སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བརྒྱད་ཅུ་པ། གཟའི་གདོན་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 ལེའུ་བརྒྱད་ཅུ་པ། གཟའི་གདོན་ནད་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །གཟའ་ཡི་གདོན་ལ་འཛིན་དུས་བརྟག་ཐབས་དང༌། །བསྲུང་བ་བཅོས་ཐབས་ཕྱིར་མི་ལྡོག་པའོ།།

སྤྱི་དོན་དང་པོ་འཛིན་དུས་ཚེས་བཞི་ལྗང་སྔོན་མ་མོ་དང་བསྡོངས་བརྒྱད་དྲང་སྲོང་དཀར་སེར་དགྲ་ལྷ་དང་བསྡོངས་དམ་བཅུ་གཅིག་ཞོག་རེ་ནག་པོ་བདུད་དང་བསྡོངས་དང༌། །བཅོ་ལྔ་བིཥྞི་སྲིན་པོ་དང་བསྡོངས་བཅོ་བརྒྱད་བིཥྞུ་བཙན་དང་བསྡོངས་ཉི་ཤུ་གཉིས་དུ་བ་འཇུག་རིང་གཤིན་རྗེ་དང་བསྡོངས་དང་ལྔ་ཁྱབ་འཇུག་ཀླུ་དང་བསྡོངས། །ཉི་ཤུ་དགུ་དགྲ་གཅན་བགེགས་དང་བསྡོངས་དང་རྒྱུ་དུས་ཆེན་པོ་བརྒྱད་ལ་འཛིན་ཡང་ན་སྟོང་ཞེས་འཇུག་པའི་དུས་གནས་སྟོང་ལ་འཛིན་མང་བས་སོ།།

སྤྱི་དོན་གཉིས་པ་བརྟག་ཐབས་སྤྱི་དང་ཁྱད་པར་སྤང་བླང་བརྟག །དང་པོ་སྤྱི་རྟགས་གཞོགས་བཤལ་མིག་རྩ་གྲུང་བ་དང༌། །ཁ་ལུགས་ཁ་ཡོ་བ་སླེ་ངུ་དང་དགོད་པར་བྱེད། །གཉིས་པ་ཁྱད་པར་བརྟག་པ་མེ་གཟའ་ཆུ་གཟའ་གཉིས། །དང་པོ་མེ་གཟའ་གཞོགས་གཡས་ལ་ཕོག་ལྕེ་གཡས་ཐུང༌། །ཚ་བ་ཆེ་ཞིང་སེན་མོ་གཞོབ་རོག་འོང༌བསྲུང་མཁན་གྱིས་ནད་པའི་གང་ཕོག་ངོས་ལ་སེན་མོས་ནོན་པར་མནན་པའི་རྗེས་དམར་ན་མེ་གཟའ་དང་སྔོ་ན་ཆུ་གཟའོ། །གཉིས་པ་ཆུ་གཟའ་གཡོན་ལ་ཕོག་ཅིང་ལྕེ་གཡོན་ཐུང༌། །ལུས་ཀུན་དྲོད་དང་བྲལ་ཞིང་ཆུ་རྒྱུས་གྱོང་། །གསུམ་པ་སྤང་བླང་བརྟག་པ་ཉི་ཤུ་དགུ་ལ་ཟིན། །ཕོག་མ་ཐག་ཏུ་སྐྱུག་ཅིང་ལྐུགས་པ་དང༌། །སྙིང་གར་ཆུ་ལྕག་རྒྱབ་པས་མི་དངངས་དང༌། །མིག་འཛུམ་མི་ཤེས་ལོ་དྲུག་ཅུ་ཡར་འདས་པ། །གསོས་ཀྱང་སོས་པར་མི་འགྱུར་སྤང་བར་བྱ།།

