སྨན་རྩིས་དྲ་བ། - དཔྱད་འབུམ་ཁྲ་བོ།

ལེའུ་བརྒྱད་པ། ནད་ཀྱི་རྒྱུ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.05.2023
དཔྱད་འབུམ་ཁྲ་བོ། >>



ལེའུ་བརྒྱད་པ། ནད་ཀྱི་རྒྱུ་བསྟན་པ།

དེ་ནས་ཡང་གསོ་བ་རིག་པ་འཛིན་པའི་དཔྱད་བུ་ཁྲི་ཤེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེེ་སྟོན་པ་གཤེན་རབ་ལགས། འཕེལ་འགྲིབ་ནད་ཀྱི་གནས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས། སྟོན་པས་འདི་སྐད་ཅེས་གསུངས་སོ། །ཀྱེེ་དཔྱད་བུ་ལས་(ལ་)སོགས་གསོ་བ་རིག་པ་འཛིན། །གང་དགོས་ཕུང་པོ་དེ་ལས་བྱུང་བ་ཡི། །འཕེལ་འགྲིབ་ནད་ཀྱི་གནས་ལ་བསླབ་བྱ་ནས(ན)། །རྒྱུ་རྐྱེན་ཞུགས་ཚུལ་གནས་དང་མཚན་ཉིད་དང༌། །དབྱེ་བ་སོ་སོའི་དོན་དང་བདུན་དུ་བཤད། །

དང་པོ་རྒྱུ་ལ་ཉེ་རྒྱུ་རིང་རྒྱུ་གཉིས། །རིང་བའི་རྒྱུ་ལས་སྤྱི་ཁྱབ་(ཁྱད་)པར་གཉིས། །དང་པོ་ནད་འཁྲུག་སྣ་ཚོགས་ཚུལ་ཅན་གྱིས། །གྲངས་མེད་གྱུར་པས་ལུས་ནི་གཟིར་གྱུར་པ། །དེ་རྒྱུ་རེ་རེར་བསྟན་པར་མི་ནུས་པས། །དེ་བས་ནད་ཀུན་སྤྱི་རྒྱུ་བརྗོད་པ་ནི། །ནད་རྣམས་ཀུན་གྱི་རྒྱུ་ན་(ནི་)གཅིག་པུ་སྟེ། །བདག་མེད་དོན་མ་ཤེས་པས་མ་རེག་(རིག་)ཞེན(ཅེས)། །དཔེར་ན་བྱ་ནི་མཁའ་ལ་ལྡིང་གྱུར་ཀྱང༌། །རང་གི་གྲིབ་མ་དེ་དང་མི་འབྲལ་ཞིང༌། །འགྲོ་ཀུན་བདེ་བར་གནས་ཤིང་སྤྱོད་ན་ཡང༌། །མ་རེག་(རིག་)ལྡན་པས་ནད་དང་འབྲལ་མི་སྲིད། །ཁྱེད་(ཁྱད་)པར་རྒྱུ་ནི་མ་རིག་པ་ལས་བྱུང་། །འདོད་ཆགས་ཞེ་སྡང་གཏི་མུག་དུག་གསུམ་ལས། །འབྲས་བུ་རླུང་མཁྲིས་བད་ཀན་ཉེས་པ་བསྐྱེད། །ཉེ་རྒྱུད་(རྒྱུ་)རླུང་དང་མཁྲིས་པ་བད་ཀན་གསུམ། །རྣམ་པར་མ་གྱུར་ནད་ཀྱི་རྒྱུར་གྱུར་ལ། །རྣམ་འགྱུར་མ་སྙོམས་ནད་ཀྱི་ངོ་བོ་ཡིན། །ལུས་དང་སྲོག་ལ་གནོད་ཅིང་གདུང་བའོ། །མཁྲིས་པ་འཁྲུག་པས་ལུས་ཟུངས་སྲེགས་པར་བྱེད། །འདི་ནི་མེ་ཡི་རང་བཞིན་ཆེ་(ཚ)བ་སྟེ། །སྨད་དུ་གནས་ཀྱང་སྟོད་དུ་འབར་བར་བྱེད། །ཚ་བའི་ནད་ཀུན་འདི་ལས་མ་བསྐྱེད་མེད། །བད་ཀན་འཁྲུག་པས་ལུས་ཀྱི་མེ་དྲོད་འཇོམས། །འདི་ནི་ས་ཆུའི་རང་བཞིན་ལྕི་ལས་(ལ་)བསིལ། །སྟོད་ན་གནས་ཀྱང་སྨད་དུ་ལྷུང་བར་བྱེད། །གྲང་བའི་ནད་ཀུན་འདི་ལས་མ་གྱུར་མེད། །རླུང་ནི་ཚ་གྲང་གཉིས་ཀའི་ཆ་བྱེད་དེ། །ཉི་མར་ལྡན་པས་བསྲེགས་བྱེད་གྲོགས་བྱེད་ལ། །ཟླ་བར་ལྡན་པས་བསྲེལ་(བསིལ་)བར་བྱེད་པ་སྟེ། །སྟོད་སྨད་ཕྱི་ནང་མ་ལུས་ཁྱབ་པར་རྒྱུ། །ཚ་གྲངས་གཉིས་ཀ་འཁྲུག་ཅིང་སློང་བར་བྱེད། །ཅེས་གསུངས་སོ། །

གསོ་བྱེད་དཔྱད་འབུམ་ཁྲ་བོ་ལས་ནད་ཀྱི་རྒྱུ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།




 

མཐའ་མའི་འདོན་ཐེངས་།: 30.05.2023 ཉིན། 11:55 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།