སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་བཞི་པ། སྐད་འགགས་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 ལེའུ་ཞེ་བཞི་པ། སྐད་འགགས་གསོ་བ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །ཐོར་བུ་ཞེས་པས་སྡེ་ཚན་དུ་མ་འདུས་པར་དུམ་བུར་གྱུར་པའི་མིང་ཐོར་བུའི་ནད་གསོ་བའི་སྐབས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ།  ཞེས་ཞུས་པ་དང༌། 

དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ཐོར་བུའི་ནད་ལ་སྐད་འགགས་ཡི་ག་འཆུས། །སྐོམ་དད་སྐྱིགས་བུ་དབུགས་མི་བདེ་བ་དང༌། །གླང་ཐབས་སྲིན་ནད་འཁྲུ་སྐྱུག་དྲི་མ་འགགས། །གཅིན་འགགས་གཅིན་སྙི་ཚད་འཁྲུ་དྲེག་ནད་དང༌། །གྲུམ་བུ་ཆུ་སེར་རྩ་དཀར་པགས་པའི་ནད། །ཕྲན་བུའི་ནད་དང་རྣམ་གྲངས་ལེའུ་བཅུ་དགུར་བཤད་ལས། །ལེའུ་དང་པོ་སྐད་འགགས་ནད་ལ་རྒྱུ་དང་རྐྱེན། །དབྱེ་བ་རྟགས་དང་བཅོས་ཐབས་རྣམ་པ་བཞི།།

སྤྱི་དོན་དང་པོ་རྒྱུ་རྐྱེན་ཟས་དང་སྤྱོད་ལམ་གདོན་ལ་སོགས། །འདུ་བ་འཁྲུགས་པས་སྐད་འགགས་ནད་སྐྱེད་འགྱུར།།

སྤྱི་དོན་གཉིས་པ་དབྱེ་བ་རླུང་མཁྲིས་ཁྲག་དང་བད་ཀན་དང༌། །དྭངས་མ་སོགས་ཟད་པས ཟད་བྱེད་ཚོས་ཆེས་ཚིལ་གྱུར་དས་ཆད་ངལ་པའམ་ཐང་ཆད་པ་བདུན་དུ་བཤད།།

སྤྱི་དོན་གསུམ་པ་དེ་རྟགས་དང་པོ་རླུང་གྱུར་སྐད་ལ་འཕེལ་འགྲིབ་ཆེ། །གྲེ་བ་གྲ་མས་གང་སྙམ་རྩུབ་ལ་ཚ། །གཉིས་པ་མཁྲིས་གྱུར་གྲེ་བ་ཚ་སྐམ་ཚིག་མི་ཐར། །གསུམ་པ་ཁྲག་གྱུར་དྲག་ཤུལ་བཅུད་གནོད་གྲེ་བ་དམ། །བཞི་བ་བད་ཀན་མགུལ་པ་འགག་ལ་སྐད་དམའ་འཛེར། །ལྔ་བ་ཟད་བྱེད་དུ་བས་བདུགས་དང་བྲུད་སྙམ་སེམས། །དྲུག་པ་ཚིལ་གྱུར་སྐད་འགགས་ཚོ་ཆེས་ལས་ཤེས་བྱ། །བདུན་པ་དས་ཆད་གྲེ་བ་ན་ལ་སྐད་མི་ཕྱིན།།

