སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་ལྔ་པ། ཕྱེ་མའི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.08.2023
སྨན་འབུམ་དཀར་པོ། >>



ལེའུ་ལྔ་པ། ཕྱེ་མའི་སྡེ་ཚན་བསྟན་པ།

དེ་ནས་ཡང་གསོ་བའི་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། ཀྱེ་འཚོའ་(འཚོ་)མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། དང་པོ་རྩ་བའི་སྦྱོར་སྡེ་ལྔ་རུ་གསུངས་པས་ན།། གཉིས་པ་ཕྱེ་མའི་སྦྱོར་སྟེ་བཤད་དུ་གསོལ།། དེ་སྐད་ཅེས་ཞུས་པས། སྟོན་པས་བཀའ་སྩལ་(བསྩལ་)པ། སྦྱོར་བ་ཀུན་གྱི་རྒྱལ་པོ་ཕྱེ་མ་སྟེ།། ཕྱེ་མའི་སྡེ་ལ་སྦྱོར་བ་གཉིས་ཡིན་ཏེ།། ཚ་གྲང་གཉིས་ལ་སྦྱོར་བ་གཉིས་སུ་ཡིན་ཏེ།། དང་པོ་(ཚ་)སེལ་རྗེ་བློན་བཞི་ཡིན་ཏེ།། ག་ཕུར་(པུར་)རྒྱལ་པོ་ཆེན་པོའི་སྦྱོར་བ་དང་།། བཙུན་པ་(མོ་)གུར་གུམ་བློན་པོའི་སྦྱོར་བ་དང་།། དབང་ཆེན་གཙོ་བོ་སྲས་འདུས་སྦྱོར་བ་དང་།། དཔུང་ཚོགས་ཁ་འཐོར་འབང་(འབངས་)ཀྱི་སྦྱོར་བ་དང་།། ནད་ལ་གང་འགྲོ་རིག་པས་བརྟག་ལ་སྦྱོར།། དང་པོ་ཚ་བ་སྟོད་རྒྱས་ག་ཕུར་(པུར་)སྦྱོར་བ་སྔགས(བསྔགས)།། ག་ཕུར་(པུར་)འདི་ལ་འཇམ་རྩུབ་རིགས་གསུམ་ཡོད།། མང་དང་ཤེལ་དང་སྟག་གཟིག་(ཟེལ་)ག་པུར་གསུམ།། མང་ནི་མདོག་སེར་མཉེན་ལ་སྣ་རིང་ལྕུག། ཡང་ན་དཀར་སེར་ཁ་བ་བསྒོངས་པ་འདྲ།། སྙོམས་ལ་འཇམ་པས་རླུང་ལྡན་ཚད་པ་སེལ།། ཤེལ་ནི་དཀར་ལ་འཁྲག་(མཁྲེགས་)ཏེ་ཆབ་རོན་འདྲ།། ཤིན་ཏུ་བསིལ་ཡིན་རླུང་མེད་རྒྱས་ཚད་སེལ།། སྟག་གཟིག་(ཟིལ་)བག་ཡིན་སེར་སུལ་ཅན་ཕོ་ཅོང་འདྲ།། མང་བས་བསིལ་ལ་ཤེལ་བས་འཇམ་པ་སྟེ།། ཚ་བ་ཀུན་ལ་སྤྱི་རྒྱུག་སྦྱོར་བ་སྙོམས།། ག་ཕུར་(པུར་)འདི་ལ་སྦྱོར་བ་དྲུག་ཡོད་དེ།། རྒྱལ་པོ་ལྟ་བུར་འཁོར་གྱིས་བསྐོར་བ་དང་།། རྒྱལ་བུ་ལྟ་བུར་ཆེ་སར་འདོན་པ་དང་།། བཙུན་མོ་ལྟ་བུ་མཐུན་སྡེབས་བསྟུན་པ་དང་།། འཁྲུག་གླང་ལྟ་བུར་མཚོན་ཆས་བསྐོར་བ་དང་།། འཁྲུག་པ་ལྟ་བུར་དགྲ་ཟུན་སྤྲད་པ་དང་།། ཐོག་རྒོད་ལྟ་བུར་གཅིག་རྒྱུག་བྱེད་པ་དྲུག། འཇམ་རྩུབ་སྦྱར་བའི་ཁྱད་ཡིན་ནད་དང་བསྟུན།། དང་པོ་ག་ཕུར་(པུར་)རྒྱལ་པོ་ལྟ་བུར་(བུའི་)སྦྱོར་བ་ནི།། བདུན་དགུ་བཞི་ཡི་སྦྱོར་བ་གསུམ་དུ་ཡོད།། དང་པོ་བདུན་སྦྱོར་ག་ཕུར་(པུར་)ཙན་དན་དཀར།། ཧོང་ལེན་ཇུ་(ཅུ་)གང་གུར་གུམ་འགྲི་གང་(གི་ཝང་)ལྔ།། ཀ་ར་དཀར་པོ་བཞི་འགྱུར་ཏིག་ཏ་དང་སྦྱོར།། འཁྲུག་(འཁྲུགས་)ཚད་སྟོད་གཟེར་རྒྱས་ཚད་སེལ་བར་བྱེད།། གཉིས་པ་ག་ཕུར་(པུར་)དགུ་ཡི་སྦྱོར་བ་ནི།། ག་ཕུར་(པུར་)དགུ་ཡི་སྦྱོར་བ་ནི།། ག་ཕུར་(པུར་)ཅུ་གང་ཙན་དན་(གུར་)གུམ་དང་།། ཏིག་ཏ་དོམ་མཁྲིས་ལི་དུར་ཧོང་ལེན་དང་།། རྒྱ་སྐག་ཀ་ར་སྦྱར་བའི་དགུ་སྦྱོར་གྱིས།། སྟོད་གཟེར་ཁྲག་དང་དུད་པ་འདྲ་བ་ཡི།། ལུད་པ་འོང་བའི་འགྲམ་(འགྲམས་)ཚད་འཁྲུག་(འཁྲུགས་)ཚད་སེལ་བར་བྱེད།། གསུམ་པ་ག་པུར་བཞི་ཡི་སྦྱོར་བ་ནི།། ག་པུར་ཙན་དན་བསེ་རུ་ཨུ་དཔལ་(ཨུཏྤལ་)དང་།། ཨ་རུ་ར་དང་བཟང་དྲུག་ལི་ག་དུར།། གླ་རྩི་ཏིག་ཏ་ཀ་ར་སྦྱར་བ་དེ།། རྒྱས་པའི་རིམས་དང་རྙོང་(རྙོགས་)རིམས་འབོག་ལྐུག་སེལ།། ག་ཕུར་(པུར་)རྒྱལ་བློན་རྗེ་འབང་(འབངས་)གསུམ་ཡིན་ནོ།། གཉིས་པ་རྒྱལ་བུ་ལྟ་བུར་ཆེ་སར་འདོན་པ་ནི།། འཁོར་ཚོགས་ཀུན་འཛོམ་ཉི་ཤུ་རྩ་ལྔ་སྦྱར།། ག་བུར་བཟང་དྲུག་ཨ་རུ་གསེར་མདོག་དང་།། ཙན་དན་དཀར་དམར་གེ་སར་གསུམ་དང་རུ་རྟ་དང་།། ཨུ་དམར་ཟི་ར་བ་ལེ་ཀ་དང་ནི།། ཆུ་སྲིན་སྡོར་(སྡེར་)མོ་ཤིང་ཚ་པུ་ཤེལ་ཙེ།། བྲག་དྲེག་དམར་པོ་སྤོང་(སྤང་)སྤོས་འབུ་སུག་(སུ་)ཧང་།། འབྲས་བུ་གསུམ་དང་ཚ་བ་གསུམ་སྡེ་ཚ་གྲང་དང་།། ཀ་ར་དཀར་པོས་ཁ་བསྒྱུར་དྲུག་འགྱུར་སྦྱང་།། དོན་སྣོད་ཤ་ལྤགས་(པགས་)རྩ་རུས་ཚད་ཞུགས་དང་།། རིམས་དུག་ཚད་པ་གསར་རྙིང་འཁྲུགས་རིམས་དང་།། བྱང་ཁོག་ཐིག་(ཐིགས་)བསོག་དྲེག་དང་གྲུམ་བུ་དང་།། མེ་དབལ་ཚད་པ་གསར་རྙིང་བྱེར་བ་དང་།། ལུས་ལ་གནས་པའི་ཚད་པ་མ་ལུས་སེལ།། གསུམ་པ་བཙུན་མོ་ལྟ་བུར་འཇམ་སྡེབ་བྱེད་པ་ནི།། རྒྱལ་བློན་གསུམ་ལ་གུར་གུམ་གྷྲི་གང་(གི་ཝང་)བསྣན།། དོམ་མཁྲིས་གླ་རྩི་བསྣན་ཏེ་བདུན་ཡོད་དེ།། འཇམ་སྡེབ་དེ་ཡིས་རླུང་མི་འཁྲུག་པར་གནས།། ཚ་བ་གང་ཡོད་བག་ཉལ་འཇོམ་(འཇོམས་)པར་བྱེད།། བཞི་པ་འཁྲུག་གླང་ལྟ་བུར་མཚོན་ཆ་བསྐུར་བ་ནི།། རིམས་ལ་ག་པུར་བོང་ང་དཀར་དང་སྦྱར།། འཁྲུགས་རིམས་ཙན་དན་དཀར་དམར་གཉིས་དང་སྦྱར་ལ་གཏང་།། ཀ་ར་གང་(གངས་)ཆུའི་ཁ་བསྒྱུར་འཕུལ་བ་ཡིན།། འཁྲུགས་རྒྱས་ཚད་རང་མལ་གསོད་པར་བྱེད།། ལྔ་པ་འཁྲུག་པ་ལྟ་བུར་དགྲ་ཟུན་སྤྲད་པ་ནི།། ག་པུར་མི་འཕྲོད་ཆང་དང་སྦྱར་བ་དེས།། རི་ཐང་མཚམས་སུ་རླུང་ཚད་གཅིག་འཇོམས།། དྲུག་པ་ཐོག་རྒོད་ལྟ་བུར་ཅིག་རྒྱུག་བྱེད་པ་ནི།། ག་ཕུར་(པུར་)ཇུ་(ཅུ་)གང་ཆུ་དང་སྦྱར་ཏེ་གཏོང་པ་ནི།། ཤིན་ཏུ་རྒྱས་ཚད་ཐོག་བབ་ཉིད་དུ་གསོད།། གཉིས་པ་བློན་པོ་གུར་གུམ་སྦྱོར་བ་ནི།། ནད་ཀྱི་རིགས་དང་སྦྱར་བས་བཅུ་རུ་སྟོན།། རྩ་བ་གཙོ་བོ་མི་འགྱུར་སྨན་གསུམ་ལ།། ཁ་བསྒྱུར་བཞི་བཞི་སྡེབ་ནས་བཏང་བ་ཡི།། གུར་གུམ་བདུན་སྦྱོར་བྱ་བའི་བཙུན་སྡེབ་སྟེ།། ཚ་བ་ཐ་མའི་སྨན་ཡིན་འབྲིང་རབ་ལ།། རེ་རེ་བསྣན་པས་བརྒྱད་དང་སྦྱོར་སྟོན།། དོན་སྣོད་ཚ་བའི་ནད་ལ་བདུད་རྩི་ཡིན།། དང་པོ་གཙོ་བོ་མི་འགྱུར་སྨན་གསུམ་ནི།། གུར་གུམ་འགྲི་གང་(གི་ཝང་)གཉིས་དང་ཇུ་(ཅུ་)གང་ཡིན།། ཨ་རུ་ར་དང་འཛའ་(ཛཱ་)ཏི་སྙིང་ཞོ་ཤ། རུ་རྟ་བདུན་གྱིས་སྙིང་གི་ཚད་པ་སེལ།། ཨ་ཏྲོང་(ཀྲོང་)དཀར་པོ་ཤིང་མངར་རྒུན་འབྲུམ་དང་།། རུ་རྟ་བདུན་དུ་བསྡེབས་པས་གློ་ཚད་སེལ།། ཨ་རུ་ཨུད་པལ་(ཨཏྤལ་)བྲག་ཤུག་ཚེར་མ་ཅན།། བྲག་ཞུན་པྲི་ཡང་ཀུ་དང་ལྡུམ་བུ་བ་ཤ་ཀ། དེ་རྣམས་སྡེབས་ན་མཁལ་མའི་ཚད་པ་སེལ།། གསེར་གྱི་མེ་ཏོག་ཏིག་ཏ་དུག་མོ་ཡུང་(ཉུང་)།། བོང་ང་དཀར་པོ་སྡེབས་(བསྡེབས་)པས་མཆིན་མཁྲིས་ཚད་པ་སེལ།། བོང་ང་དཀར་པོ་དོམ་མཁྲིས་པྲི་ཡང་ཀུ།། བྲག་ཞུན་བདུན་དུ་སྡེབས་(བསྡེབས་)པས་ཕོ་ཚད་སེལ།། སེ་འབྲུ་མ་ནུ་འུ་སུ་བསེ་ཡབ་དང་།། སྟར་བུ་བདུན་སྡེབས་(བསྡེབས་)བད་ཀན་ཚད་པ་སེལ།། སྤང་རྩི་དོ་བོ་ཧོང་ལེན་བ་ཤ་ཀ། རེ་ཀོན་(སྐོན་)བདུན་དུ་སྡེབས་(བསྡེབས་)པས་ཁྲག་ཚད་སེལ།། གསེར་གྱི་མེ་ཏོག་འདེ་(དེ་)བ་ལི་ག་དུར།། པར་པ་ཏ་རུ་སྡེབས་(བསྡེབས་)པས་རིམས་ཚད་སེལ།། དོམ་མཁྲིས་རེ་ཀོན་(སྐོན་)དང་ནི་ལི་ག་དུར།། ཤིང་མངར་བདུན་སྡེབས་(བསྡེབས་)རྩ་ཡི་ཚད་པ་སེལ།། སྦལ་རྒྱབ་གཉིས་དང་གང་ཐིག་(གངས་ཐིགས་)འདམ་བུ་སྤྱི་བཞུར་དང་།། གཙོ་བོ་གསུམ་དང་བདུན་སྡེབས་(བསྡེབས་)རུས་ཚད་སེལ།། ཚད་པ་ཐ་མའི་སྨན་དུ་སྦྱར་བ་ཡིན།། ཙན་དན་ཨ་ཀ་རུ་བསྣན་བརྒྱད་སྦྱོར་ཟེར།། རྒྱས་ཚད་ལ་སོགས་ཚ་བ་འབྲིང་པོ་སེལ།། དེ་སྟེང་ག་ཕུར་(པུར་)བསྣན་པའི་སྦྱོར་བ་སྟེ།། ཐོག་བབ་ཤིན་ཏུ་ཚ་བ་དེ་ཡིས་སེལ།། བདུན་སྦྱོར་ཚ་བ་བཅུ་སེལ་བློན་པོ་འདྲ།། གསུམ་པ་དབང་ཅན་གཙོ་བོ་ལྟར་བསིལ་གྱི།། གཙོ་བོ་ཙན་དན་འགྲི་གང་(གི་ཝང་)ཡིན།། རྩི་ཡི་གཙོ་བོ་གུར་གུམ་ཅུ་གང་གཉིས།། ཐང་གི་གཙོ་བོ་ཏིག་ཏ་བ་ཤ་ཁ(ཀ)། སྔོ་ཡི་གཙོ་བོ་ཧོང་ལེན་བོང་ང་དཀར།། ཟུར་བཞི་ཡ་བརྒྱད་རང་ས་ནད་ལས་འཇིགས།། ཀ་ར་དཀར་པོ་གཙོ་བོ་བརྒྱད་དང་མཉམས(མཉམ)།། བཞི་འགྱུར་རྟ་ལ་བསྐྱོན་ནས་བཏང་བ་ན།། དོན་སྣོད་གློ་མཆིན་ཚད་པ་གསར་རྙིང་དང་།། འཁྲུག་(འཁྲུགས་)རིམས་ཁྲག་མཁྲིས་མ་ལུས་སེལ་བར་བྱེད།། དེ་ཡི་སྟེང་ན་ག་ཕུར་(པུར་)བསྣན་པ་ན།། རྒྱས་ཚད་ཚ་བ་སྟོབས་ཅན་སེལ་བར་བྱེད་།། གཉིས་པ་དེ་ལ་ཁ་ཚར་མཐའ་བསྒྱུར་ནི།། འཛ་(ཛཱ་)ཏི་མནན་(བསྣན་)ན་སྙིང་གི་འདར་ཚད་སེལ།། ཨ་ཀྲོང་ཤིང་མངར་བསྣན་ནས་གློ་རྦུགས(སྦུབས་)སངས།། སྟར་བུ་རུ་རྟ་བསྣན་པས་ལུད་པ་འགོག་དཀའ་འབྱིན།། དོམ་མཁྲིས་བསྣན་པས་ཁྲག་ལུང་དམར་བ་སེལ།། འཛ་(ཛཱ་)ཏི་སྒོག་སྐྱ་ཨ་ཀར་(གར་)སྐྱ་སོབ་དང་།། གླ་རྩི་གུ་ཁུལ་(གུལ་)བསྣན་པས་གཉན་གཟེར་སེལ།། ག་དུར་གླ་རྩིས་ལུད་པ་དུད་འདྲ་སེལ།། དོམ་མཁྲིས་གསེར་གྱི་མེ་ཏོག་ཨ་རུ་ར།། ག་དུར་པར་ཏ་(པ་)ཀའི་(ཏས་)ཁ་བསྒྱུར་ནས།། རིམས་རྒྱས་མི་(མིག་)ཚགས་(ཚག་)དབང་པོ་ཟ་ཟི་སེལ།། སྤྱི་རུ་དེ་ལ་སྦྱོར་སྡེ་བཅུ་ཡིན་ནོ།། བཞི་པ་ཁ་འཐོར་མང་འཚོགས་(ཚོགས་)ཀུན་འདུས་ནི།། ཚ་སེལ་གྲང་སེལ་ཁ་འཐོར་སྨན་དང་གསུམ།། དང་པོ་ཚ་བ་སེལ་བྱེད་བསིལ་གྱི་སྨན་སྦྱར་ལ།། ཆེ་བ་དར་མའི་སྨན་དང་ཆུང་བ་བྱིས་སྦའི་(པའི་)སྨན།། ལུས་ཤད་(ཤེད་)ཆེ་ཆུང་ཡོད་པས་སོ་སོར་སྟོན།། དང་པོ་ཨ་གར་སྡེ་ལ་རྣམ་པ་བཅྭོ་(བཅོ་)བརྒྱད་དེ།། ཨ་ཀ་རུ་དང་ཛ་(ཛཱ་)ཏི་སྙིང་ཞོ་ཤ། ན་(ནཱ་)ག་གེ་སར་སྤོས་དཀར་ཨ་རུ་ར།། རུ་རྟ་ཇུ་(ཅུ་)གང་ཀ་ར་སུམ་འགྱུར་གྱི།། ཨ་གར་བརྒྱད་པ་ཞེས་བྱས་སྙིང་ཚད་དང་།། འཁྲུག་འགྲམ་(འཁྲུགས་འགྲམས་)བསྙོ་(སྨྱོ་)ལྐུགས་ནུ་འཇིང་(མཇིང་)གཟིར་(གཟེར་)བ་སེལ།། ལི་ག་དུར་དང་བསིལ་གསུམ་ཙན་དན་དཀར།། སྲོ་ལོ་རྒུན་འབྲུམ་ཤིང་མངར་ཀ་ར་སྡེབས།། གཉིས་པ་བརྒྱད་སྡེབས་(བསྡེབས་)གློ་རྣག་འཁྱིལ་པ་འདྲེན།། སྟར་བུའི་ཁན་དྷ(ཁཎྜ་)རུ་རྟ་སྦྱར་བ་སྟེ།། གསུམ་པ་གཉིས་སྡེབ་གློ་འགོག་ཆུ་རྣག་འདྲེན།། ཏིག་ཏ་བྲག་ཞུན་འགྲི་གང་(གི་ཝང་)(གུར་)གུམ་དང་།། བ་ལེ་ཀ་དང་རུ་རྟ་བ་ཤ་ཀ། ཨུཏྤལ་གསེར་གྱི་མེ་ཏོག་ཀ་ར་སྦྱར།། བཞི་པ་དགུ་སྡེབ་མཆིན་ཁྲག་རྒྱས་པ་དང་།། བདཀན་སྨུག་པོ་མཆིན་ཚད་འགྲམ་པ་སེལ།། གསེར་གྱི་མེ་ཏོག་ལི་ཤི་ཨ་རུ་ར།། ན(ནཱ་)ག་གེ་སར་སྤང་སྤོས་མཚེ་ལྡུམ་དང་།། པི་པི་ལིང་དང་ཀ་ར་སྦྱར་བ་སྡེ།། ལྔ་པ་བདུན་སྡེབ་མཚེར་ནད་རྒྱས་གཟེར་འཇོམས།། ཏིག་ཏི་མཁལ་མ་ཞོ་ཤ་བྲག་ཞུན་དང་།། གུར་གུམ་སུག་སྨེ་(སྨེལ་)ཨ་རུ་ར་དང་བཙོད།། ཤུག་པ་ཚེར་མ་ཅན་དང་རྒྱ་སྐྱེག་(སྐྱེགས་)སེང་ཕྲོམ་དང་།། ཀ་རུ་(ར་)སྦྱར་བའི་ཨ་རུ་བཅུ་པ་སྟེ།། དྲུག་པ་དེ་ཡིས་མཁལ་ནད་ཆུ་སྲི་དང་།། སྐད་(སྐེད་)འཁོར་ལ་སོགས་མཁལ་ཚད་མ་ལུས་སེལ།། སུག་སྨེལ་དོམ་མཁྲིས་འཇིབ་རྩི་བོང་ང་དཀར།། ཨ་རུ་ར་དང་བྲག་ཞུན་གླ་རྩི་དང་།། གུར་གུམ་ག་དུར་ཀ་(ར་)དགུ་སྙོམས་ཏེ།། བདུན་པ་དེ་ཡིས་ཕོ་བའི་ཁྲག་འདྲིལ་དང་།། མཆིན་ཚད་ཕོ་བའི་ཚད་པ་སེལ་བར་བྱེད།། བོང་ང་དཀར་པོ་བླ་(གླ་)སྒང་དོམ་མཁྲིས་དང་།། གསེར་གྱི་མེ་ཏོག་བ་ལེ་ཀ་དང་དུག་མོ་ཉུང་།། དེ་ཀོན་(སྐོན་)ཀ་ར་སྦྱར་བའི་དེ་བདུན་གྱིས།། བརྒྱད་པ་དེ་ཡིས་རྒྱུ་ལོང་འགྲམ་(འགྲམས་)ཚད་ཚད་མཁྲིས་འཇོམས།། མ་ནུ་གུར་གུམ་ཅོང་ཟི་(ཞི་)སེ་འབྲུ་དང་།། སུག་སྨེ་(སྨེལ་)པི་པི་ལིང་དང་ཀ་ར་དྲུག། དགུ་པ་དེ་ཡིས་བད་ཀན་བྲང་ཚ་དང་།། ཆུ་སྐྱུག་ཆུ་ཚན་ལ་སོགས་འཇོམས་པར་བྱེད།། ཅོང་ཟི་(ཞི་)ཞིབ་བཏག་འོ་མར་འདེ་གུ་བྱ།། གྲིབ་སྐམ་བྱས་ནས་ཨུ་དཔལ་(ཨུཏྤལ་)འགྲི་གང་(གི་ཝང་)དང་།། བཟང་དྲུག་ཙན་དན་དཀར་དམར་གླ་རྩི་དང་།། གསེར་མེ་ཏིག་ཏ་བོང་ང་དུག་མོ་ཉུང་།། བ་ཤ་ཀ་དང་རུ་ལྟ་(རྟ་)ཨ་རུ་ར།། པི་པི་ལིང་དང་ཀ་ར་སྦྱར་བ་སྟེ།། བཅུ་པ་ཅོང་ཞི་བསིལ་སྦྱོར་དུག་དང་བད་སྨུག་དང་།། ཚད་པ་རྙིང་པ་ལ་སོགས་གབ་ཚད་སེལ།། མ་ནུ་འུ་སུ་འཛ་(ཛཱ་)ཏི་ཀྱུ་(སྐྱུ་)རུ་ར།། ཨ་རུ་ར་དང་སེལ(སེ་)འབྲུ་བཟི་དང་ཅོང་ཟི(ཞི་)དང་།། བཅའ་སྒ་རྒྱམ་ཚ་བུར་དཀར་སྦྱར་བ་སྟེ།། བཅུ་གཅིག་པ་དེས་བད་སྨུག་ཆུ་སེལ་(སེར་)འཐབ།། མགོ་འཁོར་དང་ཁ་མི་བདེ་མ་ཞུ་སེལ།། པི་པི་ལིང་དང་སུག་སྨེ་(སྨེལ་)རུ་ཏ་(རྟ་)དང་།། སེ་འབྲུ་བ་ཤ་ཀ་དང་ཀྱུ་(སྐྱུ་)རུ་ར།། དྲུག་པ་ཀ་ར་སྦྱར་བའི་བཅུ་གཉིས་པས།། གླང་ཐབས་དྲུལ་ལ་ཕོ་ལོག་སྦོས་གཟེར་སེལ།། ཏིག་ཏ་གསེར་གྱི་མེ་ཏོག་པར་པ་ཏ།། བོང་ང་དཀར་པོ་རུ་རྟ་རྩ་མཁྲིས་ཧོང་ལེན་དང་།། སྐྱེར་ཤུན་ཀ་ར་སྦྱར་བའི་ཏིག་ཏ་བརྒྱད་པ་ཞེས།། བཅུ་གསུམ་པ་དེས་ཤ་སེར་མཁྲིས་ཚད་དང་།། མིག་ཆུ་འཛགས་(འཛག་)པའི་བད་སྨུག་འཇོམས་པར་བྱེད།། སྲོ་(སོ་)མ་ར་ཙ་(ཛ་)ཐ་དཀར(ཐལ་ཀ་)རྡོ་རྗེ་སྤོས་དཀར་དང་།། འབྲས་བུ་གསུམ་དང་རུ་ཏ་(རྟ་)བ་ཤ་ཀ། བྲག་ཞུན་སླེ་ཁྲེ་(ཏྲེས་)གུ་ཁུལ་(གུལ་)དཀར་ནག་བཅུ།། བཅུ་བཞི་པ་དེས་དྲེག་དང་གྲུམ་བུ་དང་།། བད་ཀན་ལྤགས་(པགས་)ལ་གྲམ་དང་ཚ་འཁྲུགས་སེལ།། ཙན་དན་གླ་རྩི་མཚལ་དཀར་བསེ་རུ་དང་།། ལི་ཤི་གུར་གུམ་གྷི་ཝང་བོང་ང་དཀར།། འཇམ་འབྲས་འབྲས་བུ་གསུམ་དང་རུ་རྟ་ཀ་ར་སྦྱར།། གུར་གུམ་བཅུ་གསུམ་པ་ཟེར་བཅོ་ལྔ་པས།། མཁལ་མ་འགྲམ་(འགྲམས་)དང་ཆུ་སྲི་ཚ་སྦོས་དང་།། ཡ་མ་ནག་པོའི་སྲིན་དུག་ལྷག་པར་དུ།། མཆིན་རྩ་འགྲམ་འཁྲུག་(འགྲམས་འཁྲུགས་)ལ་སོགས་སྦྱར་དུག་སེལ།། གུར་གུམ་ཇུ་(ཅུ་)གང་ཨུ་དཔལ་(ཨུཏྤལ་)བ་ལེ་ཀ། མཚེ་ཤིང་ཨ་རུ་ཏིག་ཏ་ཀ་བདུན་སྦྱར་བ།། གུར་གུམ་མཆོག་བདུན་སྦྱོར་བ་བཅུ་དྲུག་པས།། མཆིན་པ་འགྲམས་དང་ཁྲག་རྒྱས་མིག་སེར་དང་།། མཆིན་ནད་གསར་རྙིང་ཚད་པ་སེལ་བར་བྱེད།། ཏིག་ཏ་བ་ལེ་བ་ཤ་ཀ་དང་གསུམ།། ན་(ནཱ་)ག་པད་མ་གེ་སར་པི་པི་ལིང་དང་གསུམ།། མཚལ་དང་ཇི་(ཅུ་)གང་གསེར་མདོག་དགུ་སྦྱར་བའི།། བཅུ་བདུན་པ་དེས་མཆིན་པ་ཁྲག་རྒྱས་དང་།། བད་སྨུག་དང་ནི་མཆིན་པའི་ནད་རྣམས་སེལ།། བསིལ་གསུམ་སེ་འབྲུ་ཨུ་དཔལ་(ཨུཏྤལ་)པི་པི་ལིང་།། ཤིང་ཚ་ཀ་ར་ཇུ་(ཅུ་)གང་བདུན་སྦྱར་བའི།། བཅོ་བརྒྱད་པ་དེས་ཚ་གྲང་ཆ་སྙོམས་ཤིང་།། དང་ཀའི་ཡི་གས་འགག་འཆུས་འབྱེད་པར་བྱེད།། གློ་སྙིང་ནད་རྣམས་རྒུན་འབྲུམ་ཆང་གིས་སེལ།། འགྲི་གང་(གི་ཝང་)ཇུ་(ཅུ་)གང་བསྣན་པས་སྙིང་ཚད་སེལ།། དེ་རྣམས་ལང་ཚོ་སྟོབས་རྒྱས་དར་མའི་སྨན།། གཉིས་པ་ལོང་(ལང་)ཚོ་མ་རྒྱས་བྱིས་པའི་ཚད་སྨན་ནི།། བདེ་སྙོམས་ཇུ་(ཅུ་)གང་ཆེ་འབྲིང་ཆུང་གསུམ་བཤད།། ཇུ་(ཅུ་)གང་ཆེ་འབྲིང་ཆུང་གསུམ་བཤད།། ཇུ་(ཅུ་)གང་གུར་གུམ་འགྲི་གང་(གི་ཝང་)ཀ་ར་བཞི།། བྱིས་སྦའི(པའི་)ཚད་པ་སེལ་བའི་གཙོ་བོར་བཤད།། ཙན་དན་དཀར་དམར་བསིལ་གསུམ་ཀ་ར་སུམ་འགྱུར་སྦྱར།། ལི་ཤི་བཞི་པ་ཟེར་ཏེ་གྲེ་ཚད་སེལ།། ལི་ཤི་ཤིང་མངར་ཇུ་(ཅུ་)གང་སུང་(སྤང་)རྒྱན་དཀར།། ཨ་རུ་ར་དང་རུ་རྟ་ཀ་ར་དྲུག། ལི་ཤི་དྲུག་སྦྱར་ལོ་བརྒྱད་དྲི་ཆུས་ཕུལ།། གློ་ཚད་གྲེ་བ་སྐད་འགག་ཚ་སྐམས་སེལ།། བསིལ་གསུམ་ཆུ་སྲིན་སྡེར་མོ་བ་ལེ་ཀ། རྡོ་དྲེག་ག་དུར་ཨུད་དཔལ་(ཨུཏྤལ་)པི་པི་ལིང་།། སྣོད་ཀྱི་ཚ་གྲང་འཐབ་དང་སྨུག་པ་(པོ་)སེལ།། པད་མ་གེ་སར་ཙན་དན་དཀར་དམར་དང་།། ཧོང་ལེན་བ་ལེ་ཀ་དང་པུས་པ་དང་།། ན(ནཱ་)ག་གེ་སར་ལྒ་དང་སྤང་སྤོས་དང་།། དུག་མོ་ཉུང་དང་གསེར་གྱི་མེ་ཏོག་དང་།། པར་ཏ་བིལ་བ་སུག་སྨེ་(སྨེལ་)འབྲས་བུ་གསུམ།། ཛཱ་ཏི་ཀ་ར་ཉི་ཤུ་སྦྱར་བ་དེས་།། བུ་(བུད་)མེད་རིམས་ཀྱིས་བཏབ་དང་མ་ཚད་སེལ།། ག་བུར་བསིལ་གསུམ་གྲི་གང་(གི་ཝང་)ཙན་དན་དཀར།། ཛཱ་ཏི་ག་དུར་སྲ་འབྲས་སེ་འབྲུ་མཚལ།། ཤུ་མོ་ཟ་དང་ཀ་ར་བཞི་འགྱུར་སྦྱར།། བྱིས་སྦ(པ་)རིམས་ཀྱིས་བཏབ་པའི་ཚད་པ་སེལ།