སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་གསུམ་པ། འབྲས་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

ལེའུ་རེ་གསུམ་པ། འབྲས་བཅོས་པ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་དྲང་སྲོང་རིག་པའི་ཡེ་ཤེས་ལ་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །ལྷན་སྐྱེས་རྨ་ཞེས་པ་ཕྱི་ནས་མདའ་གྲི་མདུང་རྭ་རྡོ་སོགས་བསྣུན་པའི་སྐྱོན་མ་ཡིན་པར་གནོད་བྱ་རང་ལ་འཛག་པ་དྲི་ང་བ་ཅན་དུ་སྐྱེས་པའོ།། རྨ་གསོའི་སྐབས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་དང་། 

དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག  ལྷན་སྐྱེས་རྨ་ལ་འབྲས་དང་གཞང་འབྲུམ་དང༌། །མེ་དབལ་སུར་ཡ་རྨེན་བུ་རླིག་རླུགས་དང་། །རྐང་བམ་མཚན་བར་རྡོལ་དང་བརྒྱད་དུ་བཤད། །དང་པོ་འབྲས་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

སྤྱི་དོན་དང་པོ་རྒྱུ་ནི་འགྲམ་དང་འཁྲུགས་དང་ཁ་ཟས་ཟུངས་སུ་མ་སྨིན་པས།   །ངན་ཁྲག་རྒྱས་ཏེ་རླུང་གིས་བསྒྲིལ་ནས་འབྱུང༌།།

སྤྱི་དོན་གཉིས་པ་དབྱེ་བ་གནས་དང་ཉེས་པའི་རིགས་ཀྱིས་དབྱེ།  དང་པོ་གནས་ཀྱིས་དབྱེ་ན་ཕྱི་འབྲས་ནང་འབྲས་གཉིས། །དང་པོ་ཕྱི་ལ་ཤ་རུས་རྩ་ཡི་འབྲས་དང་གསུམ་དེའི་སྟེང་དུ། །གཉིས་པ་ནང་འབྲས་གློ་སྙིང་མཆིན་མཆེར་མཁལ་མ་དང༌། །ཕོ་བ་རྒྱུ་ལོང་གཞང་དང་ལྒང་པ་དགུ་དེའི་སྟེང་དུ། །དེ་རིགས་རླུང་མཁྲིས་ཁྲག་དང་བད་ཀན་དང༌། །མཚོན་དང་བྱེ་འབྲས་རྣམས་བསྡོམ་པས་དབྱེ་བ་བཅོ་བརྒྱད་བཤད།།

སྤྱི་དོན་གསུམ་པ་དེ་རྟགས་ཕྱི་ནང་རིགས་ཀྱིས་བརྟག་པ་གསུམ། །དང་པོ་ཕྱི་འབྲས་སྤྱི་དང་ཁྱད་པར་གཉིས་ལས་དང་པོ་སྤྱི་རྟགས་རྩ་རྒྱུད་ཕྲ་ལ་འདར།  །སྐྲངས་པ་སྲ་བརྟན་ན་ཟུག་ཆུང་བ་ལ། །ལུམས་འདུལ་ཀུན་གྱིས་ཞི་བར་མི་འགྱུར་བའོ། །གཉིས་པ་ཁྱད་པར་ཕྱི་དང་ནང་གཉིས་ལས་དང་པོ་ཤ་འབྲས་ཉུང་གཤེར་འཁྱགས་པ་འདྲ། །རུས་འབྲས་རུས་པ་མདོག་འགྱུར་རྩི་ཉམས་ཟོས།  །རྣག་ཆུ་སྲོ་མ་ཁུ་ཚིགས་འབྱུང་བ་ཡིན། །རྩ་འབྲས་རྩ་ཐོག་སྐྲངས་ཤིང་འཁྱུག་ལ་འཕྲོ། །དེ་དག་གནད་སྟེང་བྱུང་བ་གསོ་བ་དཀའ། །གཉིས་པ་ཁོང་འབྲས་ནི་ཕྱིར་སྐྲན་ལྟར་རེག་པ་སྲ་བའམ། །མི་མངོན་གཏིང་ནུབ་ཟས་ལ་འཁྲེན་པ་སྟེ། །སྨིན་ནས་གྱེན་ཐུར་གཉིས་ཀར་རྣག་རྡོལ་འགྱུར། །བྱེ་བྲག་ཏུ་ཡན་ལག་བརྒྱད་པར། བླ་གཉན་དེ་ཡི་དབྱེ་བ་ཡང་། །གནས་ཀྱིས་དབྱེ་བ་ལས་བཤད་དོ། །ལྟེ་བར་བྱུང་ན་སྐྱིགས་བུ་སྟེ། །ཞེས་སོགས་གསུངས་པའི་དོན་ལྟར་འདིར་ཡང་གློ་འབྲས་མིད་པ་ན་ཞིང་རིལ་རིལ་ཟས་མིད་དཀའ། །སྙིང་འབྲས་སྙིང་འཕར་ཞིང་གཟེར་དྲན་པ་མི་གསལ་མུན་སྲོས་སེམས། །མཆིན་འབྲས་མཆིན་སྟེང་ན་དབུགས་འགག་མགོ་འཁོར་སྐོམ་དད་ཆེ། །མཆེར་འབྲས་སྦོ་འཁྲོག་བྱེད་ཅིང་དབུགས་མི་བདེ། །མཁལ་འབྲས་ཆུ་སྲི་བཙིར་སྙམ་རྐེད་པ་ན། །ཕོ་བ་འགྱིངས་ཞིང་ལྟོ་སྦོ་ཟས་འཁྲེན་ཟས་མི་ལེན་ཟོས་འཕྲལ་སྐྱུགས་མིད་པ་ན། །རྒྱུ་ལོང་ཞུ་རྗེས་ན་ལ་སྐྱིགས་བུ་འོང༌། །གདོང་པ་རྐང་བོལ་གཡོ་ཞིང་འཁྲུ་བར་འགྱུར། །གཞང་འབྲས་གཞང་ཁ་ན་ཞིང་ཕྱེན་དབུགས་འགག །ལྒང་པ་ཆུ་འགགས་ཟུག་ཆེ་ཆུ་སོ་ན། །ཕལ་ཆེར་ཕོ་ལོང་མིད་པའི་འབྲེལ་མཚམས་མང༌། །དེ་ཕྱིར་ཕོ་བའི་ཁ་འཛིན་སེ་འབྲུ་བཞི་པ་དང་ཟས་འཇམ་གྱིས་གཅེས་པ་ཡིན། །རིགས་ནི་རླུང་གྱུར་སྦོ་འཁྲོག་མི་བརྟན་མགོ་བོ་འཁོར། །མཁྲིས་གྱུར་དམར་ཚ་མྱུར་རྣག་ཚ་བ་སྐྱེ། །བད་ཀན་མདོག་སྐྱ་སྒྲེག་ཅིང་ཟས་མི་འཇུ། །ཁྲག་ལས་གྱུར་པ་ནུ་མ་མངལ་དུ་འབྱུང༌། །རབ་ཏུ་ཚ་ལ་འབྲུམ་པ་ནག་པོས་ཁྱབ། །མཚོན་ལམ་ལ་བརྟེན་རྡོ་ལ་ཐུག་ལ་སོགས། །ཞི་ཞིང་སླར་ལྡང་རྒྱུན་དུ་གནས་པར་བྱེད། །བྱེ་འབྲས་བྱེ་སྒོང་ཙམ་སྲ་ཟུག་མེད་བརྟན།།