སྤྱི་དོན་བཞི་བ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་བཅོས་ཅུ་གང་ཤིང་མངར་སྤང་རྒྱན་དཀར། །རུ་རྟ་རྒུན་འབྲུམ་ཀ་ར་སྦྱར་ལ་བཏང༌། །ཨ་རུ་ཅུ་གང་ཤིང་མངར་སྤང་རྒྱན་དཀར། །སྲོ་ལོ་སུག་སྨེལ་ལི་ཤི་ཀ་ར་སྦྱར། །ཡང་ན་བསིལ་ཅུ་གུར་ལི་གསུམ་ཤིང་མངར་རྒུན་འབྲུམ་ཤིང་ཚ་དང༌། །སྤང་རྒྱན་ཀ་ར་སྐད་འགགས་ཀུན་ལ་ཕན། །གཉིས་པ་བྱེ་བྲག་དང་པོ་རླུང་གྱུར་འབྲས་ཆན་བུ་རམ་མར། །སྦྱར་ཟོས་རྗེས་ལ་ཆུ་ཚན་བཏུང་བར་བྱ། །སྣུམ་ལྡན་དུགས་བྱ་འོ་ཐུག་མར་བཏབ་བླུད། །གཉིས་པ་མཁྲིས་གྱུར་པ་ལ་རྒྱ་ཤུག་གཙང་འགྲམ་དུ་སྐྱེ་བའི་ཤུག་པ་སེར་པོ་ཤུག་ཐོག་ཁྲོ་ཞལ་ལྟ་བུ་ཡོད་པ་དེ་ཡིན་དྲི་བཟང་ཤིང་ཚ་སུག་སྨེལ་གུ་སུ་གེ་སར་བཞི། །རྒྱམ་ཚྭར་བཅས་བསྐོལ་སྣ་ཡི་སྨན་དུ་བཏང༌། །ཤིང་མངར་ཞུན་མར་འབྲས་ཐུག་བཅས་པ་བླུད། །སྤང་རྒྱན་(ཤིང་མངར་བོང་དཀར་)གསུམ་ཐང་ཅུ་གང་ཀར་བཏབ་བཏང་། །གསུམ་པ་ཁྲག་གྱུར་སྐྱུ་རུའི་ཐང་བཏང་སྐྱོར་གོང་གཏར། །བཞི་བ་བད་གྱུར་ཚ་བ་སྒ་པི་ཕོ་དབྱི་ཙི་ལྔ་དང་ཡ་བཀྵ། །ཨ་རུ་ར་དང་སྦྲང་རྩི་སྦྱར་བ་ཡིན། །ནས་ཐུག་པི་པི་ལིང་དང་བཅས་པ་བཟའ། །སེལ་དཀའ་རི་ཤོ་སྤྱང་ཚེར་སོ་ཆ་ཀྱི་འབྲུ་སོགས་སྐྱུག་སྨན་རྣོན་པོས་སྦྱངས་རྗེས་ཚིགས་པ་གསུམ་པ་བསྲེག །ལྔ་བ་ཟད་བྱེད་ལས་བྱུང་ཨར་ནག་བར་སྦྱར་སོགས་ཡིད་ལ་འཐད་པའི་དུ་བ་སྣ་སྨན་བཏང༌། །ཤིང་ཚ་སུག་སྨེལ་དྲོད་སྨན་པི་པི་ལིང་ཅུ་གང་དང༌། །ཀ་ར་རིམ་བསྐྱེད་སྦྲང་སྦྱར་ལྡེ་གུ་བཏང༌། །དྲུག་པ་ཚིལ་གྱུར་ཉམ་སྨད་ཟས་སྲན་མ་སོགས་སྨན་བྱི་རུག་གུ་གུལ་སོགས་རྩུབ་བཅོས་བསྟེན། །བདུན་པ་དས་ཆད་ཤ་ཁ་ར་བུ་རམ་གྱི་ཁ་དྭངས་ཡིན་མ་རྙེད་ན་བྱེ་མ་ཀ་ར་དང་སྦྲང་རྩི་སྦྱར། །རོ་མངར་བའི་སྨན་ཆེ་ཚོགས་སྦྱར་བ་དང་ལྷན་ཅིག་བསྐོལ་ལ་བཏུང༌། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྐད་འགགས་གསོ་བའི་ལེའུ་སྟེ་བཞི་བཅུ་རྩ་བཞི་པའོ།། །།

 

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:14 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།