སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ཞེ་གཉིས་པ། ཕོ་མཚན་གྱི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ཞེ་གཉིས་པ། ཕོ་མཚན་གྱི་ནད་གསོ་བ།

དེ་ནས་ཡང་གསོ་བ་རིག་པ་འཛིན་པའི་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་བ། །ཀྱེེ་འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། །མགོ་དང་ལུས་པོའི་གསོ་ཐབས་དེ་ལྟར་ན། །ཕོ་མོའི་རང་ནད་སོ་སོར་གསོ་བ་གང་། །དེ་སྐད་ཞུས་པས་སྟོན་པས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལས་[ལ་]སོགས་གསོ་བ་འཛིན་པ་ཀུན། །ཕོ་མོའི་རང་ནད་གསོ་བའི་མདོ་གནས་སྟོན། །ཕོ་མོ་གསང་བའི་མཚན་མ་བཅོས་ཐབས་དང་། །བུད་མེད་བསོད་ནས་[ནམས་]ཆུང་བ་ལྷག་པའི་མོ་ནད་གཉིས། །དང་པོ་གསང་བའི་ནད་ལ་ཕོ་མཚན་མོ་མཚན་གཉིས། །ཕོ་མཚན་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་བཞིའི་སྒོ་ནས་བསྟན་གྱིས་ཟུངས། །རྒྱུ་ནི་བུ་[བུད་]མེད་བསྟེན་དྲག་[དྲགས་]གྲ་མས་རེག །བཤང་ལྕི་[གཅིན་]ཁུ་བའི་ཤུག་[ཤུགས་]བཀག་བཙིར་ལས་བྱུང༌། །གཉིས་པ་དབྱེ་ན་སོས་ཟིན་འབྲུམ་པ་འདུས་[མདུད་]འདྲ་དང༌། །སྦུབས་འབྱར་གྲ་མ་ཅན་དང་ལྔ་ཡིན་ནོ། །སོས་ཟིན་རླུང་མཁྲིས་བད་ཀན་ཁྲག་དང་ལྔ་[འདུས]། །ཕོ་མཚན་ནད་རིགས་དགུ་རུ་བཤད་པ་ཡིན། །གསུམ་པ་དེ་རྟགས་སོས་ཟིན་རླུང་ལས་གྱུར་པ་ནི། །རྟག་ཏུ་འགྲིང་[འགྲེང་]ལྤགས་[པགས་]པ་འགས་པ་སྙམ། །མཁྲིས་གྱུར་དམར་པོ་སྐྲངས་ལ་ཚ་བ་སྐྱེ། །ཁྲག་གྱུར་འབྲུམ་པ་ནག་པོ་ཁྲག་བཅས་འཛག །བད་ཀན་གཡའ་ཞིང་སྲ་[སྐྲངས་]ལ་ལྗི་[ལྕི་]བ་ཡིན། །འདུས་གྱུར་རླིག་འབྲས་ན་ཞིང་སྐྲངས་རྣག་དཀའ། །འདུས་པ་གསུམ་གྱི་ནད་རྟགས་ཀུན་འོང་ངོ་། །འབྲུམ་པ་ཅན་ནི་ཡུངས་ཀར་འདྲ་བས་ཁྱབ། །འདུས་[མདུད་]འདྲ་པགས་པའི་ཕྱི་རོལ་སྐྲངས་ཤུ་འབྱུང༌། །སྦུབས་འབྱར་ཁ་ཟླུམ་[ཟུམ་]ཆུ་འོང་གཅུ་བཞི་[བཞིན་]སྲི། །གྲ་མ་ཅན་ནི་གྲ་མས་གང་སེམས་ན། །བཞི་པ་གསོ་ཐབས་རྣག་མེད་གསོར་[གསར་]དུས་གཏར། །ནི་རུ་ཧས་སྦྱང་ཙན་དན་ཏིག་ཏ་དང་། །སྐྱུ་རུ་ར་དང་བསིལ་གྱི་བྱུག་པ་བྱ། །སྨིན་བརྡོལ་[བརྟོལ་]རྣག་བྱུང་མར་སྦྲང་ཏིལ་བསྐོལ་བྱུག །སྤང་མ་སེང་ཕྲོམ་ལྡོང་རོས་བཙག་ཡུག་རྣམས། །བ་བླ་ནག་ཚུར་སུག་མེ་[སྨེལ་]སྐྱེར་ཁན་དྷ་[ཁཎྜ]། །རྒྱ་ཚ་རྒྱམ་ཚ་ཧ་རེ་(ཎུ་)ནུའི་[ཀའི་]ཕྱེ། །སྦྲང་སྦྱར་བྱུག་པས་སོས་ཟིན་རྨ་འཚོ་བྱེད། །རྫ་གསར་འབྲས་བུ་གསུམ་བསྲེགས་ཐལ་མར་བྱུགས། །རླུང་གྱུར་སེར་[སེང་]ཕྲོམ་མར་དང་སྦྱར་ལ་བྱུགས། །མཁྲིས་གྱུར་ག་པུར་ཙན་དན་འདེ་གུ་བྱུགས། །ཁྲག་གྱུར་རུ་རྟ་བ་ཤ་ཀ་ཡིས་བྱུག །བད་ཀན་ལས་གྱུར་སྐྱུ་རུ་སྦྲང་རྩི་བྱུགས། །འདུས་པའི་རྨ་ནི་སྤྱིའི་སྨན་ལྟར་གསོ། །འབྲུམ་པ་སྐྱུང་བཞར་སོས་ཟིན་འབྲས་ལྟར་གསོ། །མདུད་འདྲ་སྣུམ་བྱུག་མཉེ་ཞིང་ལག་གིས་བཏུལ། །སྣུབས་[སྦུབས་]འབྱར་སྦུ་གུས་བརྒྱང་ཞིང་བཀྲལ་[དྲལ་]ལ་གསོ། །གྲ་མ་མར་ཕྱི་[ནས་ཕྱེ་]གོ་ཉིང་[སྙོད་]མར་བཙོས་དཀྲི། །ཞེས་གསུངས་སོ། །

གསོ་བྱའི་ནད་འབུམ་ནག་པོ་ལས་ཕོ་མཚན་གསོ་བའི་ལེའུ་སྟེ་བཞི་བཅུ་ཞེ་གཉིས་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:21 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།