྲོ་མ་སྟེ། །ནང་གནས་བད་ཀན་རླུང་མཁྲིས་ཁྲག་དང་བཞི། །རྒྱས་པར་དབྱེ་ན་བད་སྲིན་གཅིག་པུ་ལའང་ཡན་ལག་བརྒྱད་པར། ལ་ལ་འབྲེལ་བ་འདྲ་བ་ཡིན། །ཞེས་སོགས་མང་དུ་གསུངས་སོ། དང་པོ་བད་ཀན་གནས་ཕྱི་སྲིན་དྲུ་བུ་བརྡོགས་པ་འདྲ་བ་ཕོ་བ་གཉིས་པ་རླུང་སྲིན་ཐུར་མ་འདྲ་བ་ལོང་ན་གནས། །གསུམ་པ་མཁྲིས་སྲིན་ཤ་སྤུའམ་ཁབ་རྩེ་འདྲ་བ་སོ་མིག་ལྤགས་གཞང་མཚན་མར་གནས། །བཞི་བ་ཁྲག་སྲིན་རྐང་མེད་ཟླུམ་ལ་དམར་བ་སྟེ། །ཁྲག་ལ་གནས་ཤིང་རྩ་ནང་ཀུན་ཏུ་རྒྱུག །གཉན་ནད་ཀུན་གྱི་རྒྱུ་དང་མཛེ་ནད་བྱེད། །ཀླད་སྲིན་ཡ་མ་དཀར་ནག་དེ་ལས་བྱུང༌།།

སྤྱི་དོན་གསུམ་པ་དེ་རྟགས་དཀར་དང་མངར་བག་གྲང་རྐྱེན་ལྡང༌། །ལྟོ་བ་སྦོས་པ་ལྟར་ཆེ་ལྡང་དུབ་བྱེད་ལ་ཚིག་པ་ཟ། །འཁྲུགས་པའི་གནས་ཀྱིས་སྲིན་བུའི་ནད་རིགས་དབྱེ།  །ཁ་སྣ་སྐམ་ལ་སྐོམ་དད་ཆེ་ཆུང་འཐུངས་པས་མི་ངོམས་རྩ་ཞ་ཁ་སྣའི་ཆུ་མང་ཡ་མ་དཀར་ནག་ཚ་གྲང་ནད་སྟོབས་དཔག་རྟགས་ཚ་ལ་ནད་སྟོབས་ཆེ་ན་ནག་པོར་རྟགས་གྲང་ལ་ནད་སྟོབས་ཆུང་ན་དཀར་པོར་བལྟའོ། །གློག་ལྟར་འཁྱུག་ཅིང་འཁྲུགས་པས་ཀོ་ལེར་གཟེར་བ་ཡིན།།

སྤྱི་དོན་བཞི་བ་བཅོས་ཐབས་ཕྱིའི་ཤིག་སྲོ་ལོ་བཙན་བྱ་རྒོད་སྤོས། །ར་དུག་རིགས་ལྔ་ལས་འདིར་ལོ་མ་སྤུང་པོར་ཡོད་པ་དེའོ་མར་ནག་སྦྱར་བ་མགོ་ལ་བྱུག །ལོ་ཚན་རྒྱ་སྤོས་ར་དུག་གསུམ་ཤ་བའི་ཚིལ་དང་སྦྱར་བ་ལུས་ལ་བྱུག །ཡང་ན་དངུལ་ཆུ་མར་སྦྱར་གོས་ལ་བྱུག །བྱི་ཏང་ལྡོང་རོས་བྱ་རྒོད་སྤོས་མར་ནག་ལ། །དྷུ་རུ་ད་དྷ་ཛྷེ་ལ་པ་སྭཱ་ཧཱ། །བརྒྱ་རྩ་བརྒྱད་བཟླས་སྲོག་ཆགས་སྐྱེ་རྒྱུན་གཅོད། །བད་སྲིན་ལ་བྱེ་བྲག་གཉིས་ལས་དང་པོ་བད་ཀན་སྲིན་བུ་ལ་ལོ་བཙན་རྒོད་སྤོས་ར་དུག་འོ་མ་ལ་བསྡུས་ལ། །བྱི་ཏང་ག་དང་མ་རུ་ཙེ་དང་ཙོང་ནག་པོ་བཙོད། །འབྲུམ་ཚེར་སྐྱའི་འབྲས་བུ་དང་སེ་འབྲུ་མ་ནུ་སྐྱུ་རུ་ར། །སྒེ་གཤེར་སྦྲང་དང་སྦྱར་བའི་ཕྱེ་མ་བཏང་། །གཉིས་པ་རླུང་སྲིན་ལ་ལོ་བཙན་རྒོད་སྤོས་ར་དུག་བུ་རམ་ལ་བསྡུས་ཤིང་ཀུན་བཙོང་། །སོ་མ་ར་ཛ་རུ་རྟ་བ་རུ་ར། །ཤུ་དག་བྱི་ཏང་ག་དང་བུ་རམ་སྦྱར། །ཚ་བ་སྒ་པི་ཕོ་གསུམ་དང་ཤིང་ཀུན་སྒོག་སྐྱ་དང་། །འོ་མ་སྦྱར་བའི་འཇམ་རྩི་བཏང་བར་བྱ། །དང་པོ་མིག་སྲིན་སོ་སྲིན་རང་རང་ལེའུ་ལྟར་གསོ་བར་བྱ། །མིག་སྲིན་ལ་མིག་སྨན་གྱི་སྟེང་སྲིན་སྨན་བསྣན་པ་དང་། སོ་སྲིན་ལ་སྲིན་ནད་སྤྱི་སྨན་གྱི་སྟེང་དུ་སོ་སྲིན་གྱི་སྨན་བསྣན་པ་དང་། གཉིས་ཀ་གང་རླུང་ལྡན་བསྲེགས། མཁྲེས་ལྡན་སྦྱངས། ཁྲག་ལྡན་གཏར་བ་སོགས་ཡིན་མོད། སྒོས་བཅོས་ནི་སླའི་རྫོང་འཕྲང་ལས། མིག་སྲིན་ལ་སྤུ་རྩ་རྟ་སྦངས་ཕུར་མོའི་ལུམས་བྱ། གླ་རྩིའི་ཆུ་བླུག་  ཁོང་དུ་སྲིམ་སྨན་བཏང་། སོ་སྲིན་ལ་ཤ་ཚིལ་དང་ལང་ཐང་རྩེ་སྦྱར་བ་མཁར་གོང་བསྲེགས་པའི་ཁར་བཞག་པའི་དུ་བ་བདུག་ཅེས་གསུངས་སོ།  །ལྤགས་སྲིན་བྱི་ཏང་ག་དང་ཙི་ཏྲ་ཀ །སྒོག་སྐྱ་གཡེར་མ་དྭ་བ་བྱི་རུག་པ། །སྤྲུ་མ་ཕུར་མོ་ཟོ་མར་བྱུགས་ལ་མཉེ། །གཞང་སྲིན་གླ་རྩི་སྒོག་སྐྱ་ལང་ཐང་ཙེ། །ཚ་བ་སྒ་པི་ཕོ་གསུམ་དང་ཟོ་མར་རེང་བུ་གཞུག །སྒོག་པ་རྒྱམ་ཚྭ་གླ་རྩི་བྱི་ཏང་ག །མུ་ཟི་མར་སྦྱར་བའི་ནང་དུ་ཕྱིང་པ་བཅུག་ལ་ཕྱིང་པས་ཤས་བཟོད་ཙམ་དུ་འཕོངས་སུ་བཅུག་ལ་བསྲོ། །མཚན་མའི་སྲིན་ལ་ཆགས་པ་སྤྱད་པས་སེལ། །བཞི་བ་ཡ་མ་དཀར་པོ་སྐྲ་བྲེགས་འཁྱུག་སར་དབུག །ར་ཡི་སློ་བཙོ་དང་ཁྲག་དང་ཚིལ་དང་ལྤགས་པ་དྲོན་མོས་གཡོགས། །ར་ཡི་སྙིང་དང་མཆིན་མཆེར་ཟས་སུ་བཟའ། །ཞག་གསུམ་རུ་རྟ་ར་ཚིལ་འོ་མ་བསྐོལ་བས་བྱུག །རྩ་སྒོ་གང་འཁྱུགས་མེས་མནན་སྲིན་སྨན་ཤིང་ཀུན་སྒོག་སྐྱ་ཤ་བའི་ཚིལ་དང་སྦྱར་བའི་དུ་བས་བདུག །འཁྱུག་ཚབས་ཆེ་ན་གང་འཁྲུགས་པའི་རྩ་དེ་གཏར་པའི་རྗེས་ལ་བསྲེག །ཡ་མ་ནག་པོ་དུར་བྱིད་བྱི་ཏང་ག་མ་རུ་རྩེ་ཕུར་མོང་དུ་བ་རལ་བ་སྦྱར་བའི་སྦྱོངས་བཏང་ཡང་རྩ་ལ་གང་འཁྱུགས་པར་གཏར་ག་བྱ། །ར་ཡི་སློ་ཁྲག་བྱུགས་སྟེང་བཙོ་སྣག་ཚ་རམས་ཁྱི་ལུད་སྤྱིན་ནམ་འབྱར་བྱེད་། །སྦྱར་བས་བྱུགས་ལ་གཙུག་དང་མཚོགས་མའི་སྟེང༌དུ་བྱུག་པ་མེད་པའི། །ཐོངས་འཐེབ་གང་བཞག་པར་མངར་ཀར་སྦྲང་གསུམ་རའི་འོ་མར་སྦྱར་བ་བྱུགས་ཏེ་གྲོད་པས་གཏུམ། །དགུ་ནས་གཤགས་ལ་རྔབས་རས་དྲང་རྗེས་མ་སེང་པོའི་སྦང་མས་འཇིབ་བྱ། །ཤིང་ཀུན་སྒོག་སྐྱ་ཤ་བའི་ཚིལ་གྱི་དུད་པས་དུགས་བདུག་ཤ་བའི་སློ་བཙོ་ཁྲག་ཚིལ་ལུམས་བྱ།  །གློག་ལྟར་འཁྱུག་ལ་ལོང་གསང་ལྟེ་ཟུར་གཉིས་མདུན་རྒྱབ་བསྲེག །གཟེར་སྟེང་བཞི་ཤོད་དྲས་ལ་སྲིན་བུ་འདོན་ཡང་ན་མེ་བཙས་འཚོས་པར་མནན། །གཉིས་པ་སྤྱིར་ཀུན་ལ་སྲིན་སྨན་བཅུ་གསུམ་པ་ནི་བྱི་ཏང་ག་དང་མ་རུ་ཙེ། །གླ་རྩི་ཤིང་ཀུན་སྒོག་སྐྱ་གཡེར་མ་དང༌། །ཐང་ཕྲོམ་ཕུར་ཐལ་ལང་ཐང་ཙེ་དང་འབྲུམ་ཚེར་སྐྱའི་འབྲས་བུ། །དྲེས་མའི་འབྲུ་སྤྲུ་མ་དཀར་པོ་ཆིག་ཐུབ་རྣམས། །འདིའི་ཆིག་ཐུབ་ཐང་ཕྲོམ་དཀར་པོས་བྱ་ཞིང་གོང་དུ་ཐང་ཕྲོམ་དངོས་བཤད་པ་ནག་པོ་ལ་བྱ་བའི་ལུགས་གཅིག་དང་། ཡང་ན་འདིའི་ཆིག་ཐུབ་ནི་ཀོ་རྫི་འམ་མ་ནིང་དྲེས་མའམ་ཕོ་རོག་ནོར་བུ་ལ་བྱེད་པའང་སྣང་གང་ལྟར་བྱས་ཀྱང་སྲིན་འཇོམས་པ་ལ་འདྲ་བར་འདུག་གོ །མངར་ཀར་བུར་སྦྲང་གསུམ་འོ་མར་སྦྱར་བ་ཁོང་དུ་བཏང༌། །སྲིན་སྨན་བཅུ་གསུམ་པ་ཤ་བའི་ཚིལ་དང་སྦྱར་བ་སྣ་རུ་བདུག་པ་དང་།ཡང་སྲིན་སྨན་བཅུ་གསུམ་པ་ཟོ་མར་རེང་བུ་བྱས་ལ་མས་ཡར་གཞང་སྲིན་ལ་བཏང༌། །དྭ་བའི་ཁཎྜ་སྦྱར་ལ་ལྤགས་ལ་བྱུག །བྱ་ཁྱུང་ལྔའི་རིལ་བུ་ཡུན་བསྟེན་སྲིན་ཀུན་འཇོམས། །བྱི་རུག་བརྒྱད་པ་ནིི་བྱི་རུག་བྱི་ཏང་ག་དང་ཞིམ་ཐིག་ལེ། །སྐེ་ཚེ་ལྕ་བ་སྔོ་སྣེའུ་འབམ་པོ་དང། །རའམ་ཤབའི་ཤ་སྣ་རྗེ་བླ་མཁྱེན་བརྩེས་ཤེའུ་སྣ་ཞེས་རྨིན་བུ་ལ་བཞེད་དགོས་གསུངས་དཔེ་རྙིང་རྣམས་སུ་ཤེལ་སྣ་ཞེས་འདུག་ཡང་ངོས་འཛིན་མ་མཐོང་བསྐོལ་ཁུར་སོ་ཆ་པི་པི་ལིང༌། །ས་རྫི་ཀ་སྙེ་མ་ནག་པོ་བཏབ་ཏིལ་མར་མས་ཡར་བཏང༌། །སྨན་དེ་རྣམས་ཀྱི་ཁུ་བར་དུར་བྱིད་སྦྱར་བའི་སྲིན་བཤལ་བྱ། །དཀར་གསུམ་དང་མངར་གསུམ་སོགས་རྒྱ་སྣེ་སྣུམ་པའི་ཟས་སྲིན་ནད་ཅན་རྣམས་ལ་སྤང༌། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྲིན་ནད་བཅོས་པའི་ལེའུ་སྟེ་ལྔ་བཅུ་པའོ།།  །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:21 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།