སྤྱི་དོན་བཞི་བ་བཅོས་པའི་ཐབས་ཀྱང་དེ་བཞིན་ཕྱི་ནང་རིགས་རྣམ་གསུམ་སྟེ། །དང་པོ་ཕྱི་འབྲས་གསུམ་གྱི་དང་པོ་གདུལ་དང་བར་སྐྱོན་བསལ། །ཤ་འུ་གསོ་ཞིང་ཐ་མ་རྨེན་བརྟས་བྱ། །དང་པོ་འབྲས་འདུལ་ཤ་ལ་མི་རུས་ཉ་ཡི་ཤ །སྤྲུ་རྩ་རེ་ལྕག་ཅོང་ཞི་དྲི་ཆུའི་ལུམས། །རུས་པའི་འབྲས་ལ་པི་པི་ལིང་དང་ར་མཉེ་བསྣན། །རྩ་འབྲས་ལ་མཚལ་དང་ཚ་ལས་བྲན་ལ་བདུག །ཡང་ན་ཤ་ལ་བདུད་རྩི་ཤུག་པ་བ་ལུ་མཚེ་མཁན་པ་སྤང་སྤོས་ལྔ་ཡིས་བདུག །རུས་ལ་འབའ་ཆའམ་རུས་སྣ་སྣ་ཚོགས་ལུམས༌།  རྩ་ལ་བསིལ་བའི་སྔོ་སྨན་སྣ་ཚོགས་པས་གདུལ་བར་བྱ། །ཁ་ཟས་ཕྱོགས་མེད་འཇིག་ཟས་རྫོང་འཕྲང་དུ་ཁ་ཟས་ཉ་དང་ཕག་ཤ་སྒོ་ང་སྔོ་ངད་ལ་སོགས་དུས་མེད་དུ་བཏང་བས་བཤིག་ཅེས་གསུངས་བཏང་ལ་བཤིག  ཐུལ་རྟགས་སྐྲངས་ཤིང་གཞོམ་འཇོམས་ཧྲེམ་མེད་མཉེན་ལ་བདེ། །དེ་ཡི་སྟེང་དུ་མེ་བཙའ་འཚོས་པར་བསྲེག  །ཡང་ན་སྐྲངས་འདུས་ཚ་འཁྱུག་རྣག་སྨིན་འགྱུར། །རྣག་ཕུག་འཇིབས་ཁྲུས་རུལ་བཅད་འབྱར་གྱིས་བཅོས། །གཉིས་པ་སྐྱེད་མེད་བར་དུ་ཤ་རོ་སྐྱོན་བསལ་བ། །དངུལ་ཐལ་མཚལ་དངུལ་ཆུ་བཏོན་པའི་རོ་མ་དེ་རྒྱ་ཚྭ་རུ་རྟ་བྱང་པ་སྦྲང་སྨྱོན་བཞི། །ཡང་ན་བསེ་ཞོ་བཙན་དུག་དངུལ་ཐལ་དང༌། །སྨུག་པོ་སྦལ་རྒྱབ་དོམ་མཁྲིས་སྦྲང་སྨྱོན་སྦྱར་བའམ། །བྱང་པ་རྒྱ་ཚྭ་རུ་རྟ་ཤུ་དག་དང༌། །ཐར་ནུ་འབྲུག་རུས་སྦྲང་སྨྱོན་ཚ་བ་སྒ་པི་ཕོ་གསུམ། །རྨ་མེད་ཐུར་མས་སྨན་ལམ་གཏོད་ལ་གཞུག །རྨ་ཅན་རེངས་བུའམ་ཤོག་བུ་ལ་བྱུགས་དགབ། །སྟེང་དུ་ཤོག་བུ་སྤྱིན་ནག་དམ་གྱིས་སྦྱར་ལ་ཞག་གསུམ་ཟ་རུ་གཞུག །སེར་ག་བྱུང་ནས་རེང་བུ་གསོན་གཤིན་མཚམས་སུ་བརྫངས། །འབམ་པོ་ཕུག་རོན་བྲུན་དང་སྦང་འཇིབས་བྱ། །ཡང་ན་སོ་ལྕགས་སྦྲ་ཐོག་ཟེ་ཚྭ་སྦྲང་སྦྱར་བཅད། །སྨན་གྱིས་ཆོད་པ་དཀའ་ན་ལྕགས་ཀྱིས་ཤ་རོ་ཡོད་པ་རྣམས་ནོན་པར་བསྲེག །རུས་ལ་སྟག་ཤ་ལྕེ་ཚ་ཁབ་ལེན་གསུམ། །སྦྲང་སྨྱོན་སྦྱར་བྱུགས་ཆོད་དཀའ་བྲུད་དམ་བསྲེག །གསོན་གཤིན་སྤྲད་ཅིང་བྱེར་ན་མགོ་ལྟར་བཅོས། །རྩ་ལ་འབྲས་བུའི་ཨ་བར་སྐྱུར་གསུམ་ཐང་རྗེས་མང་དུ་གཏར། །རྩ་འབྲུམ་ཚན་དོརྡོ་འཕར་རྩ་མེ་ཡིས་མནན། །རྩ་ནས་སྦྱང་ཞིང་ཁོང་ནས་རྩ་ཁ་བསྡམ། །འཕྲོ་ཆད་ཤ་རོ་གོང་བཞིན་བསལ་བར་བྱ། །ཤ་རོ་བཅད་པ་རྩ་ཁ་ཤོར་ན་དོམ་མཁྲིས་ཟ་འོག་དང་འགྲོན་བུའི་ཐལ་བ་གཉིས། །སྤྲུ་མའི་རྩ་བའི་འབྲུ་བུ་རམ་རིལ་བུས་རྩ་ཁ་བགག །སྤྲུ་རྩ་ཞོ་དང་སྦྱར་བས་རྨ་ཁ་གཡོག །གསུམ་པ་སྐྱོན་སེལ་དག་ནས་བཀྲུས་ལ་འཚོ་སྨན་རྫོང་འཕྲང་དུ། ཤའུ་གསོ་བ་ལ་མུ་ཟི་མར་དཀར་བཏབ་ལ་བྱུག་ཡང་ན་ཅུ་གང་གུར་གུམ་དོམ་མཁྲིས་མཚལ་ཀ་ར་སྦྱར་བ་གདབ་ཅེས་གསུངས་གདབ། །སྐམས་ན་ཞོས་སྦང་རློན་ན་ཕྲུམ་སར་འོ་མ་དར་བར་བཅོས་པ་བཏང༌། །སྦོས་ན་ཕྱིང་མར་ཕྱིང་པ་མར་དུ་བཙོས་པ་དྲོད་འཇམ་བརླན་པ་བརྩེ་ན་ལྷིང་རྩ་ཚན་དོ་མ་རེག་ཙམ་བཟོད་མ་ཆུ་བྱ། །བཞི་བ་ཐ་མ་རྨེན་ཆགས་པ་དེ་སླར་ཡང་རོ་མ་བརྟས་པར་བྱ་བ་ནི། །དུར་བླུག་ཀླད་པ་རོ་དུར་དུ་བཅུག་ནས་ལོ་ལོན་པའི་ཀླད་རུས་ཚ་དང་སྦང་གླུམ་གར་བྱུག །ཁང་ས་ཁྲུ་གང་ཝ་ཆུ་རྒྱུན་འབབ་ཀྱི་འོག་ཐད་བྲུས་པའི་འོག་གི་འམ་གཅིན་རྨིག་དུས་རྒྱུན་འཁྱིལ་བའི་ཁྲུ་གང་འོག་གི་ས་སྔོ་ནག་དྲི་དུག་པ་དེ་ཁུར་རྩ་རུས་སྣ་རྣམས། །དྲི་ཆུར་བཙོས་བདུགས་རྨེན་མི་ལྡང་བར་བྱེད། །གཉིས་པ་ཁོང་འབྲས་དགུ་པོ་ནི་སྨིན་ནས་དུས་གསོ་བ་དཀའ་བའི་ཕྱིར། །  སྨིན་དུ་མི་གཞུག་གསར་དུས་གསོ་བ་སྒྲིམས་དགོས་པ་སྤྱི་དང་ཁྱད་པར་གཉིས་ལས། །དང་པོ་སྤྱི་ནི་སྨྱུང་བྱས་བོང་ང་བྱི་ཏང་ག །དུག་ཉུང་སྒྲོན་ཤིང་ཕོ་བ་རིས་བསྐོལ་བླུད། །སྟོབས་ཆེ་ཕྱི་རྒྱུད་ལྟར་སྤོས་དཀར་དུར་བྱིད་ཨ་རུ་ར། །གཉིས་པའང་ཧོང་ལེན་དྲོད་སྨན་པི་ལིང་བ་ཆུ་སྦྱར་བས་བཀྲུ། །ཡང་ན་ནིམ་པ་ཧོང་ལེན་འབྲས་བུ་ཨ་བར་སྐྱུར་གསུམ། །ཤིང་མངར་པ་ཏོལ་ལ་ཞོ་ཕྱེད་དུར་བྱིད་ཀྱི་ལྕེ་བ་ཞོ་རེ་རེ། །སྲན་ཆུང་སྲང་གཅིག་ཁུ་བ་མར་བསྐོལ་སྦྱང་བར་བྱ་ཆུ་ཕུལ་བརྒྱད་ཕུལ་དོར་བསྡུས་པས་ཁོང་འབྲས་སྐྲན་དང་མེ་དབལ་སྦྱོང་། །སྐབས་སུ་ཕྱི་རྒྱུད་ལྟར་འཇམ་རྩི་ནི་རུ་ཧ་སྤེལ་བཏང༌། །ཀྱི་ལྕེ་བསྡུས་ཁུར་ཏིག་ཏ་བྱི་ཚེར་བ། །ཙན་དན་གླ་སྒང་ཨུཏྤལ་སྐྱུ་རུ་ར། །ལྕ་བ་ར་མཉེ་འོ་མ་མར་བསྐོལ་བླུད།།བྲག་ཞུན་གུ་གུལ་བ་གཅིན་མིག་ལ་ནད་དམིགས་ལ་བྱུག། །སྟོན་གའི་འབམ་པོ་གླང་མདོ་ཕུད་ཀྱང་ཟེར་སོས་ཀའི་དབྱི་མོང་གཉིས། །ཁཎྜར་བྱས་ཏེ་སྣ་མ་ཚིག་པ་ལ། །བུ་རམ་བཏབ་བསྲེས་རྒྱ་ཚྭ་ཁ་རུ་ཚྭ། །ཚ་བ་སྒ་པི་ཕོ་གསུམ་སྦྱར་རིལ་བུ་ཁྱེའུ་སུས་རིམ་པས་བསྐྱེད་པ་བསྟེན། །འཇམ་རྩིར་བཏང་ཞིང་ཕྱི་ནས་དམིགས་ལ་བྱུགས། །དྲོད་ལ་ལུག་ཤ་ཉ་ཤ་གཡག་རྒོད་ཤ་གསར་འཇམ་བསྒོར་ཞིང་ཡང་ན་འཇུ་སླ་བསྟེན། །ཞིག་རྟགས་སྙིང་སོང་ཟོ་བདེ་སྨྱུག་མཆན་དུ་གསུངས་མཐོང་ནས་གང་ཉེའི་རྩ་སྟོད་ལ་སྣོད་ཀ་དང་སྨད་ལ་བྱིན་གཞུག་དང་ལོང་རྩ་ནས་དྲངས། །འཁྲུ་ན་སྨན་ཐུན་བསྐྱེད་པས་ཁོང་འབྲས་འཇོམས། །དེས་མ་སེལ་ན་ཨ་རུ་བ་ཆུར་བསྡུས། །གོང་བཞིན་ཁཎྜས་ཚ་གྲང་གང་ཡང་འཇོམས། །ཐ་མར་ཕྱི་རྒྱུད་ལྟར་སེ་འབྲུའི་སྦྱོར་བས་ནད་རྗེས་བཅད། །ཁྱད་པར་བྲག་ཞུན་ཨ་རུ་སྤོས་དཀར་གསུམ་འགྱུར་མེད། །གཞིར་བཞག་ལ་གཉིས་པ་ཁྱད་པར་གློ་ལ་ཅུ་གང་ཤིང་མངར་བསྣན། །ཙན་དན་ཛཱ་ཏི་སྐྱུ་རུ་སྙིང་ཞོ་ཤ་སྙིང༌་བརྟན། །མཆིན་པར་བ་ཤ་ཀ་དང་གུར་ཀུམ་བསྣན་རུ་ཐུང་གཡོན་པ་གཏར། །མཆེར་པར་པི་པི་ལིང་དང་ལི་ཤི་བསྣན། །མཁལ་མར་བཙོད་དང་སུག་སྨེལ་སྡིག་སྲིན་བསྣན་བྱིན་གཞུག་གཏར། །ཕོ་བར་ཁ་རུ་ཚྭ་དང་བཅའ་སྒ་བསྣན། །རྒྱུ་ལོང་རྒྱམ་ཚྭ་གསེར་གྱི་མེ་ཏོག་བསྣན་ལོང་རྩ་གཏར། །ལྒང་པར་སྡིག་སྲིན་གཞང་ལ་ནི་རུས་བསུ། །དོན་སྣོད་གར་བབས་རང་རང་རྩ་ལ་གཏར། །སྨིན་ནས་རང་དོན་ནད་དེ་བཏང་སྙོམས་བཞག ། །སྨིན་རྟགས་ནི་ཡན་ལག་བརྒྱད་པར། ཁོང་འབྲས་སྨིན་པར་གྱུར་པ་ལ། །ཁོང་པར་གནས་པ་ཕྱིར་འབུར་བར། །ཤེས་ནས་དེ་ནི་བཅིང་བར་བྱ། །གཟེར་བ་དེར་གནས་གོང་བུར་འདུག། །དེ་ངོས་བཙིར་བས་ཚོར་བ་ཆུང་། །ཚ་བ་ལ་སོགས་གྱུར་པ་ནི། །སྨིན་པ་ཡིན་པས་ཁོང་འབྲས་ནི། །བཏོན་ཏེ་རྨ་ལྟར་གསོ་བར་བྱ། །ནང་གི་ཆར་གནས་ཁོང་འབྲས་ནི། །སྨིན་པའི་མཚན་མའང་འདི་ཉིད་ཡིན། །སྨིན་ནས་བུ་ག་རྣམས་སུ་འགྱུར་ཏེ། །དེ་ནི་སྟེང་ངམ་འོག་ཏུ་འབྱུང་། །རང་བྱུང་བརྡོལ་བའི་ནད་དེ་ནི། །ཟས་ཕན་བྱིན་ཅིང་བཏང་སྙོམས་བཞག །ཞག་བཅུ་འམ་བཅུ་གཉིས་བར་དུ་ནི། །སྨན་པས་བླ་གཉན་བསྲུང་བར་བྱ། །ཞེས་གསུངས་སོ། །ནང་ནས་སྨིན་ཚེ་ཕྱིར་འབྱུང་རྨ་ལྟར་གསོ། །རིགས་ལ་རླུང་འབྲས་དུར་བྱིད་མར་གསར་གྱི་སྨན་མར་ཁྲུས་བཏང་རྩ་བ་ལྕ་ར་བ་གཟེ་ཉེ་ལྔ་བསྐོལ་བླུད། །ཁྲག་མཁྲིས་པུ་ཤེལ་རྩེ་བཙོད་འབྲས་བུ་ཨ་བར་སྐྱུར་གསུམ། །ཤེལ་ཏ་ནགས་མའི་ཐང་ཆུ་ཤིང་མངར་ཡུང་བ་དང་སྐྱེར་པ་སྤ་བ་ཤུག་པའི་འབྲུ། །སྨན་མར་བཟའ་བྱུག་གང་ཉེའི་རྩ་ལ་གཏར། །བད་ཀན་དན་ད་དོང་ག་ཁྲོན་བུ་ཤྲི་ཁཎྜ་ཨར་བར་སྐྱུར་གསུམ་བ་ཆུས་སྦྱངས་རྗེས་དུར་བྱིད་ཡུང་བ་ནས། །སྐྱེར་པ་དང་ཏིལ་སྦྱར་བྱུག་བྱེ་འབྲས་མེ་ཡིས་ཚོས་པར་བསྲེག །མཚོན་འབྲས་མང་གཏར་ལུམས་དང་རུལ་གཅོད་སྦྱར། །རང་འབྱུང་ཆུ་ཚན་མོས་ཆུ་ལུམས་དང་མེ་བཙའ་ཤིན་ཏུ་བསྔགས་པར་འདོད། །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་འབྲས་བཅོས་པའི་ལེའུ་སྟེ་དྲུག་ཅུ་རྩ་གསུམ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:34 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།