སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་དྲུག་པ། སུར་ཡའི་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 ལེའུ་རེ་དྲུག་པ། སུར་ཡའི་ནད་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །སུར་ཡའི་སྤྱིར་སྐྲན་རིགས་འགའ་ཞིག་དང་ཁོང་འབྲས་སུར་ཡ་རྣམས་ལ་ཁྱང་པར་ཆེར་མེད་ཀྱང་། སྐྲན་ནི་མ་ཞུ་བས་བསྐྱེད་པ་ཤས་ཆེ་ཞིང་ངོ་བོ་འདྲིལ་བ་དང་། ཁོང་འབྲས་ནི་ཟས་ལ་འཁྲེན་ཞིང་ཟུག་ཆུང་ལ་ངོ་བོ་བམ་ལ།  སུར་ཡ་ནི་ཁྲག་ངན་དོན་སྣོད་ཀྱི་རྩ་དམིགས་ཏུ་འདུས་ནས་ངོ་བོ་སྐྲངས་པ་ཟུག་རྔུ་དང་བཅས་ཤིང་གཞུག་རྣག་ཏུ་སྨིན་པའོ། ནད་ལ་གྱུར་ཚུལ་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

སྤྱི་དོན་དང་པོ་གྱུར་ཚུལ་ཟས་སྤྱོད་རྐྱེན་གྱིས་ཁྲག་འཕེལ་དང༌། །མཚོན་ཁྲག་ལུས་དང་འགྲམས་ཁྲག་གཏར་མ་འཆུན། །རིམས་དུག་ཚ་བ་རྩར་བབས་མ་གཏར་བས། །ཁྲག་ངན་ཆུ་སེར་དོན་སྣོད་རྩ་མིག་འདུས། །སྐྲངས་ཤིང་བརྣགས་ན་འབྲས་ལྟར་འགྱུར་བ་ཡིན།།

སྤྱི་དོན་གཉིས་པ་དབྱེ་བ་གློ་བའི་སུརཡ་དང་མཆིན་པའི་སུར་ཡ་མཁལ་མའི་སུར་ཡ་ཕོ་བའི་སུརཡ་ལོང་གི་སུརཡ་དངལྔ།།

སྤྱི་དོན་གསུམ་པ་དེ་རྟགས་དང་པོ་གློ་བའི་སུར་ཡ་མཆན་འོག་སྐྲངས། །སྟོད་གཟེར་གློ་མང་གཉིས་པ་མཆིན་པའི་སུར་ཡ་མཆིན་སྟེང་སྐྲངས། །སྟོད་གང་ཉལ་བ་མི་ཤེས་གསུམ་པ་མཁལ་མ་ནི། །མཁལ་སྟེང་སྐྲངས་ཤིང་དྲི་ཆུ་སྲི་བ་ཡིན། །བཞི་བ་ཕོ་བ་དང་ལྔ་བ་ལོང་སྦོ་འཁྲོག་བྱེད་ཅིང་སྟེང་དུ་སྐྲངས། །ཀུན་ཀྱང་སྨིན་ནས་རྣག་ཁྲག་ཤེ་རུལ་འཛག །སྐབས་སུ་གསོག་ཅིང་གློ་སློང་ལྡང་བར་བྱེད།།

སྤྱི་དོན་བཞི་པ་བཅོས་ཐབས་ཨ་བར་སྐྱུར་གྱིས་འབྱེད་ཐང་བཏང་རྗེས་ཁྲག་མང་དུ་གཏར། །དེ་འོག་ཕྱི་རྒྱུད་ལྟར་ལྟོ་དང་རྩ་ནས་དག་པར་སྦྱང༌། །བྲག་ཞུན་འོམ་བུའི་ཁཎྜ་ནད་དམིགས་ལ་བྱུག །རྒྱུད་ཕྱི་མ་ལྟར་བདུད་རྩི་ལྔ་ཡི་ལུམས་ཀྱིས་སྐྲངས་པ་འདུལ། །ཡང་ན་མེ་ཏོག་སྣ་ཚོགས་ལུམས་སུ་གཞུག །མ་ཞི་འབམ་པོ་བྱ་བྲ་ཕུག་རོན་བྲུན་སྤྲུ་མ་ཡི། །ལུམས་ཀྱིས་རྣག་ཏུ་བཀུག་ལ་སྨིན་ནས་བརྟོལ། །སྦང་མའི་འཇིབས་བྱ་ཧྲེམ་ན་བདུད་རྩི་ལྔ་ལུམས་དང་སྤེལ། །རྣག་འབྱམས་དངུལ་ཆུའི་རིལ་བུས་སྐེམ་པ་དང༌གོང་དུ་ལེའུ་ང་དགུ་པ་ཆུ་སེར་ནད་གསོ་བའི་སྐབས། དངུལ་ཆུ་མུ་ཟི་སེང་ལྡེང་སོ་མ་ར།ཞེས་པ་ནས། སྦྲང་རྣམས་ཆུ་སེར་འཇོམས་པའོ་གཉེན་པོ་ཡིན། །ཞེས་པའི་བར་གྱི་སྦྱོར་བ་དེའོ། །དང་།རྣག་ན་གར་བབས་པ་གནས་དང་སྦྱར་བའི་ཕྱེ་མ་ནད་སྟོབས་སྦྱར། །འབའ་སམ་སྨན་མར་ལ་རྭ་ཅོ་སྣ་ཚོགས་མཁྲིས་པ་སྣ་ཚོགས་དང༌། །བཟང་ཅུ་གུར་ལི་ཛཱ་སུག་ཀ་དྲུག་སྦྲང་དང་སྦྱར་བས་སྐེམ་པར་བྱེད། །རྩ་སྒོ་རྨ་ཡི་སྟེང་དུ་མེ་བཙས་མནན། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སུར་ཡའི་ནད་བཅོས་པའི་ལེའུ་སྟེ་དྲུག་ཅུ་རྩ་དྲུག་པའོ།།  །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:36 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།