སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་གསུམ་པ། འབྲས་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་རེ་གསུམ་པ། འབྲས་བཅོས་པ།



ལེའུ་རེ་གསུམ་པ། འབྲས་བཅོས་པ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་དྲང་སྲོང་རིག་པའི་ཡེ་ཤེས་ལ་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །ལྷན་སྐྱེས་རྨ་གསོའི་སྐབས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་དང་།  དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག  ལྷན་སྐྱེས་རྨ་ལ་འབྲས་དང་གཞང་འབྲུམ་དང༌། །མེ་དབལ་སུར་ཡ་རྨེན་བུ་རླིག་རླུགས་དང་། །རྐང་བམ་མཚན་བར་རྡོལ་དང་བརྒྱད་དུ་བཤད། །དང་པོ་འབྲས་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

རྒྱུ་ནི་འགྲམ་འཁྲུགས་ཁ་ཟས་མ་སྨིན་པས།   །ངན་ཁྲག་རྒྱས་ཏེ་རླུང་གིས་བསྒྲིལ་ནས་འབྱུང༌།།

དབྱེ་བ་གནས་དང་ཉེས་པའི་རིགས་ཀྱིས་དབྱེ།  །གནས་ཀྱིས་དབྱེ་ན་ཕྱི་འབྲས་ནང་འབྲས་གཉིས། །ཕྱི་ལ་ཤ་རུས་རྩ་ཡི་འབྲས་དང་གསུམ། །ནང་འབྲས་གློ་སྙིང་མཆིན་མཆེར་མཁལ་མ་དང༌། །ཕོ་བ་རྒྱུ་ལོང་གཞང་དང་ལྒང་པ་དགུ། །དེ་རིགས་རླུང་མཁྲིས་ཁྲག་དང་བད་ཀན་དང༌། །མཚོན་དང་བྱེ་འབྲས་དབྱེ་བ་བཅོ་བརྒྱད་བཤད།།

དེ་རྟགས་ཕྱི་ནང་རིགས་ཀྱིས་བརྟག་པ་གསུམ། །ཕྱི་འབྲས་སྤྱི་རྟགས་རྩ་རྒྱུད་ཕྲ་ལ་འདར།  །སྐྲངས་པ་སྲ་བརྟན་ན་ཟུག་ཆུང་བ་ལ། །ལུམས་འདུལ་ཀུན་གྱིས་ཞི་བར་མི་འགྱུར་བའོ། །ཁྱད་པར་ཤ་འབྲས་ཉུང་གཤེར་འཁྱགས་པ་འདྲ། །རུས་འབྲས་རུས་པ་མདོག་འགྱུར་རྩི་ཉམས་ཟོས།  །རྣག་ཆུ་སྲོ་མ་ཁུ་ཚིགས་འབྱུང་བ་ཡིན། །རྩ་འབྲས་རྩ་ཐོག་སྐྲངས་ཤིང་འཁྱུག་ལ་འཕྲོ། །དེ་དག་གནད་སྟེང་བྱུང་བ་གསོ་བ་དཀའ། །ཁོང་འབྲས་སྐྲན་ལྟར་རེག་པ་སྲ་བའམ། །མི་མངོན་གཏིང་ནུབ་ཟས་ལ་འཁྲེན་པ་སྟེ། །སྨིན་ནས་གྱེན་ཐུར་གཉིས་ཀར་རྣག་རྡོལ་འགྱུར། །གློ་འབྲས་མིད་པ་ན་ཞིང་ཟས་མིད་དཀའ། །སྙིང་འབྲས་དྲན་པ་མི་གསལ་མུན་སྲོས་སེམས། །མཆིན་འབྲས་དབུགས་འགག་མགོ་འཁོར་སྐོམ་དད་ཆེ། །མཆེར་འབྲས་སྦོ་འཁྲོག་བྱེད་ཅིང་དབུགས་མི་བདེ། །མཁལ་འབྲས་ཆུ་སྲི་བཙིར་སྙམ་རྐེད་པ་ན། །ཕོ་བ་ལྟོ་སྦོ་ཟས་འཁྲེན་མིད་པ་ན། །རྒྱུ་ལོང་ཞུ་རྗེས་ན་ལ་སྐྱིགས་བུ་འོང༌། །གདོང་པ་རྐང་བོལ་གཡོ་ཞིང་འཁྲུ་བར་འགྱུར། །གཞང་འབྲས་གཞང་ཁ་ན་ཞིང་ཕྱེན་དབུགས་འགག །ལྒང་པ་ཆུ་འགགས་ཟུག་ཆེ་ཆུ་སོ་ན། །ཕལ་ཆེར་ཕོ་ལོང་མིད་པའི་འབྲེལ་མཚམས་མང༌། །དེ་ཕྱིར་ཕོ་བའི་ཁ་འཛིན་གཅེས་པ་ཡིན། །རླུང་གྱུར་སྦོ་འཁྲོག་མི་བརྟན་མགོ་བོ་འཁོར། །མཁྲིས་གྱུར་དམར་ཚ་མྱུར་རྣག་ཚ་བ་སྐྱེ། །བད་ཀན་མདོག་སྐྱ་སྒྲེག་ཅིང་ཟས་མི་འཇུ། །ཁྲག་ལས་གྱུར་པ་ནུ་མ་མངལ་དུ་འབྱུང༌། །རབ་ཏུ་ཚ་ལ་འབྲུམ་པ་ནག་པོས་ཁྱབ། །མཚོན་ལམ་ལ་བརྟེན་རྡོ་ལ་ཐུག་ལ་སོགས། །ཞི་ཞིང་སླར་ལྡང་རྒྱུན་དུ་གནས་པར་བྱེད། །བྱེ་འབྲས་བྱེ་སྒོང་ཙམ་སྲ་ཟུག་མེད་བརྟན།།

