སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་བརྒྱད་པ། རླིག་རླུགས་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 

ལེའུ་རེ་བརྒྱད་པ། རླིག་རླུགས་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག རླིག་རླུགས་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

སྤྱི་དོན་དང་པོ་རྒྱུ་རྐྱེན་ཟས་སྤྱོད་གདོན་དང་ཐུར་སེལ་འཁྲུགས། །ལམ་ལོག་རྒྱུ་སྨད་ནས་སྣེ་ས་རྩ་དང་རླིག་པར་ཞུགས་ཏེ་སྐྲངས་པར་བྱེད།།

སྤྱི་དོན་གཉིས་པ་དབྱེ་བ་རླུང་མཁྲིས་བད་ཀན་ཚིལ་གྱུར་དང༌། །གཅིན་ལས་གྱུར་དང་རྒྱུ་རླུགས་དྲུག་ཏུ་བཤད།།

སྤྱི་དོན་གསུམ་པ་དེ་རྟགས་དང་པོ་རླུང་གྱུར་གློ་བུར་གང་རྒྱས་ན། །གཉིས་པ་མཁྲིས་གྱུར་དམར་ཞིང་ཚ་ལ་དྲོད་ཆེ་རྣག །གསུམ་པ་བད་ཀན་ཟུག་ཆུང་གྲང་ཞིང་ལྕི་ལ་སྲ། །བཞི་བ་ཚིལ་གྱུར་གྲང་ཞིང་འཇམ་ལ་རྣག་པ་དཀའ། །ལྔ་བ་གཅིན་གྱུར་རླིག་འོག་འཁོར་སྐྲངས་རྐྱལ་ཆུ་འདྲ། །དྲུག་པ་རྒྱུ་རླུགས་རླུང་གིས་རྒྱུ་མ་དཀྲུགས་གྱུར་ཏེ། །སྣེ་ས་རླིག་པར་འཕུལ་ལ་སྦོ་ཞིང་གཟེར། །སྒྲ་དང་བཅས་ཤིང་བཅུག་ཀྱང་སླར་འབྱུང་འགྱུར།།

སྤྱི་དོན་བཞི་བ་བཅོས་ཐབས་དང་པོ་རླུང་གྱུར་ཤིང་མངར་འཇམ་རྩི་བཏང༌། །འབའ་ཆའི་སྣུམ་དུགས་འབྲུ་མར་བསྐུ་མཉེ་ཕྱི་རྒྱུད་ལྟར་རྩ་བ་ལྔའི་སྨན་མར་རྗེས་ལ་སྦྱར། །གཉིས་པ་མཁྲིས་གྱུར་སྐྲངས་འདུལ་བསིལ་སྨན་སྣ་ཚོགས་ཀྱིས་ལུམས་ལོང་རྩ་གཏར་སྨིན་གྱུར་རྨ་ལྟར་གསོ། །གསུམ་པ་བད་ཀན་ལས་གྱུར་སྐྱེར་པ་བ་གཅིན་སྦྲང་བླུད་བཅོ་བརྒྱད་བསྲེག །དྲོད་ཀྱི་ལུམས་རྡོ་བསྲོས་པའི་དུགས་ཀྱིས་སྨིན་བྱ་རྣག་ནས་ནག་ཚུར་རྒྱ་ཚྭ་སྦྲང་རྩིས་རྨ་ཁྲུས་བྱ། །བཞི་བ་ཚིལ་གྱུར་བྱེ་རུག་སྤང་སྤོས་བྲག་ཞུན་ཡུང་སྐྱེར་ཨར་བར་སྐྱུར་གསུམ་བརྒྱད་པའི་ལུམས་ཀྱིས་བདུག །རླིག་པ་སྲུབས་མེད་པར་ལྤགས་པ་དྲལ་ལ་ཚིལ་ཕྱུང་རྨ་བཀྲུས་བཙེམ་ཡན་ལག་བརྒྱད་པརརྨ་ནི་སྦྲང་རྩི་ནག་མཚུར་དང་། །རྒྱམ་ཚས་ངེས་པར་བསྐུལ་ལ་བཅོས་ཞེས་སོ།  །ལྡོང་རོས་སུག་སྨེལ་སྤོས་དཀར་པི་པི་ལིང༌། །གོ་བྱེ་མ་ནུ་ཁྲག་ཅན་ཏིལ་མར་བྱུག་ཅིང་འབའ་ཆའམ་འོལ་སྐོམ་སྣུམ་དུགས་བྱ། །ལྔ་བ་གཅིན་གྱུར་ལྷུང་སར་ཕུག་ལ་རྨ་ལྟར་གསོ། །སྒོ་ང་སྐྲངས་ནས་རྩ་ཡི་ཐག་པ་སྤུ་ནག་སང་གི་རྩ་བསྲེག །དྲུག་པ་རྒྱུ་རླུགས་ཕྱི་རྒྱུད་ལྟར་རྩ་བ་ལྔ་ཡིས་སྨན་མར་སྦྱར། །འཇམ་རྩི་དུགས་བསྟེན་ནང་བཅུག་རྒྱུ་ལམ་བསྲེག་ཡན་ལག་བརྒྱད་པར།  དེ་ནས་ཆུ་སོར་གནས་པ་ནི། །ཟླ་བ་ཁམ་པའི་ཁ་འདྲ་བ། །རླུང་ལམ་བགག་ཕྱིར་བསྲེགས་པར་བྱ། །ཞེས་གསུངས་སོ། སྐྲངས་པ་མ་ཞི་རྐང་པའི་སྲིན་ལག་རྒྱུས་པ་བཅད་ལ་ཡན་ལག་བརྒྱད་པར། མཐེ་བོ་ང་སྟེང་གི་རྒྱུས་པ་ནི། །སེར་པི་སྣལ་མ་འདྲ་བ་གང་། །ཁབ་ཀྱིས་བཏེག་ལ་ཐད་ཀ་རུ། །གང་ན་ཡོད་པ་དེ་བཅད་དེ། །གཞན་དག་དེ་ལས་ལོགས་གཞན་ནི། །སྲིན་ལག་སོར་མོ་བསྲེག་ཅེས་ཟེར། །ཞེས་གསུང་བསྲེག །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རླིག་རླུགས་གསོ་བའི་ལེའུ་སྟེ་དྲུག་ཅུ་རྩ་བརྒྱད་པའོ།། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:38 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།