སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་དགུ་པ། རྐང་བམ་གྱི་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 

ལེའུ་རེ་དགུ་པ། རྐང་བམ་གྱི་ནད་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག རྐང་བམ་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

སྤྱི་དོན་དང་པོ་རྒྱུ་རྐྱེན་ཟས་སྤྱོད་གདོན་གྱིས་བད་ཀན་ཁྲག །འཕེལ་བས་ཤ་རུས་ཁད་ཀྱིས་ཏྲེབ་ཅན་འཐུག་པོར་སྐྲངས། །ན་བའི་ཟུག་གཟེར་ཆུང་བས་རྐང་བམ་ཡིན། །ཡན་ལག་བརྒྱད་པར། དང་པོ་ཆུ་སེར་གནས་པའམ། །ཞེས་པ་ནས། དེ་ནི་རྐང་འབམ་ཞེས་བཤད་དོ། །ཞེས་པའི་བར་དང་། དེ་ཉིད་ལས། དེ་ནི་མང་དུ་འཛག་པ་དང་། །ལོ་གཅིག་འདས་པ་སྤང་བར་བྱ། །ཞེས་དང་། ཁ་ཅིག་ལག་པ་སྣ་དང་མཆུ། །ཞེས་པ་ནས། ཡུན་རིང་དུ་ནི་གནས་པར་བྱེད། །ཅེས་པའི་བར་གསུངས་སོ། དེ་རྣམས་ནི་རྐང་ལག་རྣ་བ་མཆུ་དང་སྣ་ལ་མང༌། །དེ་ཡང་རླན་ཅན་ཡུན་དུ་འབྱུང་བ་ཡིན།།

སྤྱི་དོན་གཉིས་པ་དབྱེ་བ་རླུང་དང་མཁྲིས་པ་བད་ཀན་གསུམ། །སྤྱི་དོན་གསུམ་པ་དེ་རྟགས་དང་པོ་རླུང་གྱུར་རྩུབ་ཅིང་སྐྲངས་མདོག་ནག །གཉིས་པ་མཁྲིས་གྱུར་མདོག་སེར་ཚ་བ་སྐྱེ་ལ་རིམས་ཀྱིས་འདེབས་མགོ་རྐང་ན། །གསུམ་པ་བད་ཀན་ལྕི་ལ་ཟུག་ཆུང་གོ་ལྡོག་ཅན་གྱི་ཤ་མཛེར་ཁྱབ།།

སྤྱི་དོན་བཞི་བ་བཅོས་ཐབས་དང་པོ་རླུང་གྱུར་དུགས་གཏར་ཡན་ལག་བརྒྱད་པར། རྐང་བམ་རླུང་གྱུར་འཕེལ་བ་ལ། །སྣུམ་གྱི་དུག་བྱ་དཀྲི་བ་དང་། །ལོང་མོའི་སོར་གཉིས་གོང་དུ་བསྲེག།་གཏར་ག་གདབ་པར་བྱ་བ་དང་། ཞེས་སོ་རྒྱུན་སྦྱོངས་བྱ། །ཨེ་རཎྚ་ལར་ལོ་མ་དང་། །བ་གཅིན་སྦྱར་བ་ཟླ་གཅིག་བླུད། །ཅེས་དང་། དེ་བཞིན་དུར་བྱིད་འོ་མ་བླུད།  །ཅེས་དང་། དེས་མ་ཞི་ན་མེས་བསྲེག་བྱ་ཞེས་སོ། གཉིས་པ་མཁྲིས་པ་ལས་གྱུར་གཏར་དང་བསིལ་བས་བྱུག །ཡན་ལག་བརྒྱད་པར། མཁྲིས་གྱུར་སོར་མོའི་འོག་ཏུ་ནི། །ཁྲག་དབྱུང་མཁྲིས་པ་སེལ་ཀུན་སྦྱར། །ཞེས་སོ། གསུམ་པ་བད་གྱུར་པི་པི་ལིང་དང་ཨ་རུའི་ཐང༌། །འུ་སུ་བྲི་ཧ་ཏི་ཀཎྚ་ཀ་རི་སྨུག་པོ་དང་ཡུངས་དཀར་བྱུག །ཡན་ལག་བརྒྱད་པར། བད་ཀན་ལས་འགྱུར་མཐེ་བོང་ལ། །ཁྲག་གཏར་ནས་ནི་ཁ་ཟས་ནི། །སྦྲང་རྩི་དང་བཅས་སྨན་ཆུ་བླུད། །ཅེས་དང་། ཡུངས་དཀར་བྲི་ཧ་ཏི་གཉིས་ཀྱི།  །རྩ་བའི་ལྡེ་གུ་བྱུག་པར་བྱ། །ཡང་ན་འུ་སུའི་ལྡེ་གུ་བྱུག་ཅེས་གསུངས་སོ། །ཀུན་ལ་འབྲུ་རྙིང་ཟན་དང་སྦྲང་རྩི་བཟའ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྐང་བམ་གྱི་ནད་བཅོས་པའི་ལེའུ་སྟེ་དྲུག་ཅུ་རྩ་དགུ་པའོ།།  །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:39 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།