སྤྱི་དོན་གསུམ་པ་བསྲུང་བ་རང་དང་ནད་པ་སྲུང་བ་གཉིས། །དང་པོ་རང་གི་སྲུང་བ་སྐེ་ཚེ་འཁྲུངས་དཔེར། སྐེ་ཚེ་ལོ་མ་ནག་ལ་རྩུབ། །སྡོང་པོ་མེ་ཏོག་འབྲས་བུ་གསུམ། །ཡུངས་ནག་དག་དང་འདྲ་བ་ཡིན། །རོ་ནི་ཚ་བ་རྩུབ་པ་སྟེ། །ནུས་པས་སྐྲངས་དང་ལྷོག་པ་འཇོམས། །ཞེས་པ་ལ་རིགས་སུ་དཀར་ནག་གཉིས་ལས་དཀར་པོ་ཤང་ཚེ་ནག་པོ་སྐེ་ཚེ་ཡིན། ལྡུམ་རར་སྐྱེ། དྲི་དུག་དང་རོ་ཚ། དབྱིབས་དཔལ་གང་འདྲ་བ་ལ་དེས་བས་མདོག་ནག་སྤུ་ཞོལ་ཆེ་བར་འབྱུང་ངོ་། དཀར་ཁྲ་མེན་འདི་ཁྱུང་སྐྱུགས་ཀྱི་རིགས་དཀར་ཁྲ་སེར་ཁྲ་དམར་ཁྲ་ལྗང་ཁྲ་ནག་སོགས་འབྱུང་གཞི་གདན་དཀར་པོ་ལ་ཁྲ་འབྱུང་བས་དཀར་ཕྲ་མེན་ཟེར་གཞི་གདན་ལྗང་སོགས་ཀྱིས་མི་ཉན། །རྨིགས་པའི་ཕྱེ་མ་སྐྱུང་ལ་ཤ་ལ་སྔགས་བཟླས་ལུས་ལ་བཅང༌ཨོཾ་ཧཱུཾ་རུ་མི་ཁྲ་སུ་སུ་མེ་མེ་ཤིག་ཤིག་སྭཱ་ཧཱ། ཞེས་པ་འདི་དང་གཞུང་གི་སྔགས་འདི་གཉིས་ཀ་བཟླ་ཞེས་གསེར་མཆན་ལས་གསུངས། །ཨོཾ་བ་ར་ཙ་ཀྲ་རཱ་ཧུ་ལ་སྭཱ་ཧཱ།  ཨོཾ་ཧཱུཾ་སུ་ལི་ཧཱུཾ་སུ་ལི་ཏིང་བྲི་དུ་སུ་སུ་མེ་མེ་ཤིག་ཤིག་སྭཱཧཱ། །ཨོཾ་སྟུམ་པོ་ལི་སྟུམ་པོ་ལི་ཏིང་བྷི་མ་ཏུམ་བྷེ་སུ་སུ་མེ་མེ་ཤིག་ཤིག་སྭཱ་ཧཱ། །བློ་ལ་མ་བརྗེད་གནས་པས་གཟའ་གདོན་ཐུབ། །གཉིས་པ་ནད་པའི་སྲུང་བ་རིང་བསྲེལ་དཀར་ཁྲ་མེན། །རྨ་བྱ་བྱ་རོག་སྙིང་ཁྲག་ལུས་ལ་བཅང།༌།  གུ་གུལ་དཀར་ནག་ཡུགས་སའི་དོར་རྟ་ལ། །ཐུམ་པོ་བྱས་ལ་ལུས་ཀྱི་གཡོན་གྱི་ངོས་སུ་གདགས། །བཟང་ཅུ་གུར་ལི་ཛཱ་སུག་ཀ་དྲུག་གླ་རྩི་སྒོག་ཐལ་མར་གསར་བྱུག །གཟའ་རྒྱུ་དུས་ཁྱད་པར་ནད་པའི་མལ་དུ་ཕུག་རོན་གཞུག །ཨོཾ་ཏྲི་ཁྱེ་ད་བཾ་ཧཱུཾ། །སྡོད་སའི་གྱང་ངམ་སྟེང་གི་ཐོག་ལ་བྲིས་པས་ཐུབ།

