སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་བརྒྱད་པ། སྨན་མར་གྱི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.08.2023
སྨན་འབུམ་དཀར་པོ། >>



ལེའུ་བརྒྱད་པ། སྨན་མར་གྱི་སྡེ་ཚན་བསྟན་པ།

དེ་ནས་ཡང་གསོ་བ་རིག་པ་འཛིན་པའི་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། ཀྱེ་འཚོ་བྱེད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། རྩ་བ་ལྔ་ལས་སྨན་མར་སྡེ་གསུངས་པ། བདག་ཆགས་(ཅག་)འཁོར་རྣམས་ཀུན་ལ་བཤད་དུ་གསོལ།། ཅེས་གསོལ་པས། དེ་ལ་སྟོན་པས་བཀའ་རྩ་(བསྩལ་)པ། རྩ་བ་ལྔའི་ཕྱེ་མ་སྨན་མར་ལ།། ཚ་བ་སེལ་དང་གྲང་བ་སེལ་བ་གཉིས།། རིམ་པར་བསྟན་ནོ་རིག་པ་ཁྱོད་ཀྱིས་ཟུངས།། དང་པོ་ཚ་བ་སེལ་བའི་སྨན་མར་ནི།། ཏིག་ཏ་ཧོང་ལེན་བ་ཤ་ཀ་དང་གསུམ།། སྤང་རྩི་ཁྱི་ལྕེ་སྦང་ནས་ཁུ་བ་ཕྱུང་།། ཡང་ན་ཞིབ་ཏུ་བཏག་(བཏགས་)པའི་ཕྱེ་མ་དེ།། དྭངས་མ་མཛོད་(མཛོ་)མོའི་འོ་མ་མར་དཀར་སྦྱར།། གུར་གུམ་གེ་སར་གསུམ་པོའི་ཁ་ཚར་བཏག(བཏབ)། ཀ་ར་སྦྲང་སྦྱར་ཏིག་ཏ་དགུ་པ་ཟེར།། ཆུ་སེར་ལྤགས་(པགས་)ནད་སྙིང་རླུང་མིག་སེར་སེལ།། ལྷག་པར་བད་ཀན་སྐྱ་རྦབ་ནད་ལ་ཕན།། ཏིག་ཏ་ཁྱི་ལྕེ་བ་དང་སུམ་ཅུ་ཏིག། བ་ལེ་ཀ་དང་འབྲས་བུ་གསུམ་གྱི་མར།། མཆིན་མཁྲིས་སྙིང་གི་ཚ་བ་རྙིང་པ་སེལ།། ཏིག་ཏ་བདུན་པའི་སྨན་མར་འབྲིང་པོ་ཡིན།། ཏིག་ཏ་མཁྲིས་སྣ་ཧོང་ལེན་པ་ཏོ་ལ།། སྐྱེར་པ་བྱི་ཚེར་ཁྱི་ལྕེ་དཀར་པོ་པར་པ་ཏ།། རྩ་མཁྲིས་བླ་(གླ་)སྒང་གུ་ཁུལ་(གུལ་)དུག་མོ་ཉུང་།། ཙན་དན་སྨན་ནག་ཕྱེ་མར་བཏག་ (བཏགས་)པ་དེ།། སྦྲང་དང་སྦྱར་བས་ཤ་བཀྲ་མཛེད་(མཛེ་)ནད་སེལ།། ཁོང་འབྲས་མཚན་མར་རླུག་དང་མེ་དབལ་ཞི།། ཁྱད་པར་གཞང་འབྲུམ་མགོ་འཁོར་སྐྱ་རྦབ་སེལ།། ཏིག་ཏ་གསེར་གྱི་མེ་ཏོག་བ་ཤ་ཀ། བྲག་ཞུན་སྐྱེར་པའི་རྩ་བ་བ་ལེ་ཀ། སུམ་ཅུ་ཏིག་ཏ་ཁྱི་ལྕེ་པར་པ་ཏ།། དུག་མོ་ཉུང་དང་བྱི་ཚེར་པུ་ཤེལ་རྩེ།། འབྲས་བུ་གསུམ་དང་ཀ་ར་མར་དང་སྦྱར།། ཏིག་ཏ་ཆེན་པོ་བཅོ་ལྔ་པ་ཡིན་ཏེ།། རྙིང་(རྙིངས་)ཚད་རྙོང་(རྙོགས་)ཚད་བྱེར་བའི་ཚད་པ་སེལ།། ཏིག་ཏ་རབ་འབྲིང་སྨན་མར་རྣམ་བཞིའོ།། སེང་ལྡེང་ཁྱི་ལྕེ་དཀར་པོ་འབྲས་བུ་གསུམ།། སྦྲང་རྩི་ཆུ་སེར་སྨན་ནག་དང་།། མར་དང་སྦྱར་བ་སེང་ལྡེང་བཅུ་ཡི་མར།། ཆུ་སེར་རྩ་ཚིགས་ལྤགས་(པགས་)པར་གྲམ་པ་སེལ།། སེང་ལྡེང་གུར་གུམ་ཐར་(ཐལ་)དཀར་རྡོ་རྗེ་དང་།། སྲོ་(སོ་)མ་ར་ཛ་ཁྱི་ལྕེ་ཨ་དཀར་(གར་)ནག། སྐྱེར་ཤུན་སྦྱར་བའི་སེང་ལྡེང་དྲུག་པ་ཟེར།། མཛེ་དང་དྲེག་དང་གྲུམ་བུ་སེལ་བར་བྱེད།། ཨ་རུ་མང་བསགས་ཆང་དུ་སྦང་བའི་ཤ། ཏིག་ཏ་ཧོང་ལེན་བ་ཤ་ཀ་དང་ལྒ།། ཤིང་ཚ་ཤིང་མངར་ན་(ནཱ་)ག་གེ་སར་དང་།། པད་མ་གེ་སར་འབྲི་རྐང་ག་དུར་དང་།། མར་ཁུ་སྦྲང་དང་སྦྱར་བའི་ཨ་རུ་བཅུ་གཉིས་ཟེར།། ཤ་ཁྲག་རུས་པའི་རླུང་རྒྱས་སྙིང་རླུང་སེལ།། བ་དམར་འམ་ནི་ཟལ་མོ་གང་རུང་གིས།། གཅིན་དང་ལྕི་བ་འོ་མ་ཞོ་མར་ལྔ།། སྦྲང་རྩི་མཉམ་པར་སྦྱོར་བའི་སྨན་མར་ནི།། བ་ཡི་རྣམ་ལྔའི་སྨན་མར་བྱ་བ་སྟེ།། ཚ་བ་རླུང་གིས་བཀྱག་(བཀྱགས་)དང་སྐྱ་སྦབ་(རྦབ་)ཆུ་སེར་སེལ།། འོག་(འོན་)འཛན་(འཛག་)རྨུག་(རྨུགས་)འཐིབས་ལྷག་པར་སེལ་བར་བྱེད།། སྙིང་ཞོ་ཤ་ཨ་གར་སྤོས་དཀར་དང་།། རྒུན་འབྲུམ་མར་ལ་ཀ་རས་ཁ་བླང་པ།། ཞོ་ཤའི་སྨན་མར་བྱ་སྟེ་རྙིང་(རྙིངས་)ཚད་སེལ།། སྲོ་ལོ་ཨ་རུ་ཇུ་(ཅུ་)གང་ཤིང་མངར་དང་།། སྦྲང་དང་སྦྱར་བས་སྲོ་ལོའི་སྨན་མར་ཟེར།། གློ་ཚད་འབྱམས་དང་གློ་རྣག་ལུས་རྒྱས་སེལ།། ཙན་དན་དཀར་དམར་སླེ་ཁྲེ་(སླེ་ཏྲེས་)དུག་མོ་ཉུང་།། ཀན་དྷ་(ཀཎྜ་)ཀ་རི་བླ་(གླ་)སྒང་ཁྱི་ལྕེ་བ།། སྤང་སྤོས་སྐྱེར་ཤུན་ཧོང་ལེན་སྐྱུ་རུ་ར།། ཤུག་པའི་ཐོག་བུ་ཁན་དྷ་(ཁཎྜ་)བྱས་པའི་མར།། བསིལ་གསུམ་ཀ་ར་སྦྱར་བའི་ཙན་དན་མར།། བཅུ་གཉིས་པ་དེས་གློ་སྙིང་མཆིན་ནད་དང་།། ཚིག་(ཚིགས་)མིག་སྐྲང་དང་སྟོང་སྐྱུག་བསྙོ་(སྨྱོ་)ནད་སེལ།། འབྲི་མོག་བཙོད་ཚིག་(ཚིགས་)ཨ་རུ་ར་ཡི་མར།། ཀ་རས་རྟ་བྱས་དམར་པོ་གསུམ་གྱི་མར།། སྨན་མར་གསུམ་པས་གློ་ཚད་རྣག་ཁྲག་འཛག་པ་གཅོད།། གུར་གུམ་རྒྱ་མཚལ་གེ་སར་རྣམ་པ་གསུམ།། འཚོགས་(ཚོགས་)ཚད་མཁྲིས་སྣ་ཀ་ར