བཅོས་པའི་ཐབས་ཀྱང་དེ་བཞིན་རྣམ་གསུམ་སྟེ། །ཕྱི་འབྲས་དང་པོ་གདུལ་དང་བར་སྐྱོན་བསལ། །ཤ་འུ་གསོ་ཞིང་ཐ་མ་རྨེན་བརྟས་བྱ། །འབྲས་འདུལ་ཤ་ལ་མི་རུས་ཉ་ཡི་ཤ །སྤྲུ་རྩ་རེ་ལྕག་ཅོང་ཞི་དྲི་ཆུའི་ལུམས། །རུས་ལ་པི་པི་ལིང་དང་ར་མཉེ་བསྣན། །རྩ་ལ་མཚལ་དང་ཚ་ལས་བྲན་ལ་བདུག །ཡང་ན་ཤ་ལ་བདུད་རྩི་ལྔ་ཡིས་བདུག །རུས་ལ་འབའ་ཆའམ་རུས་སྣ་སྣ་ཚོགས་ལུམས༌།  རྩ་ལ་བསིལ་བའི་སྔོ་སྣས་གདུལ་བར་བྱ། །ཁ་ཟས་ཕྱོགས་མེད་འཇིག་ཟས་བཏང་ལ་བཤིག  ཐུལ་རྟགས་སྐྲངས་ཤིང་ཧྲེམ་མེད་མཉེན་ལ་བདེ། །དེ་ཡི་སྟེང་དུ་མེ་བཙའ་འཚོས་པར་བསྲེག  །ཡང་ན་སྐྲངས་འདུས་ཚ་འཁྱུག་རྣག་སྨིན་འགྱུར། །རྣག་ཕུག་འཇིབས་ཁྲུས་རུལ་བཅད་འབྱར་གྱིས་བཅོས། །སྐྱེད་མེད་བར་དུ་ཤ་རོ་སྐྱོན་བསལ་བ། །དངུལ་ཐལ་རྒྱ་ཚྭ་རུ་རྟ་བྱང་པ་བཞི། །ཡང་ན་བསེ་ཞོ་བཙན་དུག་དངུལ་ཐལ་དང༌། །སྨུག་པོ་སྦལ་རྒྱབ་དོམ་མཁྲིས་སྦྱར་བའམ། །བྱང་པ་རྒྱ་ཚྭ་རུ་རྟ་ཤུ་དག་དང༌། །ཐར་ནུ་འབྲུག་རུས་སྦྲང་སྨྱོན་ཚ་བ་གསུམ། །རྨ་མེད་ཐུར་མས་སྨན་ལམ་གཏོད་ལ་གཞུག །རྨ་ཅན་རེངས་བུའམ་ཤོག་བུ་ལ་བྱུགས་དགབ། །དམ་གྱིས་སྦྱར་ལ་ཞག་གསུམ་ཟ་རུ་གཞུག །སེར་ག་བྱུང་ནས་གསོན་གཤིན་མཚམས་སུ་བརྫངས། །འབམ་པོ་ཕུག་རོན་བྲུན་དང་སྦང་འཇིབས་བྱ། །ཡང་ན་སོ་ཐོག་ཟེ་ཚྭ་སྦྲང་སྦྱར་བཅད། །ཆོད་པ་དཀའ་ན་ལྕགས་ཀྱིས་ནོན་པར་བསྲེག །རུས་ལ་སྟག་ཤ་ལྕེ་ཚ་ཁབ་ལེན་གསུམ། །སྦྲང་སྨྱོན་སྦྱར་བྱུགས་ཆོད་དཀའ་བྲུད་དམ་བསྲེག །གསོན་གཤིན་སྤྲད་ཅིང་བྱེར་ན་མགོ་ལྟར་བཅོས། །རྩ་ལ་འབྲས་བུའི་ཐང་རྗེས་མང་དུ་གཏར། །རྩ་འབྲུམ་ཚན་དོ་འཕར་རྩ་མེ་ཡིས་མནན། །རྩ་ནས་སྦྱང་ཞིང་ཁོང་ནས་རྩ་ཁ་བསྡམ། །འཕྲོ་ཆད་ཤ་རོ་གོང་བཞིན་བསལ་བར་བྱ། །རྩ་ཁ་ཤོར་ན་དོམ་མཁྲིས་ཐལ་བ་གཉིས། །སྤྲུ་འབྲུ་བུ་རམ་རིལ་བུས་རྩ་ཁ་བགག །སྤྲུ་རྩ་ཞོ་དང་སྦྱར་བས་རྨ་ཁ་གཡོག །སྐྱོན་སེལ་དག་ནས་བཀྲུས་ལ་འཚོ་སྨན་གདབ། །སྐམས་ན་ཞོས་སྦང་རློན་ན་ཕྲུམ་སར་བཏང༌། །སྦོས་ན་ཕྱིང་མར་བརྩེ་ན་ལྷིང་རྩ་བྱ། །ཐ་མ་རྨེན་ཆགས་བརྟས་པར་བྱ་བ་ནི། །དུར་བླུག་ཀླད་པ་ཚ་དང་སྦང་གར་བྱུག །ཁྲུ་གང་འོག་ས་ཁུར་རྩ་རུས་སྣ་རྣམས། །དྲི་ཆུར་བཙོས་བདུགས་རྨེན་མི་ལྡང་བར་བྱེད། །ཁོང་འབྲས་སྨིན་ནས་གསོ་བ་དཀའ་བའི་ཕྱིར། །  སྨིན་དུ་མི་གཞུག་གསར་དུས་གསོ་བ་སྒྲིམས། །དང་པོ་སྨྱུང་བྱས་བོང་ང་བྱི་ཏང་ག །དུག་ཉུང་སྒྲོན་ཤིང་ཕོ་བ་རིས་བསྐོལ་བླུད། །སྟོབས་ཆེ་སྤོས་དཀར་དུར་བྱིད་ཨ་རུ་ར། །ཧོང་ལེན་དྲོད་སྨན་བ་ཆུ་སྦྱར་བས་བཀྲུ། །ཡང་ན་ནིམ་པ་ཧོང་ལེན་འབྲས་བུ་གསུམ། །ཤིང་མངར་པ་ཏོལ་དུར་བྱིད་ཀྱི་ལྕེ་བ། །སྲན་ཆུང་ཁུ་བ་མར་བསྐོལ་སྦྱང་བར་བྱ། །སྐབས་སུ་འཇམ་རྩི་ནི་རུ་ཧ་སྤེལ་བཏང༌། །ཀྱི་ལྕེ་བསྡུས་ཁུར་ཏིག་ཏ་བྱི་ཚེར་བ། །ཙན་དན་གླ་སྒང་ཨུཏྤལ་སྐྱུ་རུ་ར། །ལྕ་བ་ར་མཉེ་འོ་མ་མར་བསྐོལ་བླུད།།བྲག་ཞུན་གུ་གུལ་བ་གཅིན་མིག་ལ་བྱུག།སྟོན་གའི་འབམ་པོ་སོས་ཀའི་དབྱི་མོང་གཉིས། །ཁཎྜར་བྱས་ཏེ་སྣ་མ་ཚིག་པ་ལ། །བུ་རམ་བཏབ་བསྲེས་རྒྱ་ཚྭ་ཁ་རུ་ཚྭ། །ཚ་བ་གསུམ་སྦྱར་རིལ་བུ་ཁྱེའུ་སུས་བསྟེན། །འཇམ་རྩིར་བཏང་ཞིང་ཕྱི་ནས་དམིགས་ལ་བྱུགས། །དྲོད་ལ་བསྒོར་