སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་གཉིས་པ། ཕོ་མཚན་གྱི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.02.2021
མན་ངག་རྒྱུད། >>

 

ལེའུ་ཞེ་གཉིས་པ། ཕོ་མཚན་གྱི་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། །གསང་ནད་གསོ་བའི་སྐབས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ།  ཞེས་ཞུས་པ་དང༌།  དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ།།

ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག གསང་བའི་ནད་ལ་ཕོ་མཚན་མོ་མཚན་གཉིས། །ཕོ་མཚན་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

སྤྱི་དོན་དང་པོ་རྒྱུ་ནི་ཆགས་པ་སྤྱད་དྲགས་གྲ་མས་རེག །བཤང་གཅི་ཁུ་བའི་ཤུགས་བཀག་བཙིར་ལས་འབྱུང༌།།

སྤྱི་དོན་གཉིས་པ་དབྱེ་བ་སོས་ཟིན་འབྲུམ་པ་མདུད་འདྲ་དང༌། །སྦུབས་འབྱར་གྲ་མ་ཅན་དང་རྣམ་པ་སོ་སོའི་ཕྱེ་མ་བཞི་སྟེ་ལྔ། །དང་པོ་སོས་ཟིན་ལ་རླུང་མཁྲིས་ཁྲག་དང་བད་ཀན་འདུས་རྣམས་རེ་རེ་ལྡན་པ་ལྔ་བཅས། །ཕོ་མཚན་ལ་ནད་རིགས་རྣམ་པ་དགུ་རུ་བཤད།།

སྤྱི་དོན་གསུམ་པ་དེ་རྟགས་སོས་ཟིན་རླུང་ལས་གྱུར་པ་ནི། །རྟག་ཏུ་འགྲེང་དང་པགས་པ་འགས་པར་བྱེད། །གཉིས་པ་མཁྲིས་གྱུར་དམར་པོར་སྐྲངས་ལ་ཚ་བ་སྐྱེ། །གསུམ་པ་ཁྲག་གྱུར་འབྲུམ་པ་ནག་པོ་ཁྲག་བཅས་འཛག །བཞི་བ་བད་ཀན་གཡའ་ཞིང་སྐྲངས་ལ་ལྕི་བ་ཡིན། །ལྔ་བ་འདུས་གྱུར་རླིག་སྐྲངས་རྣག་ཏུ་སྨིན་པ་དཀའ་ཞིང་ཉེས་གསུམ་ཀུན་གྱི་རྟགས་ལྡན། །གཉིས་པ་འབྲུམ་པ་ཅན་ནི་འབྲུམ་པ་མང་པོས་ཁྱབ། །གསུམ་པ་མདུད་འདྲ་པགས་པ་ཕྱིར་ལོག་སྐྲངས་ཤུ་འབྱུང༌། །བཞི་བ་སྦུབས་འབྱར་ཁ་ཟུམ་གཅིན་འབྱུང་འཆུ་ཞིང་འགག །ལྔ་བ་གྲ་མ་ཅན་ནི་གྲ་མས་གང་བར་སེམས་ནས་ན།།

སྤྱི་དོན་བཞི་བ་གསོ་ཐབས་ནི་དང་པོ་ལ་གཉིས་ལས་དང་པོ་སོས་ཟིན་རྣག་མ་བྱུང་བའི་གསར་དུས་ཕོ་མཚན་འགྲམས་པས་ཕོ་མཚན་རྩ་གཏར་ག་གདབ། །ཕྱི་རྒྱུད་ལྟར་ནི་རུ་ཧས་དྲངས་ཙན་དན་དཀར་པོ་ཏིག་ཏ་སྐྱུ་རུ་ར་བསིལ་བའི་བྱུག་པ་བྱ། །རྣག་ཏུ་སྨིན་ནས་བརྟོལ་ལ་མར་སྦྲང་ཉུངས་དཀར་འདུ་བ་ཏིལ་བསྐོལ་བྱུག །སྤང་མ་སེང་ཕྲོམ་ལྡོང་རོས་བཙག་ཡུག་རྣམ། །བ་བླ་ནག་མཚུར་སུག་སྨེལ་སྐྱེར་ཁཎྜ།  །རྒྱ་ཚྭ་རྒྱམ་ཚྭ་ཧ་རེ་ཎུ་ཀའི་ཕྱེ་མ་ནུ་རྟ་ཀམ་སྟེ་རྟའི་ནུ་མ་འདྲ་ཞེས་དབྱིབས་རྟའི་ནུ་མ་འདྲ་ལ་མདོག་དམར་པོ་ཁོང་སྤུ་ཡོད། ཆེ་ཆུང་མཐེབ་ཚིགས་ཀྱི་རྩེ་ཙམ་པ་དེ་ཡིན་སྨན་པ་ཕལ་ཆེར་ཅི་འདྲར་བཞེད་ན་ཨང་། །སྦྲང་སྦྱར་བྱུག་པས་སོས་ཟིན་རྨ་འཚོ་བྱེད། །རྫ་གསར་ནང་དུ་འབྲས་ཨ་བར་སྐྱུར་གསུམ་ནུས་ལྡན་བསྲེགས་ཐལ་མར་སྦྱར་བྱུག །གཉིས་པ་དགུ་ལས་དང་པོ་སོས་ཟིན་རླུང་གྱུར་སེང་ཕྲོམ་མར་དང་སྦྱར་ལ་བྱུག །གཉིས་པ་མཁྲིས་གྱུར་ག་བུར་ཙན་དན་དཀར་པོ་ལྡེ་གུ་བྱུག །གསུམ་པ་ཁྲག་གྱུར་རུ་རྟ་བ་ཤ་ཀ་ཡིས་བྱུག །བཞི་བ་བད་ཀན་ལས་གྱུར་སྐྱུ་རུ་སྦྲང་རྩི་བྱུག །ལྔ་བ་འདུས་པ་ཡིན་ན་རྨ་སྤྱིའི་གསོ་བ་སྐྲངས་འཇོམས་རེར་སྦྱང་ཤུ་འུ་གསོ་བ་སོགས་སྦྱར། །གཉིས་པ་འབྲུམ་པ་བཞར་ལ་སོས་ཟིན་ལྟ་བུར་བཅོས། །གསུམ་པ་མདུད་འདྲ་སྣུམ་མར་བྱུག་མཉེ་ཞིང་ནང་དུ་གཞུག་སྣུམ་པས་མར་གཟན་འབའ་ཆས་བདུག །བཞི་བ་སྦུབ་འབྱར་སྦུ་གུས་ལྕགས་སྦུབས་གྲོ་སོག་ཙམ་སྣུམ་བྱུགས་པས་ཕུག་པ་བརྒྱང་ཞིང་དེས་མ་ཕན་ན་བཙག་བུས་དྲལ་ལ་གསོ། །ལྔ་བ་གྲ་མ་ནས་ཕྱེ་གོ་སྙོད་མར་བཙོས་དཀྲི། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཕོ་མཚན་གྱི་ནད་གསོ་བའི་ལེའུ་སྟེ་བཞི་བཅུ་རྩ་གཉིས་པའོ།། །།

 

མཐའ་མའི་འདོན་ཐེངས་།: 20.02.2021 ཉིན། 12:27 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།