་མར་དང་སྦྱར།། རྩ་རུལ་བུ་གའི་རྣག་ཁྲག་འཛག་པ་གཅོད།། ཚ་སེལ་སྨན་མར་སྦྱོར་སྡེ་བཅུ་གསུམ་ཡིན།། གཉིས་པ་གྲང་སེལ་སྨན་མར་དགུ་པ་སྟེ།། ཨ་བར་སྐྱུར་གསུམ་ཕྱེད་ཕྱེད་བསྐྱེད་པ་དེ།། ཆང་དུ་བཙོས་པའི་ཁུ་བ་མར་ཁུ་དང་།། བུ་རམ་གསུམ་དང་སྦྱར་བའི་སྨན་མར་ལ།། ཁ་རུ་ཚ་དང་ཛཱ་ཏི་པི་པི་ལིང་།། སྒ་སུག་ཁ་ཚར་བཏབ་པའི་སྨན་མར་དེ།། འབྲས་བུ་གསུམ་གྱི་སྨན་མར་བྱ་བ་སྟེ།། མོ་དད་ཆེ་ཞིང་ལུས་པོ་རྒས་པ་རྐ(དཀའ)།། མིག་རྣ་དབང་པོ་གསལ་ཞིང་ལུས་པོ་ཡང་།། མགོ་ནད་རྩ་བྱེར་ཚད་རླུང་འཁྲུག་(འཁྲུགས་)འབྱམས་སེལ།། དབང་པོའི་ནད་དང་ཁྱད་པར་སྙིང་རླུང་འཇོམས།། ར་མཉེ་ཉེར་(ཉེ་)ཤིང་བ་སྤྲུ་ལྕ་བ་དང་།། གཟེ་མ་འབྲི་མར་རྩ་བ་ལྔ་ཡི་མར།། རྒྱ་ཚ་ཤིང་ཚ་ཁ་རུ་ཚ་དང་གསུམ།། སླེ་ཁྲེ་(ཏྲེས་)སུག་སྨེ་(སྨེལ་)ཛ་(ཛཱ་)ཏི་ཀ་ཀོ་ལ།། མར་དང་བུ་རམ་སྦྱར་བའི་སྨན་མར་ལ།། སྒ་དང་པི་པི་ལིང་གི་ཁ་ཚར་བཏག(བཏབ)། མཁལ་མ་གྲང་རླུང་ཚད་པ་འདྲེས་པ་སེལ།། འབྲས་བུ་གསུམ་དང་རྩ་བ་ལྔ་བསྲེས་པས།། སྦྲང་མར་བུ་རམ་སྦྱར་བའི་སྣ་ཚོགས་ཟེར།། རོ་སྟོད་བྱང་ཁོག་ནད་ལ་སྔགས་(བསྔགས་)པ་ཡིན།། ལུག་ཐུག་མ་མོ་མ་འཕྲད་འབྲས་བུ་དང་།། བྱ་ཕོ་བྱ་མོ་མ་འཕྲད་ཤ་བསྲེས་ནས།། མར་དང་ཅོང་ཟི་(ཞི་)བཅའ་ལྒ་པི་པི་ལིང་།། རྒྱམ་ཚ་སླེ་ཁྲེ་(ཏྲེས་)སུག་སྨེ་(སྨེལ་)ཕུག་གང་དང་།། ཆང་རྒན་བུ་རམ་སྦྱར་ན་ད་བྱིད་སྟེ།། ཟླ་རྒྱས་འཕེལ་ཅིང་ཆགས་པ་སྐྱེ་བ་དང་།། རོ་ཙ་མཁལ་མའི་ནད་ལ་ལྷག་པར་ཕན།། སྒོག་སྐྱ་ཨ་རུ་དང་བཅའ་ལྒ་ལ།། རྒྱམ་ཚ་ཁ་རུ་ཚ་དང་པི་པི་ལིང་།། སུག་སྨེ་(སྨེལ་)བུ་རམ་སྦྱར་བས་སྒོག་མར་ཟེར།། རྒྱུ་ལོང་མཁལ་ནད་སེལ་ཞིང་རླིང་ལུགས་(ལུག་)ཞི།། སྒོག་སྐྱ་སྲང་བརྒྱད་བསྐྱེད་ནས་གོང་དང་སྦྱར།། འབྲི་མར་ཆང་རྒན་སྦྱར་བའི་སྒོག་ཆེན་ཟེར།། རླུང་ནད་མ་ལུས་འཇོམས་ཤིང་ཟས་བཅུད་ལོན།། བ་སྤྲུ་ཆ་གསུམ་སྨན་ནག་ཆ་གཉིས་ལ།། སྡིག་སྲིན་ཆ་གཅིག་འབྲི་མར་སྦྱར་བ་དེ།། མོ་ཤམ་(གཤམ་)བསྟན་(བསྟེན་)ན་བུ་སྙེད་(རྙེད་)སྐིག་(སྐྱིགས་)བུ་སེལ།། སེ་འབྲུ་འུ་སུ་དོང་གྲ་ཙི་ཀྲ་(ཏྲ་)ཀ། པི་པི་ལིང་དང་མར་དང་བུ་རམ་སྦྱར།། བཟང་པོ་ལྔ་ཡི་སྨན་མར་བྱ་བ་སྟེ།། མཚེར་ནད་རྦུགས་(དབུགས་)མི་བདེ་དང་སྐྱ་རྦབ་དང་།། ལུས་ཀྱི་མེ་དྲོད་སྐྱེད་ཅིང་ཤ་རྒྱས་སྐྱེད།། གཟེ་མ་བྲེ་གང་ཆང་རྒན་བྲེ་གང་ནང་།། ཞག་གཅིག་སྦང་ནས་ཆུ་བསྡུས་བྲེ་གང་བྱ།། མར་དང་སྦྱར་ནས་ཚ་བ་གསུམ་བཏབ་ནས།། རྒྱུ་ལོང་སྦོས་འཁྲོག་མཁར་(མཁལ་)མའི་རླུང་གཟེར་སེལ།། ཚྭ་(ཚ་)སེལ་བཅུ་གསུམ་གྲང་སེལ་དགུ་བསྣནལ།། སྨན་མར་སྡེ་ལ་ཉི་ཤུ་རྩ་གཉིས་བསྟན།། སྨན་མར་སྤྱི་ཡི་ལག་ལེན་སྦྱར་ཐབས་ནི།། ཚོས་པར་བཙོས་ནས་ཁུ་བ་ཐོན་པར་འདོན།། ཁུ་བ་ཕྱིས་(ཕྱིན་)པས་ཆུ་བྲེ་གསུམ་གྱི་ཚད།། འོ་མ་བཞོས་པ་མ་གྲང་བྲེ་གསུམ་མཉམ།། གཅིག་ཏུ་བསྲེས་ལ་དཀྲུག་ཅིང་བཙོས་ལ་བསྐོལ།། ཐོན་པའི་ཚད་ནི་ཆུ་དེ་འོ་མར་ཐིམ།། འོ་མ་དེ་དང་མར་དུ་སྦྱར་ཐབས་ནི།། ཚ་སེལ་བ་ར་མཛོ་མོའི་མར་དང་སྦྱར།། གྲང་སེལ་འབྲི་དང་ལུག་མར་རྙིང་པ་ལ།། འོ་མ་མར་དང་སྦྱར་ལ་ཡང་བསྐོལ་ལ།། འོ་མ་མར་ལ་ཐིམ་པའི་ཚད་དུ་བསྐོལ།། འོ་མ་མར་གཉིས་འདྲེས་ན་(ནས་)མི་ཆད་ན།། རན་པའི་ཚན་ཡིན་ཐལ་ན་ནུས་པ་འཚིག། མ་ཚོད་ནུས་པ་ཆུང་ཞིང་འཇུ་མི་ཐུབ།། མེར་བསྲེག་དྲི་མ་མེད་ཅིང་མི་འཇར་ན།། ཆུ་ཚོད་ཚད་དང་ལྡན་པས་ནུས་པ་ཆེ།། བྲེ་གསུམ་ཆུ་ཡི་ཚད་ལ་དངས་སྙིགས་བཙག། ཁ་ཚར་འདེབ་(འདེབས་)སྨན་ཞིབ་བཏག་དེ་དུས་བཏབ།། འདྲེས་པར་སྦྱང་དཀྲུག་ཆགས་པར་གྲངས་སུ་འཇུག། ཐོ་རས་(རེངས་)ལྟོ་སྟོང་ཁམ་གང་བཏང་བར་བྱ།། སྔོ་ངད་རུལ་སུམ་ཟས་དང་འཇུ་དཀའ་དང་།། དྲག་ཤུལ་ལས་དང་སེར་རླུང་གོས་སྲབ་སྤང་།། རྒྱམ་ཚ་བཞི་ཐང་སྨན་མར་ལོག་ནོན་ཡིན།། ནང་མ་བདུན་ནམ་ལྔ་ཡི་སྐབས་ལ་བཏང་།། སྨན་ཟད་རྗེས་ལ་ལུས་ཟུངས་ཟས་ཀྱིས་གསོའ(གསོ)།།

སྡུག་བསྔལ་ཞི་བྱེད་གསོའ་(གསོ་)བ་སྨན་འབུམ་དཀར་པོ་ལས་སྨན་མར་གྱི་སྦྱོར་སྡེ་བསྟན་པ་སྟེ་ལེའུ་བརྒྱད་པ་རྫོགས་སོ།། །།



 

མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 11:30 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།