། གུར་གུམ་ཇུ་(ཅུ་)གང་གྷྲི་གང་(གི་ཝང་)སྟར་བུ་ཤིང་མངར་དང་།། བ་ལེ་ཨུད་དཔལ་(ཨུཏྤལ་)རྒུན་འབྲུམ་སྐྱུ་རུ་ར།། མཆིན་ཁྲག་ཕོ་བར་འདུས་པ་སེལ་བར་བྱེད།། ཨུད་དཔལ་(ཨཏྤལ་)བ་ཤ་ཀ་དང་བ་ལེ་ཀ། ཇུ་(ཅུ་)གང་ཨ་རུ་ར་དང་ཤིང་མངར་ཀ་ར་བདུན།། ཕོ་མཆིན་ཚ་བ་ལ་སོགས་ཀུན་ལ་འགྲོ།། སྤང་རྒྱན་དཀར་པོ་ཁྱི་ལྕེ་དཀར་པོ་དང་།། སྤང་རྩི་དོ་བ་(བོ་)སྦྱར་བས་ལྷོག་པ་སེལ།། བྱིས་སྦང་(པ་)ཚ་སེལ་སྦྱོར་བ་དགུ་ཡིན་ནོ།། ཆེ་ཆུང་གཉིས་ཀ་སྡོམ་(བསྡོམས་)པས་ཉེར་བདུན་བཤད།། དགེའོ།། ལེགས་སོ།།

གཉིས་པ་གྲང་བ་སེལ་བ་དྲོད་སྨན་སྦྱོར་བ་ལ།། རྒྱལ་པོ་སེ་འབྲུ་བློན་པོ་ད་ལི་(ལིས་)དང་།། བཙུན་མོ་ཁ་ཕྱེ་ཁ་འཐོར་འབང་(འབངས་)སྦྱོར་བཞི།། གྲང་སེལ་འདི་ལ་སྤྱི་རུ་བསྟན་པས་ན།། དང་པོ་རྒྱལ་པོ་སེལ་(སེ་)འབྲུའི་སྦྱོར་བ་ནི།། རྩ་བ་བརྒྱད་དང་ཡན་ལག་ཉེར་ཅིག་(གཅིག་)ལས།། སེ་འབྲུའི་སྦྱོར་བ་སྦྱོར་བ་དྲུག་ཡོད་དེ།། སེ་འབྲུ་གཙོ་བོ་ཡིན་པས་ཀུན་ལ་གཏོང་།། སེ་འབྲུ་ཤིང་ཀུན་ཕོ་རིལ་གསུམ་སྦྱར་བས།། སྐད་འགགས་རྦུག་(སྦུགས་)འཐུམ་ཟས་འཇུ་རྐ་(དཀའ་)བ་དང་།། མཆིན་པ་གྲང་ནད་ཅན་ལ་ཤིན་ཏུ་ཕན།། ཁ་རུ་ཚ་བསྣན་རྩ་བ་མཚོན་ཐོགས་ཟེར།། གྲང་བགྲིལ་(འགྲིལ་)སྐྲན་དང་སྐྱུག་ནད་མ་ཞུ་སེལ།། སེ་འབྲུ་སྨན་ནག་ཤིང་ཚ་སུག་སྨེ་(སྨེལ་)དང་།། བུ་རམ་སྦྱར་བའི་སེལ་(སེ་)འབྲུ་བཞི་པ་ཟེར།། ཕོ་བའི་དྲོད་བསྐྱེད་མེ་དྲོད་ཉམས་པ་གསོའ(གསོ)།། ནད་གཞི་གང་གིས་འགག་ཀྱང་དང་ག་འབྱེད།། དང་(དོང་)གྲ་བསྣན་པའི་སེ་འབྲུ་ལྔ་པ་ཟེར།། ཕོ་བའི་ཟས་མི་ལེན་དང་བད་རླུང་དང་།། ཕོ་བའི་གྲང་སྐྲན་སྐྱུག་དང་སྙིང་རླུང་དང་།། ཁྱེད་(ཁྱད་)པར་མཁལ་རྐད་(སྐེད་)རླུང་གི་ནད་ལ་ཕན།། དོང་གྲ་བཞག་ནས་སྟར་བུ་བསྣན་པ་དེས།། ཚ་གྲང་འཐབ་པ་ཕོ་བའི་མེ་དྲོད་གསོའ(གསོ)།། སེ་འབྲུ་བཅའ་ལྒ་ཤིང་ཀུ་(ཀུན་)ཨ་རུ་ར།། སྟར་བུ་སྦྱར་བའི་སེ་འབྲུ་ལྔ་པ་ཟེར།། མཆིན་པ་གྲང་འཁྱག་མ་ཞུ་སྙིང་རླུང་སེལ།། ཁྱེད་(ཁྱད་)པར་བད་རླུང་སྙིང་ལ་ཞུགས་པ་སེལ།། སེ་འབྲུམ་(འབྲུ་)ཁ་རུ་ཚ་དང་ཚ་བ་གསུམ།། རྒྱམ་ཚ་སྦྱར་བའི་སེ་འབྲུ་དྲུག་པ་ཟེར།། ཕོ་བའི་དྲོད་བསྐྱེད་ཁ་ཟས་འཇུ་རྐ་(དཀའ་)དང་།། ཁྱེད་(ཁྱད་)པར་སྣབ་(སྣབས་)རྣག་མཚུལ་སོབ་རྡུལ་བ་སྦྱོང་།། གཉིས་པ་ཡན་ལག་སྦྱོར་བ་ཉི་ཤུ་གཅིག་ཏུ་སྟོན།། སེ་འབྲུ་སུག་སྨེ་(སྨེལ་)སྨན་ནག་ཤིང་ཚ་བཞི།། དེ་བཞིན་(བཞི་)གཞི་རུ་བཞག་ནས་ཁ་བསྒྱུར་བཞི་བཞི་བསྣན།། བརྒྱད་བརྒྱད་སྡེབ་པའི་སྦྱོར་བ་ཉི་ཤུ་གཅིག།། གྲང་ནད་ཐམས་ཅད་སེལ་ཕྱིར་རྒྱས་པར་སྟོན།། གུར་གུམ་ཛ་(ཛཱ་)ཏི་སྒ་དང་ཀ་ཀོ་ལ།། ཁ་རུ་ཚ་དང་བཅའ་ལྒ་ཕོ་བ་རིལ།། རྒྱམ་ཚ་བཞི་སྡེབ་(བསྡེབས་)མ་ཞུ་གསར་སྙིང་(རྙིང་)སེལ།། བཅའ་ལྒ་བྱི་ཏང་ཀ་དང་ཙི་ཏྲ་ཀ། འཇམ་འབྲས་བཞི་སྡེབ་ཕོ་བའི་མེ་དྲོད་གསོའ(གསོ)།། སྟར་བུ་མ་ནུ་འུ་སུ་བསེ་ཡབ་སྡེབ།། གོང་མ་བཞི་དང་བརྒྱད་སྡེབ་བད་སྨུག་སེལ།། གསེར་གྱི་མེ་ཏོག་རྒྱམ་ཚ་ཨ་རུ་ར།། དོམ་ཁྲིལ་(མཁྲིས་)བཞི་སྡེབ་བེད་(བད་)མཁྲིས་མ་ཞུ་སེལ།། ཅོང་ཞི་བཏུལ་མ་རྒྱམ་ཚ་ཨ་རུ་ར།། བྱ་ཐལ་བཞི་སྡེབ་ལྷེན་དང་སྐྲེན་(སྐྲན་)རྣམས་བཤིགས།། དུར་ཐོད་འགྲོན་བུ་ཤ་རུ་བསྲེག་(བསྲེགས་)ཐལ་དང་།། ཙི་ཏྲ་ཀ་དང་བཞི་སྡེབ་དམུ་རྫིངས་(རྫིང་)སྐེམ།། ཕོ་རིལ་ཁ་རུ་ཚ་དང་བཅའ་ལྒ་ཤིང་།། བཞི་སྡེབ་དེ་ཡིས་ཕོ་ལང་(ལོང་)སྦོས་འཁྲོག་སེལ།། རྒུན་འབྲུམ་ཇུ་(ཅུ་)གང་ཤིང་མངར་ཟི་ར་དཀར།། དེ་བཞི་སྡེབ་ན་གློ་རླུང་གང་(གྲང་)བ་སེལ།། ལྒ་དང་ཤིང་ཀུན་ཛ་(ཛཱ་)ཏི་ཁ་རུ་ཚ།། སྙིང་གི་བད་རླུང་གྲང་བ་སེལ་བར་བྱེད།། སྡིག་སྲིན་ཨ་འབྲས་འཇམ་འབྲས་སྲ་