སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ཞེ་བཞི་པ། མོ་ནད་གཙོ་བོ་སྤྱི་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ཞེ་བཞི་པ། མོ་ནད་གཙོ་བོ་སྤྱི་བཅོས་པ། 

དེ་ནས་ཡང་འཙོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །ལུས་ཀྱི་ཁྱད་པར་མོ་ནད་ནད་ལྷག་ནི། །སྤྱི་དང་བྱེ་བྲག་ཕལ་པ་གསོ་ཐབས་གསུམ། །དུག་གསུམ་འབྱུང་བ་བཞི་ལས་གྲུབ་པའི་ལུས། །སྔོན་ལས་ཆགས་པའི་དབང་གིས་ཕོ་མོར་སྣང་། །བསོད་ནམས་དམན་པས་ཟ་ན་མོའི་ལུས། །ནུ་མ་མངལ་དང་ཟླ་མཚན་ཁྱེད་[ཁྱད་]པར་ལྷག །ལུས་ཟུངས་ཕྱི་མ་ཁུ་བ་དཀར་དམར་གཉིས། །ཟླ་མཚན་དམར་པོ་བཅུ་གསུམ་ལོན་ནས་རྒྱུ། །མངལ་ནས་[ནང་]ཁུ་བ་འཛིན་ཅིང་བུ་བསྐྱེད་[སྐྱེད་]གསོ། །དཀར་པོ་ནུ་ལ་ཞོ་གྱུར་དེའི་གསོས། །དེ་ལ་སྔོན་ལས་ཟས་སྤྱོད་གདོན་རྐྱེན་གྱིས། །མངལ་ནད་ལྔ་དང་རྩ་ནད་བཅུ་དྲུག་དང༌། །སྐྲན་ནད་དགུ་དང་སྲིན་བུའི་ནད་རིགས་གཉིས། །མོ་ནད་གཙོ་བོ་སུམ་ཅུ་རྩ་བཞི་[གཉིས་]དང༌། །ཕལ་པའི་ནད་བརྒྱ་བཞི་བཅུ་རྩ་གཉིས་འགྱུར། །སྐྱེ་བ་བསོད་ནམས་ཆུང་བས་བུ་[བུད་]མེད་ལུས་ལ་ལྷག །དེ་ཡང་མོ་ནད་སྤྱི་དང་བྱེ་བྲག་དང་། །ཕལ་པ་དང་ནི་གསུམ་གྱིས་བསྟན་པར་བྱ། །མོ་ནད་སྤྱི་ལ་དབྱེ་བ་དེ་ཡི་རྒྱུ། །རྟགས་དང་བཅོས་ཐབས་རྣམ་པ་བཞིས་བསྟན་ནོ། །དབྱེ་བ་ཁྲག་ཚབས་རླུང་ཚབས་རྣམ་པ་གཉིས། །དེ་རྒྱུ་དང་པོ་ཟླ་མཚན་ལས་བྱུང་ཕྱིར། །གསར་པའི་དུས་ལ་ཁྲག་ཚབས་ཞེས་ཀྱང་བྱ། །རྙིང་ནས་རླུང་དང་བསྡོམ་[བསྡོངས་]པས་རླུང་ཚབས་སོ། །གཉིས་པ་དེ་རྟགས་ཁྲག་ཚབས་སྤྱིའི་མཚན་ཉིད་ནི། །རྐེད་སོ་མན་ཆད་རུས་པས་[པ་]ཁོལ་ཞིང་ཚ། །རྒྱུ་ཞབས་ཚ་ནས་མཆིན་དྲི་གཟེར་ཞིང་ན། །རྩ་རྣམས་འཁྱུག་ཅིང་ཤུ་བ་འབྲུམ་ཕྲན་འོང༌། །མངལ་ཁྲག་འཛག་གམ་འཁྱིལ་དང་རྣག་ཏུ་འགྱུར། །རླུང་ཚབས་རུས་པ་འཁོར་[ཁོལ་]ཞིང་སྙིང་མི་དགའ། །མགོ་འཁོར་མགོའི་རུས་པ་གྲངས་[གྲང་]ཞིང་བསིལ། །ལུས་ཀུན་བསིལ་ཞིང་ཤ་མདངས་བར་ན་ན། །རྣག་ཁྲག་གཡོ་ཞིང་སྦོས་ལ་སྦྲིད་པ་དང༌། །མིག་འགྲིབ་བསྙོ་[སྨྱོ་]ཞིང་འབོག་ལ་བརྗེད་ངས་ཆེ། །ཆུ་སོ་རྒྱུ་ཞབས་བསྡམ་ཞིང་ཟ་ཁུར་བབས། །ཟླ་མཚན་མི་ཆོད་རྒྱུན་དུ་འབྱང་བར་བྱེད། །བཞི་པ་བཅོས་ཐབས་བཅུད་གཤེར་ཁྲུས་གཤེར་གཉིས། །ཁྲག་ཚབས་ཁྲུས་གཤེར་དག་གི་བཅོས་ཐབས་ནི། །ཁྲུས་གཤེར་ལ་ཡང་ལྟོ་གཤེར་རྩ་གཤེར་གཉིས། །ལྟོ་གཤེར་ལ་ཡང་ཆེན་པ་[པོ་]ཆུང་ངུ་གཉིས། །རྩ་གཤེར་ནང་དང་ཕྱི་རུ་གཤེར་[ཤེས་]པར་བྱ། །དང་པོ་ཁྲུས་གཤེར་སྔོན་འགྲོ་སྣུམ་ཆོས་[འཆོས་]བྱ། །དངོས་གཞི་ལྟོ་གཤེར་ཆེན་པོ་སྦྱོར་བ་ལ། །ཨ་རུ་མཆུ་བསྙུང་[སྙུང་]ཆུ་ཕུལ་གང་ལ་བསྡུ། །དེ་ནས་ཧ་རི་ཏ་ཀ་ལྕིམ་[ལྕུམ་]རྩ་དང་། །ཤིང་ཚ་འཐུག་པོ་སོར་[སོ་]སོར་བསྐོལ་བྱས་ནས། །ཞོ་དང་ཁྲག་ཚོད་ཙམ་བསྡུ་གྲང་ནས་བསྲེ། །ལྒེ་ཤོར་[སྒེ་གཤེར་]ཞོ་གཉིས་ཤིང་ཚ་ཞོ་རེ་དང་། །འོལ་མོ་ཆོ་ལ་[ལོ་]ཙམ་རེ་ཁྲོན་བུ་དང་། །རྒྱམ་ཚ་དྲི་བྲོ་ཙམ་དང་དུར་བྱིད་མཛུབ་ཚིག་[ཚིགས་]ཙམ། །དེ་རྣམས་ཁ་ཚར་བཏབ་ནས་ཕྱིད་སྤྲོད་ཁྱེར་ལ་བཏང་། །སློང་དང་སྦྱོང་བྱེད་གཉིས་སུ་བཅད་ལ་བཏང༌། །ལྟོ་གཤེར་ཆུང་ངུ་གར་པ་ཙན་དྷ་[གབྷ་ཙཎྜ་]ལི། །ཏྲི་བྱིད་[བྱི་]ཏྲ་དང་ཧ་རི་ཏ་ཀ་སོགས། །ཤིང་ཚ་རྒྱམ་ཚ་ལྒ་[སྒེ་]གཤེར་ཆ་ཉམས་[མཉམ་]ནས། །ཞིབ་བཏབ་[བཏགས་]ལྕིམ་[ལྕུམ་]རྩ་བསྡུས་ཁུར་བཏབ་ལ་བཏང་། །ལྕགས་[ལྕག་]དང་ལོག་གནོན་རྗེས་གཅོད་སྤྱི་དང་མཐུན། །ཟླ་མཚན་འཁྱིལ་དང་མངལ་སྐྲན་བུ་རོ་རྣག །ཁྲག་ཚབས་མ་ལུས་མངལ་སྐྲན་[སྐྱོན་]སེལ་བར་བྱེད། །རྩ་གཤེར་སྔོན་འགྲོ་ལྒ་ཤེར་[སྒེ་གཤེར་]ཐང་བཏང་ཞིང་། །མེ་ཏོག་གྲོག་ཞིང་བྷ་[འབའ་]ཆ་བྱ་གྲ་[བྲ་]རྣམས། །གང་རུང་ཆང་བཙོས་རྒྱུ་ཞབ་[ཞབས་]ན་པ་[སར་]བདུག །ཁྲུས་དང་བསྐུ་མཉེ་བྱས་རྗེས་བྱང་པ་དང༌། །གསེར་གྱི་བྱེད་[བྱེ་]མ་བཞི་ཆ་ཤིང་ཚ་དང་། །སུག་སྨེ་[སྨེལ་]དཀར་རྩི་བཞི་ཆ་མཐིང་ཤུན་དང་། །ལོ་བརྒྱད་ལོན་པའི་ཆུ་ཡི་རྟ་ལ་སྐྱོན་[བསྐྱོན]། །བྱ་ཐབས་ལག་ལེན་རྩ་སྦྱོང་སྤྱི་དང་མཐུན། །ཕྱིའི་རྩ་གཤེར་ཆེན་པོ་ཆུང་འབྲིང་གསུམ། །ཆེན་པོ་རྒྱ་ཚ་རྒྱམ་ཚ་ཤིང་ཚ་ཁ་རུ་ཚ། །སྲན་མ་ཙམ་རེ་རྒྱ་རུ་བསེ་དང་། །བཙོས་[གཙོད་]རུ་ཤ་རུ་[དན་ད་]དུར་བྱེད་[བྱིད]དང་། །དྷི་[དེ་]བ་དྷ་[ད་]རུ་ད་བྱིད་བྱ་མ་བྱིལ་གྱི་[བྱིའི་]གཞུག་སྒྲོ་བཅས་། །སུག་སྨེ་[སྨེལ་]རྡོ་དྲེག་བུལ་ཐོག་[ཏོག་]དུད་པ་རྣམས། །བུར་སྨུག་སྦྱར་བའི་རིལ་བུ་མངལ་དུ་བསྐྱལ། །འབྲིང་པོ་སུག་སྨེ་[སྨེལ་]ཐུན་གཅིག་རྒྱ་ཚ་དང་། །ཚ་བ་གསུམ་དང་འབྲས་བུ་གསུམ་ཏེ་དན་དྷ་[ད་]གསུམ། །དུར་བྱིད་ཡ་བག་ཤ་[བཀྵ་]ར་ཐུན་ཅིག་ཕབས། །བ་སྤྲུལ་[སྤྲུ་]རིལ་མ་ཙམ་དང་ཤུག་ཚར་[ཚེར་]འཁྱོར་[ཁྱོར་]གང་དང་། །སྦྲང་དང་བུ་རམ་གོར་ཅིག་[གོང་བཞིན་]སྦྱར་ཏེ་བཏང་། །ཆུང་བ་གུར་གུམ་ཐུན་གཅིག་རྒྱ་ཚ་ལུག་རིལ་ཙམ། །སུག་སྨེ་[སྨེལ་]ཏུན་གཅིག་བྱང་བ་སེར་ཁྲ་ལྔ། །དུར་བྱིད་ཞོ་གཅིག་བུལ་ཏོག་གྲི་རྩེ་གང། །བུར་[བུ་]རམ་གོར་ཅིག་སྦྱར་བའི་རིལ་བུ་འམ། །ཁུ་བ་མངལ་དུ་གཅེ་འུས་བསྐྱལ་ལ་བཏང་། །རྒྱུ་ཞབས་དུགས་ཀྱིས་གསོ་[བསྲོ་]ཞིང་ལག་པས་མཉེ། །ཟུང་[ཟུག་]ལངས་འཇིགས་མི་དགོས་ལ་འགོར་བ་ན། །གཅེ་བུ་[གཅེའུ་]བཅུག་ནས་ཕྱིར་ལ་འདྲེན་པ་ཡིན། །མངལ་ཁྲག་འཁྱིལ་དང་མངལ་སྐྲན་བུ་རོ་ལུས། །མངལ་ནད་ཁྲག་འབབ་མ་ལུས་སྦྱོང་བར་བྱེད། །གཉིས་པ་རླུང་ཚུབས་[ཚབས་]བཅུད་གཤེར་དག་གིས་བཅོས། །དེ་ལ་ཤ་བཅུད་ཆང་བཅུད་སྨན་བཅུད་གསུམ། །ཤ་བཅུད་སྦྱར་ཐབས་ལུགས་[ལུག་]ཐོང་ཚན་[ཚོན་]པོ་ཡི། །ལྕ་[ལྕེ་]དང་ཨོལ་བ་ནམ་ཙོང་[ཚོང་]སྨེན་[རྨེན་]བུ་བྲང༌། །ལྟག་པ་དགུ་[གུང་]རྩིབ་བཞུགས་[གཞུག་]ཐུང་རླིགས་[རླིག་]པ་མིག །འབྲག་[འབྲག་]དང་རྐང་བཞག་ཡ་[ཉྭ་]གཞི་ཞིབ་བརྡུངས་ནས། །འབྲི་མར་བརྙིང་[རྙིང་]པ་ཕུལ་དོ་ལུང་རྡོང་[རྡོར་]བསྐོལ། །ཁོལ་དུས་ཤ་རྣམས་བཏབ་ལ་སྣར་ཙམ་བཙོ། །དེ་ལ་གར་ཆང་ཕུལ་དོ་བླུག་ལ་ཚ་གསུམ་བཏབ། །ཤིང་ཀུན་ཤེད་ནས་ཆུ་དང་སྦང་པའམ། །ཆུ་དང་མ་འདྲེས་ཁྲག་ཕུལ་གང་བླུག་གསོ། །རིམ་པས་གཅིག་ཁོལ་གཅིག་བླུག་སྣར་ཙམ་བཙོ། །དེ་ནས་ལུག་གི་ས་བྱིངས་བསྲེས་ནས་བཙོས། །སུམ་ཡར་བརྟེན་[བསྟེན་]ལ་སྐོམ་དུས་གར་ཆང་བླུད། །ལུས་གྲང་བསེར་བུ་མི་བཏང་རླུང་ཚབས་འདོན། །འཆང་[ཆང་]བཅུད་ཙ་བ་གསུམ་དང་སུག་སླེ་[སྨེལ་]དང་། །མ་ནུ་བཏབ་ནས་རླུང་དུས་བཏང་བ་ཡིན། །ཡང་ན་ནས་དང་གཟེ་མའི་བསྲེས་ཆང་བུར་ཁའི་བསྲིང་[བསྲེས]། །མར་ཆང་བུ་རམ་སྦྲང་ཆང་ཆང་ལ་བཏབ། །འོ་དྲོད་ཙམ་བསྲེས་ཞག་གསུམ་བསྣན་ལ་བཏང་། རུས་ཆང་བཅུད་ཅན་རུས་པ་ཀུན་བསྡུས་བསྐོར། །ཚང་ཏིགས་ལྔ་པོས་རླུང་ཚབས་སེལ་བར་བྱེད། །སྨན་བཅུད་ལ་ནི་ཁྲག་བཅུད་མང་[མར་]བཅུད་གཉིས། །ཁྲག་བཅུད་གནག་ལུག་གང་ཏུང་ཤི་བ་ཡི། །ཤ་ཚིལ་ཁྲག་ནི་རུས་ཁུ་བསྲེས་པ་ལ། །ཤིང་ཚ་བཏབ་བསྐོལ་ཕོག་ནས་གྲང་བའི་དུས། །སྙུག་ཤུན་ལྕིམ་[ལྕུམ་]རྩ་རྒྱམ་ཚ་ཚ་བ་གསུམ། །བཏབ་སྟེ་འཇམ་བསྲོས་མ་སུམ་པ་རུ་བསྟེན། །ཡང་ན་བོང་ཁྲག་ཆུ་མ་ཕོག་པའི་ནང༌། །ལྒ་དང་ཤིང་ཚ་སུག་སྨེ་[སྨེལ་]སླེ་ཁྲེས་[ཏྲེས་]དང་། །སྲ་འབྲས་སྲིན་དང་རྒྱ་ཚ་ལྕིམ་[ལྕུམ་]རྩ་རྣམས། །བཏབ་ནས་དཀྲུགས་སྦྱངས་ཁོལ་བའི་དུས་ཚེད་ལ། །རུས་ཁུ་འཚོགས་ཚད་བླུག་ནས་ཁྱེ་པུས་[ཁྱེའུ་སུས་]འཁྱོར་[ཁྱོར་]རེ་བསྟེན། །མར་བཅུད་རྩ་བ་ལྔའི་སྨན་མར་ལ། །སྦྲང་དང་བུ་རམ་ཁ་ཚའི་[ཚར་]སྨན་དང་སྦྱར། །ཐོ་རངས་ཕྱི་འཕྲད་[འཕྲེད་]བསྟེན་པས་རླུང་ཚབས་འདོན། །ཞེས་གསུངས་སོ།།

              གསོ་བྱའི་ནད་འབུམ་ནག་པོ་ལས་མོ་ནད་གཙོ་བོ་སྤྱི་བཅོས་ཀྱི་ལེའུ་སྟེ་བཞི་བཅུ་ཞེ་བཞི་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:20 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།