སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་གཉིས་པ། ཕྲན་བུའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 

ལེའུ་རེ་གཉིས་པ། ཕྲན་བུའི་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ཕྲན་བུའི་ནད་ཀྱི་གསོ་ཐབས་བཅོ་ལྔ་པོའི་དང་པོ་བསྟན་པ་ནི། །འདིའི་ཉྭ་ལོག་ནི་རྩ་ཤེད་མཆོར་སྐོམ་དད་ཆེ་མིག་ཕུག་ཏུ་འབྲོས་ཉྭ་རྣམས་ལོག་ཅིང་འགྱུར་འཁྲུ་སྐྱུགས་དྲག་པོ་བྱེད་ཉྭ་ལོག་གཅིག་པ་འཁྲུ་སྐྱུག་བྱུང་ན་རྐང་ལག་གི་མཐེབ་ཆེན་བཞི་དང་སྲིན་ལག་བཞིའི་སེན་མོ་བསྲེག །འདོད་ཆགས་རྩེ་མོ་བྱ་ཕོའི་ཟེ་ཁྲག་ཞེ་སྡང་ཚིལ་བུ་སྦྲུལ་གྱི་ཚིལ་བུ་དང༌། །གཏི་མུག་འཁོར་ལོ་ཕག་གི་སྣ་བནྡེའི་ངང་སེར་གྱི་མཁྲིས་པ་དང༌། །བོན་པོའི་བྱ་ཝང་བྲུན་བསྲེགས་པའི་ཐལ་བ་ལ་ལར་རྟ་ཕག་བསྲེགས་ཐལ་ཡིན་ཟེར་བའང་འདུག་འདྲེ་འཇིགས་ཐང་ཆུ་གུ་གུལ་ནག་པོ་དང༌། །བརྟན་པོའི་དྲེག་པ་དྲི་ཅན་གླ་རྩི་ལྟེ་བ་རྣམས། །བསྡོམས་བརྒྱད་ཀྱི་དྲི་ཆུར་སྦྱར་བ་ཕྱིར་བྱུག་ཁོང་དུ་བཏང༌། །ཡང་ན་བྱ་ཕོའི་ཟེ་ཕག་གི་སྣ་ངུར་པ་ངང་པའི་ཤ །རྡོ་དྲེག་གླ་རྩི་བུལ་ཏོག་ཤུ་དག་དང༌། །སུག་སྨེལ་ཆུ་གྲང་འཕུལ་བཏང་གོས་ཀྱིས་བྱིབ་ལ་རྔུལ་དབྱུང་། །ཡང་ན་སྦལ་པ་སྡིག་པ་ནག་པོ་སྟག་ཁྲ་བོ་ཕྱེ་མ་ལེབ་སེར་ཁྲ་། །གླ་རྩི་དོམ་མཁྲིས་གི་ཝཾ་བསྡོམ་བརྒྱད་དྲི་ཆུར་སྦྱར། །གུ་གུལ་ཐང་བཏང་ཉྭ་སུལ་ལྕགས་ཀྱིས་བསྲེག །སྐྱུག་ན་སྐེ་སྟོང་ཚིགས་པ་དྲུག་པ་དང་ལྷེན་སྣ་བསྲེག །སྲེ་ལོང་ཐང་བཏང་འཁྲུ་ན་ལྟེ་འོག་མཚོན་གང་དང་དེའི་གཡས་གཡོན་མཚོན་རེ་བསྲེག །དཀར་དང་མངར་སྤངས་ཁ་ཟས་བསིལ་དྲོད་ཚ་གྲང་ནད་ཀྱི་ཟོ་དང་སིངས་པོ་དང་ཆུ་སྐོལ་གྲངས་དང་རུས་ཁུ་ཐང་ལ་སོགས་གང་འཕྲོད་སྦྱར། །གཉིས་པ་མེས་འཚིག་རྨ་ལ་ཉ་ཡི་མཁྲིས་པ་དང༌། །དོམ་མཁྲིས་སྦལ་པའི་ཁྲག་དང་སྦྱར་ལ་གདབ། །ཡང་ན་བུལ་ཏོག་བྲག་སྤོས་ཕྱེ་མ་གདབ། །ཚབས་ཆེ་བ་ལ་ཁོང་དུ་ག་བུར་དང༌། །ཙན་དན་དཀར་པོ་གུར་ཀུམ་གི་ཝཾ་མཁྲིས་པ་སྣ་ཚོགས་ཚད་བཏང༌།  །ཆུ་རུག་ཤོ་མང་ཆུ་ཤོ་བ་ཞོ་བཙགས་སྦང་འཇིབ་བྱ། །ཆུ་ལ་གནས་པའི་སྲོག་ཆགས་ཀྱི་མཁྲིས་པ་མཐའ་དག་དང༌། །ག་བུར་ཅུ་གང་གུར་ཀུམ་ཧོང་ལེན་དང༌། །བུལ་ཏོག་བྲག་སྤོས་ཆུ་རྩ་རྨ་བཙིར་གདབ། །གསུམ་པ་ཁབ་བམ་མདེ་འུ་ཁོང་དུ་ཤོར་བ་ལ། །ཨ་རུ་ཆ་གསུམ་བར་རུ་ཆ་གཉིས་སྐྱུར་རུ་ཆ་གཅིག་གསུམ་གོང་མས་ཆ་བསྐྱེད་ལ། །ཁབ་ལེན་ཕྱེ་མ་སྲིན་བལ་ཆུ་སྦྱར་བཏང༌། །འགུལ་དུ་མི་གཞུག་གན་རྐྱལ་ཉལ་ལ་བསྡད། །སྲིན་གྱིས་དྲིལ་ནས་བཤང་སྒོར་འབྱིན་པར་འགྱུར། །བཞི་བ་ཤ་འམ་ཟན་ལ་སོགས་པས་བརྣངས་གྱུར་ན། །རྐང་པའི་མཁྲིག་མ་གཉིས་ནས་ལག་པས་བཟུང༌། །རྒྱབ་ཏུ་ཁ་བུབ་ཁུར་ལ་ཅུང་ཟད་སྒུར། །སྐེ་རགས་དྲིལ་བ་དང་རྡོ་ཡིས་རྐང་མཐིལ་གཉིས་སུ་བརྡེག །དེ་ནས་རོ་སྟོད་ལ་ཁུ་ཚུར་རྒྱབ་པས་ཅུར་གྱིས་འབྱིན། །ལྔ་བ་གྲེ་བར་གྲ་མ་ཟུག་ན་སྦྲུལ་ཚིལ་བྱུག །ནས་ཀྱི་ཕུབ་མའི་ཐང་བཏང་བྱ་ཤ་ཁམ་ཆེར་བཟའ། །དྲུག་པ་གྲེ་བར་རུས་པ་ཟུག་ན་གོ་བོ་ཡི། །གྲེ་བ་གྲོ་ཆང་ནང་སྦངས་ཁུ་བ་བྱིན། །བདུན་པ་ཉ་རུས་ཟུག་ན་སོ་བྱའི་ཤ་ཁུའམ།  །སྲམ་གྱི་སྣ་དང་མཆེ་བའི་ཁུ་བ་བཏང༌། །གནའ་བའི་རྭ་གསར་པ་རུའི་དུམ་བུ་མུར་བར་བྱ། །བརྒྱད་པ་སྡོམ་དང་སྡིག་པ་ཁོང་དུ་སོང་བ་ལ། །སྲད་དཀར་རམ་པ་རྩ་བ་ཆང་སྦྱར་ཁོང་དུ་བཏང༌། །དགུ་བ་ཆང་ནད་སྒ་གཡེར་ཚྭ་བཏགས་ཆང་སྦྱར་བཏང༌། །འཕྱི་མཁྲིས་དྲོན་མོ་མིད་ན་ཆང་ནད་འབྱང༌། །རི་དྭགས་ཤ་བ་དང་གནའ་བ་གང་རུང་བའི་ཁྲག་གཉིས་དྲོན་མོ་ལ། །ཚྭ་བཏབ་བཏང་ན་ཆང་ནད་གཏན་དུ་འབྱང༌། །སྔོ་སྒའི་ཚ་བ་སྨན་ཆུ་བསྟེན་པར་བྱ། །བཅུ་པ་སྣེ་འུ་སྣེ་ས་བཞིར་སྐྲངས་འབུཏ་བྱུང་ན་ལྷགས་ན་རང་གི་དྲི་ཆུ་བྱུག །ཕྱིང་པ་ཚ་ཆུར་བཙོས་པས་སྐྲངས་པ་མནན། །གང་བྱུང་ངོས་ཀྱི་མཐེ་བོའི་སེན་མོ་སེར་ཙམ་བསྲེག་མདུད་རྩའི་སྣེའི་བཤག་པ་རྐང་པའི་མཐེབ་སྲེན་བསྲེག་པར་བྱ། །བཅུ་གཅིག་པ་གཉའ་རེངས་ལྟག་དགྱེ་ཚྭ་མར་བྱུགས་ལ་མཉེ། །བཅུ་གཉིས་པ་བསེ་དྲི་ཏི་ཚ་ཞེན་རྡོ་སེར་པོ་ཤུག་པའི་ཐལ་བ་རྔུལ་སར་བྱུག །བཅུ་གསུམ་པ་རྐང་ལག་ཁ་བས་ཕྱིད་ན་ཆུ་ཡིས་བསྒྲང༌། །བཅུ་བཞི་བ་རྣ་བར་སྲོག་ཆགས་ཤོར་ན་རྒྱ་ཚྭ་དང༌། །ཤིང་ཀུན་མར་ནག་དུགས་བསྲོས་ཚུགས་ཚད་བླུག་བྱིས་པ་ལོ་བརྒྱད་པའི་ཆུ་དང་སྦྱར་བ་རྣ་བར་སོང་ན་རྣ་རིངས་ཕྲུག་པ་ནི་མན་ངག་གོ།བཅོ་ལྔ་བ་ནུ་མ་སྐྲངས་ན་ལྟོ་བཀུག་ལྕམ་འབྲུ་བྱང་གི་ཉི་འགྲིབ་ཀྱི་ཐང་གིས་དགོང་མོ་བཏང་སྦྱང༌། །ཤིང་སྤེན་མའི་ཐལ་བ་སེར་ཙམ་བསྲེགས་པ་དང་རི་དྭགས་གནའ་བའི་གཞུག་སྤུ་སེར་ཙམ་འོད་བསྲེགས་བྱས་པ་རྒྱ་ཚྭ་རྣམས། །བྱིས་པའི་ཆུ་ལ་སྦྱར་ལ་ཐོ་རེངས་བཏང༌། །སྦྱོང་བ་ཕིགས་ནས་ལུག་གི་དཔྱིའི་རུས་པ་བསྲེགས་པའི་ཐང་ལྕག་ཏུ་བཏང༌། །ཟུག་ཆེ་ན་སྤང་རྒྱན་དཀར་པོ་དྲོད་སྨན་པི་ལིང་ཤིང་མངར་ལྕག །ནུ་མའི་ཚབས་དང་སྤུ་འགགས་སྐྲངས་པ་སྦྱོང༌། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཕྲན་བུའི་ནད་གསོ་བའི་ལེའུ་སྟེ་དྲུག་ཅུ་རྩ་གཉིས་པའོ།། །དེ་ལྟར་ལེའུ་བཅུ་དགུ་ནི་ཐོར་བུའི་ནད་གསོ་བའི་སྐབས་ཏེ་བདུན་པའོ།།  །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:32 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།