ཞིང་ཡང་ན་འཇུ་སླ་བསྟེན། །ཞིག་རྟགས་མཐོང་ནས་གང་ཉེའི་རྩ་ནས་དྲངས། །འཁྲུ་ན་སྨན་ཐུན་བསྐྱེད་པས་ཁོང་འབྲས་འཇོམས། །དེས་མ་སེལ་ན་ཨ་རུ་བ་ཆུར་བསྡུས། །གོང་བཞིན་ཁཎྜས་ཚ་གྲང་གང་ཡང་འཇོམས། །ཐ་མར་སེ་འབྲུའི་སྦྱོར་བས་ནད་རྗེས་བཅད། །ཁྱད་པར་བྲག་ཞུན་ཨ་རུ་སྤོས་དཀར་གསུམ། །གཞིར་བཞག་གློ་ལ་ཅུ་གང་ཤིང་མངར་བསྣན། །ཙན་དན་ཛཱ་ཏི་སྐྱུ་རུ་ཞོ་ཤ་སྙིང༌། །མཆིན་པར་བ་ཤ་ཀ་དང་གུར་ཀུམ་བསྣན། །མཆེར་པར་པི་པི་ལིང་དང་ལི་ཤི་བསྣན། །མཁལ་མར་བཙོད་དང་སུག་སྨེལ་སྡིག་སྲིན་བསྣན། །ཕོ་བར་ཁ་རུ་ཚྭ་དང་བཅའ་སྒ་བསྣན། །རྒྱུ་ལོང་རྒྱམ་ཚྭ་གསེར་གྱི་མེ་ཏོག་བསྣན། །ལྒང་པར་སྡིག་སྲིན་གཞང་ལ་ནི་རུས་བསུ། །དོན་སྣོད་གར་བབས་རང་རང་རྩ་ལ་གཏར། །སྨིན་ནས་རང་དོན་ནད་དེ་བཏང་སྙོམས་བཞག །ནང་ནས་སྨིན་ཚེ་ཕྱིར་འབྱུང་རྨ་ལྟར་གསོ། །རླུང་འབྲས་ཁྲུས་བཏང་རྩ་བ་ལྔ་བསྐོལ་བླུད། །ཁྲག་མཁྲིས་པུ་ཤེལ་རྩེ་བཙོད་འབྲས་བུ་གསུམ། །ཤེལ་ཏ་ཤིང་མངར་ཡུང་སྐྱེར་སྤ་ཤུག་འབྲུ། །སྨན་མར་བཟའ་བྱུག་གང་ཉེའི་རྩ་ལ་གཏར། །བད་ཀན་སྦྱངས་རྗེས་དུར་བྱིད་ཡུང་བ་ནས། །སྐྱེར་པ་ཏིལ་བྱུག་བྱེ་འབྲས་མེ་ཡིས་བསྲེག །མཚོན་འབྲས་མང་གཏར་ལུམས་དང་རུལ་གཅོད་སྦྱར། །ཆུ་ལུམས་མེ་བཙའ་ཤིན་ཏུ་བསྔགས་པར་འདོད། །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་འབྲས་བཅོས་པའི་ལེའུ་སྟེ་དྲུག་ཅུ་རྩ་གསུམ་པའོ།། །།


 

མཐའ་མའི་འདོན་ཐེངས་།: 21.12.2022 ཉིན། 9:43 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།