འབྲས་བཞི།། སེ་འབྲུ་བརྒྱད་པོ་དེས་ནི་མཁལ་རྐེད་གྲང་ནད་སེལ།། ཡན་ལག་བརྒྱད་ལ་སེ་འབྲུ་བརྒྱད་སྦྱོར་བ།། མཁལ་རྐད་(རྐེད་)གྲང་བའི་ནད་ལ་ལྷག་པར་ཕན།། ཆུ་དག་འུ་སུ་དབྱི་མོང་ཙི་ཏྲ་ཀ། ཡ་བག་ཤ་ར་(ཡ་བཀྵར་)རྒྱ་ཚ་ཁ་རུ་ཚ།། མ་ཞུ་བད་ཀན་ལྕག་(ལྕགས་)དྲག་(དྲེག་)ལྷེན་ལ་སོགས།། དམུ་སྐྲན་འཁྲུ་སྐྱུག་མེ་དྲོད་ཉམས་པ་གསོའ(གསོ)།། ཀ་དཔེ་(པེད་)ཐ་རམ་ད་ཏྲིག་མོན་ཆ་ར།། དེ་བཞི་སྡེབ་ན་རྦུ་(རྒྱུ་)འཁྲོག་ཆུ་འཁྲུ་གཅོད།། གླ་རྩི་ཤིང་ཀུན་ཐང་ཕྲོམ་བྱི་ཏང་ཀ།  དེ་དང་བརྒྱད་བསྡེབས་གྲང་བ་འབུ་སྲིན་སེལ།། སྡིག་པ་ཕོ་རིལ་ལྕམ་པ་རྒྱ་ཚ་བཞི།། དེ་དང་བརྒྱད་སྡེབ་གྲང་བ་ཆུ་འགགས་སེལ།། དབྱི་མོང་ད་ཏྲིག་ཤིང་ཀུན་ཁ་རུ་ཚ།། དེ་དང་བརྒྱད་སྡེབ་ཕོ་བ་སྦོས་པ་སེལ།། འུ་སུ་བསེ་ཡབ་སླེ་ཁྲེ་(ཏྲེས་)མ་ནུ་བཞི།། དེ་དང་བརྒྱད་སྡེབ་བད་སྨུག་གབ་ཚད་སེལ།། སུག་སྨེ་(སྨེལ་)ཟི་ར་དཀར་ནག་ཤིང་ཚ་དང་།། དེ་དང་བརྒྱད་སྡེབ་གྲང་བའི་ཆུ་འགགས་སེལ།། དབྱི་མོང་ད་ཏྲིག་ཤིང་ཀུན་ཁ་རུ་ཚ།། དེ་དང་བརྒྱད་སྡེབ་ཕོ་བ་སྦོས་པ་སེལ།། འུ་སུ་བསེ་ཡབ་སླེ་ཁྲེ་(ཏྲེས་)མ་ནུ་བཞི།། དེ་དང་བརྒྱད་སྡེབ་བད་སྨུག་གབ་ཚད་སེལ།། སུག་སྨེ་(སྨེལ་)ཟི་ར་དཀར་ནག་ཤིང་ཚ་དང་།། དེ་དང་བརྒྱད་སྡེབ་བད་རླུང་གློ་ནད་སེལ།། དུག་སྨེ་(སྨེལ་)རྒྱ་ཚ་སྡིག་སྲིག་(སྲིན་)ལྕམ་པ་བཞི།། དེ་དང་བརྒྱད་སྡེབས་(བསྡེབས་)མཁལ་ནད་ཆུ་འགགས་སེལ།། བཟང་དྲུག་ལ་ཕུད་ཤིང་ཚ་ཁ་རུ་ཚ།། དེ་རྣམས་སྡེབས་(བསྡེབས་)པས་ལུས་པོ་མེ་དྲོད་བསྐྱེད།། འཁྲུ་བ་གསར་རྙིང་མ་ལུས་གཅོད་པར་བྱེད།། ཟི་ར་ནག་པོ་ལ་ལ་ཕུད་དང་དབྱི་མོང་དང་།། ཙི་ཏྲ་ཀ་དང་སུག་སྨེ་(སྨེལ་)ཁ་རུ་ཚ།། དེ་དྲུག་བསྣན་པས་སེ་འབྲུ་བཅུ་པ་ཟེར།། ཕོ་བའི་ཟས་མི་ལེན་དང་སྦོས་སྒྲེག་དང་།། གྲང་སྐྲན་མེ་དྲོད་ཉམས་པ་སེལ་བར་བྱེད།། ཀ་ཀོ་ལ་དང་ཛ་(ཛཱ་)ཏི་ཁ་རུ་ཚ།། ཤིང་ཚང་དབྱི་མང་རྒྱམ་ཚ་ཙི་ཏྲ་ཀ། ལ་ཕུད་ས་བོན་ཨ་རུ་ར་དང་སྡེབས།། སེ་འབྲུ་བཅུ་གསུམ་པ་སྡེ་བད་རླུང་དང་།། མཁལ་མ་རྩ་འགྲམ་(འགྲམས་)གྲང་རྒྱས་ཁོལ་འབུལ་(བུ་)སེལ།། རྩ་བ་བཞི་ལ་ཡན་ལག་ཉི་ཤུ་གཅིག། སེ་འབྲུའི་ཕྱེ་ལས་(མས་)གྲང་བ་མ་ལུས་འཇོམས།། ཕོ་བའི་མེ་དྲོད་གསོའ(གསོ་)ཞིང་བད་ཀན་སྦྱོང་།། ཟས་རྣམས་འཇུ་རྩི་(ཞིང་)ཡི་ག་འགགས་པ་སེལ།། གྲང་སེལ་སེ་འབྲུའི་སྦྱོར་བ་དེ་བཞིན་ནོ།། གཉིས་པ་བློན་པོ་ད་ལིའི་སྦྱོར་བ་ལ།། དེ་ལ་རྒྱལ་པོ་ཡིན་པས་ཀུན་ལ་འགྲོ།། ན་ལེ་ཤམ་དང་ཤིས་(ཤིང་)ཚ་སུག་སྨེ་(སྨེལ་)དང་།། པི་པི་ལིང་དང་བཅའ་ལྒ་དྲུག་སྦྱོར་བས་།། འཁྲུ་སྐྱུག་དབུགས་མི་བདེ་དང་གཞང་འབྲུམ་དང་།། སྐྲན་དང་སྐྱ་སྦབ་(རྦབ་)གློ་ནད་སེར་(སེལ་)བར་བྱེད།། དེ་ལ་ཟི་ར་སྡེབ་ནས་སྟོད་ནད་གྲང་བ་སེལ།། ཁ་རུ་ཚ་སྡེབས་(བསྡེབས་)གྲང་བ་ཀུན་ལ་སྨན།། ཛ་(ཛཱ་)ཏི་སྡེབས་(བསྡེབས་)པས་སྙིང་རླུང་སེལ་བར་བྱེད།། རུ་ཏ་(རྟ་)སྡེབས་(བསྡེབས་)ན་ལུད་པ་འགོགག་རྐ་(དཀའ་)གྲོལ།། ད་ཏྲིག་སྡེབས་(བསྡེབས་)ན་གྲང་འཁྲུ་སེལ་བར་བྱེད།། ད་ལི་(ལིས་)ཟི་ར་ཤིང་ཚ་པི་པི་ལིང་དང་ལྔ།། སུག་སྨེ་(སྨེལ་)ན་ལེ་ཤམ་དང་ཀ་ཀོ་ལ།། དེ་བརྒྱད་བསྡེབས་པས་མ་ཞུ་སྐྱུག་པ་དང་།། ལྕགས་དྲེག་ལྷེན་སྐྲན་ཕོ་བའི་ཟུག་གཟེར་འཇོམས།། ད་ལི་(ལིས་)ཚ་བ་གསུམ་གྱིས་གཙོར་བྱས་ལ།། ཟི་ར་སུག་སྨེ་(སྨེལ་)ཤིང་ཚ་ཁ་རུ་ཚ།། དེ་བརྒྱད་བས་(བསྡེབས་)པས་གྲང་ནད་བད་ཀན་སེལ།། ལྕེ་མྱང་ཚ་དང་རྒྱམ་ཚ་ཁ་རུ་ཚ།། ཐལ་ཚ་སྡེབས་(བསྡེབས་)པས་ཕོ་བ་སྦོས་པ་སེལ།། སུག་སྨེ་(སྨེལ་)ཟི་ར་ནག་པོ་ཛ་(ཛཱ་)ཏི་དང་། ཀ་ཀོ་ལ་དང་སྡེབས་(བསྡེབས་)པས་སྙིང་རླུང་གྲང་བ་སེལ།། སླེ་ཁྲེ་(