སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་དགུ་པ། གླང་ཐབས་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 

ལེའུ་ཞེ་དགུ་པ། གླང་ཐབས་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག གླང་ཐབས་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

སྤྱི་དོན་དང་པོ་རྒྱུ་རྐྱེན་མ་ཞུ་བ་དང་མི་འཕྲོད་ཟས། །རྔུལ་གྲང་སྲིན་འཁྲུགས་གདོན་ལས་འབྱུང་བར་བྱེད།།

སྤྱི་དོན་གཉིས་པ་དབྱེ་བ་གནས་དང་ནད་རིགས་རྣམ་པ་གཉིས། །དང་པོ་གནས་ནི་དོན་གླང་སྣོད་གླང་རྩ་གླང་གསུམ། །དང་པོ་དོན་གླང་མཆིན་གླང་མཆེར་གླང་རྣམ་པ་གཉིས། །གཉིས་པ་སྣོད་གླང་ཕོ་བ་རྒྱུ་མ་ལོང་དང་གསུམ། །གསུམ་པ་རྩ་གླང་ཕྱི་རྩ་ནང་རྩའི་གླང་ཐབས་གཉིས། །གཉིས་པ་རིགས་ནི་ཚ་གྲང་སྲིན་དང་གཉན་གླང་བཞི། །དང་པོ་ཚ་གླང་མཆིན་མཆེར་གཉིས་ཀྱི་ཁྲག་འཁྱགས་དང༌། །ཁྲག་དང་མཁྲིས་པ་ཕོ་ལོང་ལྷུང་ལས་འབྱུང༌། །གཉིས་པ་གྲང་གླང་ཕོ་བར་མ་ཞུ་ལྷུང་བ་དང༌། །རྒྱུ་ལོང་ནང་དུ་ཐུར་སེལ་འཁྱིལ་ལས་འབྱུང༌། །གསུམ་པ་སྲིན་གླང་ཕོ་ལོང་གཉིས་སུ་སྲིན་འདྲིལ་ལ། །བཞི་བ་གཉན་གླང་ཕོ་བ་རྒྱུ་མར་གཉན་བབས་པའོ།།

སྤྱི་དོན་གསུམ་པ་དེ་རྟགས་དང་པོའི་དང་པོ་མཆིན་གླང་གཡས་ངོས་མཆིན་སྟེང་གཟེར།  །རྔུལ་གྲང་རྗེས་ལ་ནད་ལྡང་རྩ་ཆུ་ཚ། །གཉིས་པ་མཆེར་གླང་མཆེར་སྟེང་རྩིབ་ཐུང་གཟེར་བ་དང༌། །སྦོ་འཁྲོག་བྱེད་ཅིང་ཆུ་གྲང་འཐུངས་ན་ན། །གཉིས་པའི་དང་པོ་ཕོ་བ་གླང་ཐབས་ལྷེན་སྣའི་འོག་ཏུ་ན། །གཉིས་པ་རྒྱུ་མའི་གླང་ཐབས་ལྟེ་བའི་འོག་ཏུ་ན། །གསུམ་པ་ལོང་གླང་ལྟེ་བའི་གཡས་གཡོན་ཐད་ཀར་ན། །གསུམ་པའི་དང་པོ་ཚ་གླང་རྒྱུ་རྐྱེན་ཚ་བས་བསླང་བ་དང༌། །ལུས་རྔུལ་གསུས་པ་ཆུང་ལ་ལྡང་དུབ་བྱེད། །གང་བབས་སུ་ཁྲག་གམ་མཁྲིས་པ་འཁྲུ་སྐྱུག་ཚུལ་སྟོན་རྩ་ཆུ་ཚ། །ཁྱད་པར་ཕོ་བ་ལོང་དུ་ཁྲག་ལྷུང་ན། །གྲང་རྗེས་ན་ཞིང་སྒྲེག་ལ་སྐྱུག་ཚུལ་སྟོན། །རོ་རྒྱབ་མཆིན་དྲི་སྦྲག་ཅིང་ཕ་བ་ཚ་རུམ་བྱེད། །མཁྲིས་པ་ལྷུང་ན་ཁ་སྐམ་སྐོམ་དད་ཆེ། །ཁ་ཁ་མཁྲིས་པར་སྐྱུག་པའི་ཚུལ་བྱེད་ཅིང་གཟེར་འབྱུང་སྒྲེག །གཉིས་པ་གྲང་གླང་རྒྱུ་རྐྱེན་གྲང་བས་ལྡང་བ་ལ། །སྦོ་ལྡེང་ལྡང་དུབ་མེད་པར་ཐེར་ཟུག་ན། །ཟས་མ་ཞུ་བད་ཀན་སྐྱུག་ཅིང་གྲང་རྔུལ་བྱེད། །ཁྱད་པར་མ་ཞུ་བ་སྐྱུག་ན་མི་འཕྲོད་ཟོས་རྗེས་ལྡང༌། །རུས་སྒྲེག་མང་ཞིང་སྐྱུག་ལ་ཟོས་ཐོག་ན། །ལོང་དུ་སྨུག་པོ་འཐབ་པའི་གླང་ཐབས་ནི། །ཐུར་རླུང་མི་ཐོན་པར་ཡར་གྱེན་ཕར་འབོར་ཚུར་འབོར་རྒྱུ། །འགྲངས་དང་མཚན་མོའི་དུས་སུ་ཁྱད་པར་ན། །ལྟོགས་ཤིང་ཉིན་མོའི་དུས་ན་ཅུང་ཟད་བདེ། །རྒྱུ་མར་ཐུར་སེལ་འཁྱིལ་བས་ཕྱེན་མི་ཐོན་པའི་། །རླུང་གྱེན་དུ་འཁྱིལ་ཞིང་འུར་འཁྲོག་གམ་སྦོ་འཁྲོག་བྱེད་ཧྲིལ་ཧྲིལ་ན། །ཚབས་ཆེ་རླུང་གིས་གཅུས་ཤིང་རྔུ་མ་འཁྲིལ་ན་སྤང༌། །གསུམ་པ་ཕོ་ལོང་སྲིན་གླང་དཀར་མངར་གྲང་རྗེས་ན། །དྲུ་བུར་འདྲིལ་ལམ་ཚ་ལ་འབུགས་སྙམ་བྱེད། །ལྡང་དུབ་ཆེ་ལ་ཞི་དུས་བདེ་ལངས་དུས་སྲན་གླགས་མེད། །བཞི་བ་ཕོ་བ་རྒྱུ་མར་གཉན་བབས་གྲིས་དཀྲུགས་འདྲ། །ཕོ་བ་ཆུང་དུ་སོང་བ་ལྟར་སྒྲིམས་ལ་ཉྭ་འབྲོས་བ་སྤུ་ལྡོག །རྩ་ཤེད་ཉམས་པས་ནང་དུ་འཇུར་རྣ་བ་མཁྲང་ཆ་ཉམས་པས་སླེབ་ཅིང་མིག་གི་རྫི་མ་ཆག་སྟེ་ཐུར་དུ་ཞོལ་བའོ།གསུམ་པའི་དང་པོ་ཕྱི་རྩ་གླང་ཐབས་ལྟེ་བའི་ཟུར་གཉིས་འཕར། །གཉིས་པ་ནང་རྩ་གླང་ཐབས་སྲོག་རྩ་གཟེར་འཁྲུག་འཕར།།

སྤྱི་དོན་བཞི་བ་བཅོས་ཐབས་དང་པོའི་དང་པོ་མཆིན་གླང་གྲོག་ཞིང་བྲག་གམ་གྱང་རྙིང་ལོགས་སུ་བེམ་ཆགས་པའི་ཟར་ཟོར་གྱི་ཅན་དེ་ལ་གྲོ་མའི་ཞིང་ཟེར་བསྲོས་པས་བདུག །དྲི་ཆུར་བྲག་ཞུན་བ་ཤ་ཀ་སྦངས་བཏང༌། །གུར་ཀུམ་(ཅུ་གང་བ་ལེ་ཏིག་ཏ་ཨུཏྤལ་ཨ་རུ་མཚེ་ཀ་ར་)བདུན་དང་ཅུ་གང་(གུར་ཀུམ་སེ་འབྲུ་སུག་སྨེལ་བྲག་ཞུན་ཏིག་ཏ་པི་ལིང་ཚ་ལ་ཀ་ར)བརྒྱད་པ་སྦྱར། །རུ་ཐུང་རྩ་ལ་གཏར་ལ་ཁྲག་ཤེད་བཅག །གཉིས་པ་མཆེར་གླང་སེ་འབྲུ་རྒྱམ་ཚྭ་བཞི་ཐང་ཕྱི་རྒྱུད་ལྟར་བཏང༌།།མ་ནུ་སེ་འབྲུ་སུག་སྨེལ་(ཀ་ཀོ་ལ་རྒྱམ་ཚྭ་པི་ལིང་ཀ་ར་དྲུག་པ་ཆུ་སྐོལ་)འཕུལ་ལ་བྱིན། །ཡོས་སམ་སྲན་ཕུབ་བཙོས་པའི་དུགས་བྱ་མཆེར་རྩ་གཏར། །དེ་མཆིན་མཆེར་གཉིས་ཞི་དཀའ་ལྕུམ་རྩ(ཨ་རུ་དུར་བྱིད་རྒྱམ་ཚྭ་)འི་ཐང་གིས་སྦྱང༌། །གཉིས་པ་སྣོད་གླང་གང་ཡང་དཔྱད་མཆོག་སྦྱོངས་ཡིན་པས། །སྟར་བུ་དུང་ཐལ་སྦྲུལ་ཤ་རྒྱམ་ཚྭ་དང༌། །དུར་བྱིད་བུ་རམ་དྲི་ཆུའི་རིལ་བུས་སྦྱང༌། །སྣོད་དུ་ཁྲག་མཁྲིས་མ་ཞུ་ལྷུང་བ་འདོན། །གཉིས་པའི་དང་པོ་ཁྱད་པར་ཕོ་གླང་སྐྱུགས་ལ་གཉིས་པ་རྒྱུ་མ་བཤལ། །གསུམ་པ་ལོང་གླང་ནི་རུ་ཧ་ཡིས་དྲང་བར་བྱ། །གཉིས་པའི་དང་པོ་ཚ་གླང་ཆུ་རྡོ་གྲང་མོས་དུགས་དང་རུ་ཐུང་ལོང་རྩ་སོགས་གང་ཉེ་གང་རྒྱས་གཏར་(བྲག་ཞུན་བ་ཤ་བ་ལེའི་ཐང་ལ་དོམ་མཁྲིས་གུར་ཀུམ་བཏབ་)ཐང་(ཨ་རུ་བྲག་ཞུན་གླ་རྩི་བོང་ང་དོམ་མཁྲིས་གུར་ཀུམ་སུག་སྨེལ་པྲི་ཡངྐུ་ལི་ཤིའི་)ཕྱེ་(ཨ་རུ་དུར་བྱིད་ལྕུམ་རྩ་རྒྱམ་ཚྭའི་)སྦྱོངས་ཀྱིས་བཅོས། །མཆིན་ཁྲག་ཕོ་བར་ལྷུང་ན་(སྟར་བུ་དུང་ཐལ་སྦྲུལ་ཤ་རྒྱ་ཚ་དུར་བྱིད་སོགས་ཀྱིས་)སྦྱང་བ་གཅེས། །རུ་ཐུང་གཏར་ཞིང་ཡོས་སམ་ཆུ་རྡོས་བདུག བྲག་ཞུན་དོམ་མཁྲིས་གུར་ཀུམ་(ཨུཏྤལ་བཞི་པ་ཀ་ར་)སྦྱར་ལ་བཏང༌། །མཁྲིས་པ་ལྷུང་ན་གཡའ་ཀྱི་(དུར་བྱིད་མགྲོན་བུ་རྒྱམ་ཚྭའི)སྦྱོངས་སྐྱུགས་སྦྲག །རྗེས་ལ་སེ་འབྲུ་(བཞི་པའི་སྟེང་དུ་གུར་ཀུམ་དུག་ཉུང་གསེར་མེ)ཀ་ར་བསྣན་པ་བདུན་པ་སྦྱར་བར་བྱ། །གཉིས་པ་གྲང་གླང་ཆུ་རྡོ་བསྲོས་པའི་དུགས་(ཚ་བ་སྒ་པི་ཕོ་གསུམ་)བུར་དཀར་ཐང་(ཤིང་ཀུན་ཚྭ་རྒྱ་རྒྱམ་ཁ་གསུམ་)ཕྱེ་མ་དང་མདུན་རྒྱབ་ཀྱི་རང་གསང་བསྲེག་པས་བཅོས། །མ་ཞུ་ལྷུང་ན་(སྤྱང་ཚེར་དུར་བྱིད་རྒྱམ་ཚྭ་པི་ལིང་གི་)སྐྱུགས་རྗེས་དྲོད་སྨན་(སེ་འབྲུ་ཚ་བ་སྒ་པི་ཕོ་གསུམ་རྒྱམ་ཚྭ་ཁ་རུ་ཚྭ་)སྦྱར། །སྨུག་པོ་འཐབ་ལ་རུ་རྟ་དྲུག་པ་དང༌འདི་སྐབས་པི་པི་ལིང་གི་ཚབ་ཨ་རུ་བྱེད་པ་འགྲེལ་པ་ལ་ལར་བཤད་འདུག །ཆུ་རྩའི་ལོ་མ་དང་བྲག་སྐྱ་ཧ་བོའི་དྲི་ཆུར་བཙོས་པའི་དུགས་བསྟེན་རུ་ཐུང་གཏར། །ལྟེ་ཟུར་གཉིས་བསྲེག་སྔ་མ་ལྟར་ནི་རུ་འཇམ་རྩི་བཀྲུ་འཇམ་སྤེལ། །རྒྱུ་མར་རླུང་འཁྱིལ་མེས་རྒྱབ་མདུན་ལ་བསྲོ་འཇམ་རྩི་བཀྲུ་འཇམ་བཏང༌། །ཤིང་ཀུན་(ཁ་རུ་ཚྭ་ཕོ་རིས་སྒ་བུ་རམ་)བཞི་པའི་ཕྱེ་མ་ཆང་གིས་དབུལ། །གསུམ་པ་སྲིན་ལ་རྒྱ་ཚྭ་དྭ་བའི་རྩ་བའམ། །ཤུ་ཏི་བུ་རམ་སྦྱར་བའི་རིལ་བུའམ། །ལང་ཐང་ཙེའམ་ཐང་ཕྲོམ་ནག་པའི་རྩ་བ་སྒོག་སྐྱའི་རྩ་བ་འམ། །དཀར་པོ་ཆིག་ཐུབ་ཐང་ཕྲོམ་དཀར་པོ་དྲི་ཆུར་སྦྱར་བས་འཇོམས། །རྟ་སྦངས་ཕུར་མོ་སྤྲུ་རྩའི་དུགས་ཀྱིས་བདུག །བཞི་བ་གཉན་གླང་ལྷོག་དུག་ལུག་མིག་ནག་པོ་ཨ་བྱག་སྟག་ཤ་གསུམ་(གང་རུང་དང་པི་ལིང་རྒྱམ་ཚྭ་དྲི་ཆུར་བཏབ་)གྱི་སྦྱོར་བའམ། །ཕྱི་རྒྱུད་ལྟར་བྱ་ཁྱུང་ལྔ་རིལ་བུས་བསད་རྗེས་རྒྱལ་བློན་(ཐར་ནུ་དུར་བྱིད་ཆུ་རྩ་)སྔོན་བུ་སྦྱར། །གསུམ་པ་རྩ་གླང་རྐེད་པ་བཅག་ཅིང་རྫོང་འཕྲང་དུ་སྟག་ལྤགས་རྐེད་པར་དཀྲིས་བར་བཤད་འགའ་ཞིག་གིས་ནད་པ་ཁ་སྦུབ་ཏུ་བཞག་པའི་རྐེད་ཚིགས་རྐང་པས་མནན་པས་ཧྲུག་སྒྲ་དང་བཅས་པར་འདོད་པས་འདིར་གཉིས་ཀ་བརྟག་རྩ་བཞི་སྣ་ས་བཞི་བཅིང༌། །ལྕུམ་རྩ་བྱང་པ་སོགས་ཀྱིས་བཤལ་བཏང་ལོང་རྩ་གཏར་རྩ་ལས་ཚད་སྦྱང་མེ་ཡིས་ལྟེ་བ་སོར་བཞི་དྲུག་པ་སྲེག་ཕྱི་རྩ་ལ་ལྟེ་ཟུར་སྲོག་རྫོང་འཕྲང་དུ་ཕྱི་རྩ་ལྟེ་ཟུར་གཉིས་ནང་རྩ་རྒྱབ་ཀྱི་ཚིགས་པ་དྲུག་པ་དང་བདུན་པ་ལྟེ་འོག་སོར་བཞི་རླུང་ལམ་དགག །མང་དུ་ཉེས་པ་གསུམ་ལྡན་འདུས་རྐྱང་པ་དོན་ལྔ་སྣོད་དྲུག་སོགས་ཀྱིས་ཕྱེ་ལ་ནད་ངོས་མ་འདྲེས་ཟུངས། །ཉུང་དུ་བསྡུས་ལ་དོན་ལ་ཐུག་དུས་ཚ་གྲང་གཉིས་ཁོང་དུ་བསྡུས་ལག་ལེན་ཡང་རེ་གཉིས་གཉེན་པོ་རྣམས་སྒོ་སུ་དྲིལ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གླང་ཐབས་བཅོས་པའི་ལེའུ་སྟེ་བཞི་བཅུ་རྩ་དགུ་པའོ།།  །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:20 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།