ཏྲེས་)རྒྱམ་ཚ་མ་ནུ་པི་པི་ལིང་།། དེ་དང་སྡེབས་(བསྡེབས་)པས་སྟོད་འཚང་ལྗི་གནོན་སེལ།། སྡིག་པ་ལྕམ་པ་སུག་སྨེ་(སྨེལ་)རྒྱ་ཚ་སྡེབས།། ད་ལི་(ལིས་)བརྒྱད་ཟེར་མཁལ་མ་ཆུ་འགགས་སེལ།། ཟི་ར་ནག་པོ་དང་ལ་ཕུད་ཤིང་ཚ་དང་།། སུག་སྨེ་(སྨེལ་)བརྒྱད་སྡེབས་(བསྡེབས་)གྲང་འཁྲུ་སེལ་བར་བྱེད།། ཛ་(ཛཱ་)ཏི་རྒྱ་ཚ་སུག་སྨེ་(སྨེལ་)ཀ་ཀོ་ལ།། ལྕ་(ལྕེ་)ཚ་དབྱི་མོང་ཙི་ཏྲ་ཀ་དང་སྡེབ།། ད་ལི་(ལིས་)བཅུ་གཅིག་པ་དེས་གྲང་ནད་བད་ཀན་སེལ།། ད་ལིའི་སྦྱོར་སྡེ་བཅུ་གཅིག་གང་བྱས་ཀྱང་།། ཀ་ར་དཀར་པོའི་རྟ་ལ་སྦྱར་བ་གཅེས།། གསུམ་པ་བཙུན་མོ་ཁེ་བྱའི་(རྗེའུའི་)སྦྱོར་བ་དྲུག་སྟོན་ན།། ཀ་རན་ཛ་(རཉྫ་)དང་ཛ་(ཛཱ་)ཏི་བཅའ་ལྒ་པི་པི་ལིང་།། ཙི་ཏྲ་ཀ་དང་བྱི་ཏང་ཨ་རུ་ར།། ཀར་སྦྱར་ཕོ་བའི་མེ་དྲོད་ཉམས་པ་གསོའ(གསོ)།། ཕོ་ལོག་མ་ཞུ་སྒྲེག་དང་འཁྱིགས་(འགྱིངས་)པ་སེལ།། གསེར་གྱི་མེ་ཏོག་རྒྱམ་ཚས་ཁ་བསྒྱུར་ནས།། བད་ཀན་མིག་སེར་དངས་མ་མ་ཞུ་སེལ།། སེ་འབྲུའི་(འབྲུས་)ཁ་བསྒྱུར་ཡི་ག་འགགས་པ་སེལ།། ཤིང་ཀུན་ན་ལེ་ཤམ་དང་ཁ་རུ་ཚ།། དེ་ཡིས་ཁ་བསྒྱུར་བས་ཕོ་བ་སྦོས་པ་སེལ།། ན་ལེ་ཤམ་གྱིས་ཁ་བསྒྱུར་མེ་དྲོད་བསྐྱེད།། རྒྱ་ཚ་རྒྱམ་ཚ་ཁ་རུ་ཚས་ཁ་བསྒྱུར་ནས།། མ་ཞུ་ཕོ་བར་ཟས་མཁར་འབྱོང་(འབྱང་)བར་བྱེད།། ཐལ་སྨན་བཏང་བས་ཕོ་སྐྲན་བཤིགས་པར་བྱེད།། བཞི་པ་ཁ་འཐོར་འབངས་ཀྱི་རྨང་(དམངས་)སྦྱོར་ལ།། སུག་སྨེའི་(སྨེལ་)སྦྱོར་ལ་སོགས་བཅུ་བདུན་སྟོན།། སུག་སྨེ་(སྨེལ་)པི་པི་ལིང་དང་ལ་ཕུད་དང་།། ན་(ནཱ་)ག་པུས་པ་གེ་སར་ལྒ་བཙོད་ཀ་ར་དང་།། སུག་སྨེ་(སྨེལ་)་བདུན་པ་དེ་ཡིས་ཕོ་བར་བད་ཀན་འགྱིངས།། ལུད་པ་དང་ཀ་(ག་)མི་བདེ་སྐྱུག་ནད་སེལ།། སུག་སྨེ་(སྨེལ་)བདུན་པ་དེ་ཡིས་ཕོ་བར་བད་ཀན་འགྱིངས།། ལུད་པ་དང་ཀ་(ག་)མི་བདེ་སྐྱུག་ནད་སེལ།། སུག་སྨེ་(སྨེལ་)སྨན་ནག་རྒྱམ་ཚ་བཅའ་ལྒ་དང་།། སྡིག་སྲིན་ལྕམ་པ་གླ་རྩི་འབྲས་སྣ་གསུམ།། བུ་རམ་ཀ་ར་སྦྱར་བའི་སུག་སྨེ་(སྨེལ་)བཅུ།། གྲང་མཁལ་ཆུ་འཛག་སྡོམ་པ་འཛིན་པ་སེལ།། ལྒ་དང་ཤིང་ཀུན་མ་ནུ་ཁ་(རུ་)ཚ།། བུ་རམ་སྦྱར་བས་སྨན་ལྒ་བཞི་པ་ཟེར།། མཁལ་རྐེད་རྩིབ་སྨད་གཟེར་དང་དབུགས་མི་བདེ།། སྐྱིག་(སྐྱིགས་)བུ་མི་ཐོན་ཁ་གདོང་གཡོ་(ཡོ་)ནད་སེལ།། རུ་ཏ་(རྟ་)བཅའ་ལྒ་མ་ནུ་ཨ་རུ་ར།། ཀ་ར་སྦྱར་བའི་རུ་ཏ་(རྟ་)བཞི་པ་སྟེ།། ཕོ་མཆིན་མཚེར་སྐྲན་བད་རླུང་སེལ་བར་བྱེད།། ཤུ་དག་བཅའ་ལྒ་མ་ནུ་ཁ་རུ་ཚ།། ཆ་མཉམ་སྦྱོར་བ་ཤུ་དག་བཞི་པ་ཟེར།། བད་རླུང་སྟོད་གཟེར་རྦུགས་(དབུགས་)མི་བདེ་བ་དང་།། མ་ཞུ་སྐྱིགས་བུ་སྐྱ་རྦབ་གཞང་འབྲུམ་སེལ།། ཤིང་ཀུན་དོང་གྲ་རུ་རྟ་མ་ནུ་དང་།། ཨ་རུ་ར་དང་སྦྱར་བས་ཤིང་ཀུན་ལྔ་པ་ཟེར།། སྙིང་དང་མཚེར་ནད་རྩིབ་ལོགས་གཟེར་བ་འཇོམ(འཇོམས)།། ཤིང་ཀུན་བཅའ་ལྒ་ཤུ་དག་ཁ་རུ་ཚ།། ཟི་ར་རུ་རྟ་མ་ནུ་ཨ་རུ་ར།། ཤིང་ཀུན་བརྒྱད་པས་དྲོད་ཆུང་ལྕགས་དྲེག་ལྷེན།། སྦོས་གཟེར་འཇོམས་དང་ལྷག་པར་མེ་དྲོད་བསྐྱེད།། ཤིན་ཀུན་ཤུ་དག་ཤུ་ཏི་བསེ་ཡབ་དང་།། སེ་འབྲུ་ཚྭ་(ཚ་)བ་ལྔ་དང་འུ་སུ་ཡ་བག་ཤ(ཡ་བཀྵ)། རྒྱམ་ཚ་ལ་ཕུད་མ་ནུ་ཟི་ར་དང་།། ཁ་རུ་ཚ་དང་ལྕེ་མྱང་ཨ་རུ་ར།། ཏི་མུ་ས་དང་བུར་དཀར་སྲང་བརྒྱད་སྦྱར།། ཤིང་ཀུན་མང་སྦྱོར་བྱ་སྟེ་ལྟོ་སྦོས་ཡི་ག་འཆུས།། བད་ཀན་སྐྱ་སྦབ་(རྦབ་)སྐྲངས་དང་དབུགས་ཀྱིས་འཚང་སྟོད་རྒྱས།། མཆིན་པ་རྩིབ་གཟེར་ལུད་པ་སྡོམ།། མཁལ་རྐད་(སྐེད་)རྐང་ལག་སྐྲང་དང་དྲི་ཆུ་དམ།། དམུ་རྫིང་སྐྲན་དང་སྐྱ་བོས་སྐྱུག་པ་སེལ།། བྱི་ཏང་ཀ་དང་ཤིང་ཀུན་མེ་(མ་)རུ་རྩེ།། གླ་རྩི་ཕུར་ཐལ་བཅའ་ལྒ་པི་པི་ལིང་།། བྱི་ཏང་བདུན་པ་བུར་དཀར་སྦྱར་བ་དང་།། གཞང་དང་ཕོ་ལོང་རྒྱུ་སྲིན་ཐམས་ཅད་འཇོམས།། ཤིང་མངར་བསེ་ཡབ་འབྲས་དང་བྱི་ཏང་ཀ། འུ་སུ་གོ་སྙོད་ཚ་གྲང་རྟས་ཕུལ་བཏང་།། ཤིང་མངར་དྲུག་པ་ཞེས་བྱ་སྐྱུག་པ་གཅོད།། ད་ཏྲིག་བཅའ་ལྒ་ཀ་དཔེ་(པེད་)པི་པི་ལིང་།། སེ་འབྲུ་ཤིང་ཚ་ཐ་རམ་ན་རམ་མོན་ཅ་(ཆ་)ར།། ད་ཏྲིག་དགུ་བྱ་ཁོང་འཁྲོག་འཁྲུ་བ་གཅོད།། ད་ཏྲིག་ཐ་རམ་ལོ་བཙན་སྨག་དང་བཙོད།། ལུག་མུར་བཙོས་ཁྲག་ད་ཏྲིག་བདུན་པ་དེས།། ཚ་གྲང་རྟས་བསྒྱུར་འཁྲུ་བ་གཅོད་པའི་སྨན།། ཡ་བག་ཤ་ར་(ཡ་བཀྵར་)ཤིང་ཀུན་པི་པི་ལིང་།། ཤིང་ཀུན་བཅའ་ལྒ་སྟར་བུ་རྒྱམ་ཚ་རྣམས།། ཀ་རའི་རྟ་སྦྱར་ཡ་བཀ་བདུན་པ་ཟེར།། བད་སྣབ་(སྣབས་)འཁྲུ་དང་སྦུ་(ལྦུ་)བ་གཞང་གཟེར་སེལ།། ཤིང་མངར་གོ་སྙོད་འུ་སུ་བསེ་ཡབ་དང་།། འབྲས་དང་བྱི་ཏང་ཚ་གྲང་རྟས་བསྒྱུར་བ།། ཤིང་མངར་དྲུག་པ་སྐྱུག་ནད་གཅོད་པ་ཡིན།། བྱི་ཏང་ཀ་དང་སྲོ་(སོ་)མ་ར་ཙ་(ཛ་)དང་།། གྲེས་འབྲུ་ཕུར་ཐལ་སྒོག་སྐྱ་མེ་(མ་)རུ་རྩེ།། གླ་རྩི་ཚ་གྲང་རྟས་བསྒྱུར་སྲིན་སྨན་མཆོག། ཁོང་སྲིན་ཁར་བླུད་མགོ་སྲིན་སྣ་ནས་བདུག། གཞང་སྲིན་སྦུ་གུ་རྒྱུད་ནས་མས་ཡར་བསྐྱལ།། པགས་པའི་སྲིན་ནི་ཕྱི་ནས་བྱུག་པར་བྱ།། རྒྱམ་ཚ་པི་པི་ལིང་དང་ལ་ཕུད་ཨ་ཟ་མོ།། ལྒ་དང་ལྔ་པོ་ཆ་མཉམ་ཐུན་ཚོད་ཅིག། ཨ་རུ་ར་བསྲེག་ཀུན་དང་མཉམ་པའི་ཐལ།། བུ་རམ་སྦྱར་བ་སྲིན་རིགས་ཀུན་ལ་བསྔགས།། སུག་སྨེ་(སྨེལ་)ལ་སོགས་འཐོར་བུའི་སྡེ་སྨན་ལ།། ཁ་འཐོར་མང་པོ་འཚོགས་(ཚོགས་)པའི་སྦྱར་(སྦྱོར་)བ་ལ།། གྲང་ནད་སེལ་བྱེད་ལྡེ་ལ་བཅུ་བདུན་ཡོད།། སྤྱི་རུ་གྲང་བ་སེལ་བའི་སྡེ་ཚན་གྲངས།། གྲང་སེལ་སེ་འབྲུའི་སྦྱོར་བ་ཉེར་བདུན་ཡོད།། གཉིས་པ་ད་ལིའི་སྡེ་ལ་སྦྱོར་བ་བཅུ་གཅིག་ཡོད།། ཀ་རན་ཛ་(རཉྫ་)ལ་སྦྱོར་བ་སྡེ་དྲུག་ཡོད།། འཐོར་བུའི་བྱེ་བྲག་སྡེ་ལ་བཅུ་བདུན་དང་།། ཀུན་དུ་སྡོམ་(བསྡོམས་)པས་དྲུག་བཅུ་(ཅུ་)རེ་ཅིག་(གཅིག་)སྟེ།། དཔེར་ན་རྒྱལ་པོའི་ལས་བྱེད་དམག་དཔུང་འདྲ།། རྒྱལ་པོ་ག་ཕུར་(པུར་)སྡེ་ལ་སྦྱོར་བ་དྲུག། བློན་པོ་གུར་གུམ་སྡེ་ལ་སྦྱོར་བ་བཅུ།། གཙོ་བོ་བརྒྱད་ལ་བཅུ་དང་ཀ་འཐོར་འབང་(འབངས)།། མང་འཚོགས་(ཚོགས་)ཉི་ཤུ་རྩ་བདུན་ཀུན་བསྡེབས་པས།། ཚ་སེལ་ཕྱེ་མ་ལྔ་བཅུ་རྩ་གསུམ་སྟེ།། ཚ་བ་གྲང་བ་གཉིས་ཀ་སེལ་བའི་སྨན།། ཕྱེ་མའི་སྡེ་ལ་བརྒྱ་དང་ཉི་ཤུ་བཅུ་བཞི་ཡོད།། དེ་རྣམས་ཀུན་ལ་སྤྱི་རུ་སྦྱར་ཐབས་ནི།། གཙོ་བོ་གང་སྨོན་(སྨྲས་)ཐུན་ཕྱེད་བསྐྱེད་པ་ལ།། ཚད་མེད་ཀུན་ནི་ཆ་མཉམ་མཉམ་དུ་བསྡུ།། ཐུན་ཕྱེད་བཤད་པའིི་གཞུང་བཞིན་མ་ནོར་སྦྱར།། ར་(རྭ་)རྣམས་གང་བཏང་དུག་ཕྱུང་རག་(རགས་)ཧྲོག་བསྲེགས།། ར་(རྭ་)ཤིང་རྡོ་བ་གང་སྲ་སྔུན་ལ་བརྡུང་།། ནུས་པ་ཞིབ་ལ་བྱུང་པས་ནན་ཏན་བརྡུང་།། ཚ་སེལ་ཐམས་ཅད་ཀ་ར་དྲུག་འགྱུར་རྟ།། གྲང་སེལ་ཐམས་ཅད་བུ་ར་(རམ་)བཞི་འགྱུར་སྦྱར།། ཚ་གྲང་འདྲེས་ན་བསིལ་དྲོད་ཆ་མཉམ་ནས།། འདུ་བ་གང་དྲག་རིག་པས་ལེགས་བརྟག་ནས།། དེའི་གཉེན་པོ་གང་ཡིན་ཆ་དྲག་སྦྱར།། ཚ་སེལ་སྨན་ཡང་ཆུ་བསྐོལ་གྲང་བས་ཕུལ།། གྲང་ངད་འཇུ་དཀའ་ཚན་མོས་ཕུལ་ཡང་རུང་།། གྲང་སེལ་སྨན་ཡང་ཆུ་བསྐོལ་ཚན་མོས་ཕུལ།། སྨན་ཞུ་ཟས་ཟ་ཟས་ཞུ་སྨན་བཏང་བཅོས།། རུལ་བེམ་འཇུ་དཀའ་གནོད་པའི་ཟས་ཀུན་སྤང་།། མེ་དང་ཉི་མ་གྲང་བའི་ནད་ལ་བསྟན།། ཚ་ལ་དེ་མིན་སྤྱོད་ལམ་གཟབ་པ་གཅེས།།

སྡུག་བསྔལ་ཞི་བྱེད་གསོ་བྱེད་ཀྱི་སྨན་འབུམ་དཀར་པོ་ལས་ཕྱི་མའི་སྦྱོར་སྡེ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།




 

མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 11:33 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།