སྤྱི་དོན་བཞི་བ་བཅོས་ཐབས་བཙོན་དུ་བཟུང་དང་དངངས་སུ་གཞུག །ཟས་དང་སྤྱོད་ལམ་ཁྲུས་ཆུ་གཟའ་ཆོག་བྱ། །དང་པོ་ཟིན་པའི་མོད་ལ་དེ་མ་ཐག་ཏུ་བཙོན་དུ་བཟུང་བྱ་སྟེ། །ཡུགས་སའི་ཞབས་མས་དོར་རྟ་ནད་པའི་མགོ་ཕུར་ཕུར་བྱས་ལ། །ཀེ་ཏ་ཨོཾ་ཀེ་ཏ་ཀེ་ཏ་སྭཱ་ཧཱ་ ཞེས་གཟའི་རང་མིང་ཡིན་པས་བཟླས་ཤིང་གུ་གུལ་དུ་བས་བདུག །གུ་གུལ་ཆུར་སྦྱངས་སྔགས་ཀེ་ཏ་བཏབ་ཁོང་དུ་བཏང༌། །སྒོག་ཐལ་གངས་ཐིགས་རྡོ་མཁྲིས་རྡོ་སེར་པོ་རོ་ཁ་བ་མཁྲིས་པ་འདྲ་བ་ལོ་བརྒྱད་དྲི་ཆུ་སྦྱར། །ལུས་ལ་བྱུགས་པས་འཁོར་ལ་འཕྲོ་མི་འགྱུར། །གཉིས་པ་དེ་ནས་དངངས་སུ་གཞུག་པ་མེ་གཟའ་ལ། །ཉི་གྲིབ་མཚམས་སུ་ནད་པ་ཙོག་པུར་བཞག །ནད་པས་མ་ཚོར་བར་ནད་པའི་སྟེང་ནས་མེ་འདྲ་ཆུ་ཡིན་པས་ཆུ་རྫ་མ་བདུན་གྱིས་དུས་གཅིག་ནང་བསྟུད་ལ་བྲན། །རྒྱབ་ནས་དུང་འབུད་བྲོས་ན་སྔར་ཤུལ་ཉི་གྲིབ་མཚམས་དེ་རང་དུ་དབུལ། །ཆུ་གཟས་ཟིན་ན་ཆུ་དགྲ་མེ་ཡིན་པས་ཐ་མ་མེ་ཡིས་བསྐོར། །བྲོས་ན་མདའ་བཀང་གྲི་དྲི་ཐོགས་རྒྱོབ་སོད་བསྡིགས། །དེས་ཀྱང་མ་སོས་ན་ནད་པ་མཐོང་ཀར་རྒྱ་མཐོང་གི་གད་སོགས་གཡང་ས་ཡོད་སར་བཞག །ནད་པའི་ཐད་ཀའི་འོག་ཏུ་སོག་འབོལ་གྱི་སྟེང་དུ་གོས་བཏིང་ལ། །རོལ་མོ་དྲག་པོ་གང་མང་དུང་འབུད་པ་དང་ནད་པ་འོག་འབོལ་སྟེང་དུ་བསྐྱུར་བ་དུས་གཅིག་བྱ། །གསུམ་པ་ཁ་ཟས་ཆང་དང་མར་རྙིང་ཤ་ཁྲག་སྤང༌། །སྦྲང་དང་མར་གསར་ཞོ་དར་དཀར་ཆོས་བསྟེན། །སྤོས་དཀར་སྦྲང་དང་སྦྱར་བ་ཁོང་དུ་བཏང༌། །བཞི་བ་སྤྱོད་ལམ་མི་གཙང་གྲིབ་འཛེམ་མེ་ཉི་མར་སྤང༌། །མི་ཡིས་མི་ལབ་མི་ཅོལ་སྙན་ཚིག་སྨྲ། །ལྔ་བ་ཁྲུས་ཆུ་ག་བུར་གི་ཝཾ་ཅུ་གང་ལི་ཛཱ་སུག་ཀ་བཟང་པོ་དྲུག །ཙན་དན་དཀར་པོ་གླ་རྩི་སྤོས་དཀར་སྡོམ་བརྒྱད་ཀྱི་དྲི་ཆུས་བཀྲུ། །ཡང་ན་དེ་རྣམས་དང་ལྷའི་སྒོག་སྐྱ་ནུས་ལྡན་བསྲེགས་པར་བསྲེས་ལ། །ཆང་དང་སྦྱར་ལ་ལུས་ཀུན་ཡང་ཡང་བཀྲུ། །རྣམ་འཇོམས་དང་སྨེ་བརྩེགས་གཟའ་ཡུམ་ལ་སོགས་ཁྲུས་ཆུས་བཀྲུ་བ་བསྔགས། །དྲུག་པ་གཟའ་ཆོག་གཏོར་མ་བྱིན་དང་བྱད་དགྲོལ་གཉིས། །གང་ཡང་དང་པོ་གཟའ་ཡུམ་ཡིན་པ་དེའི་ཀླུ་ཆོག་རྒྱབ་བཅོས་ལ། །དེ་རྗེས་གཟའ་འདི་སྲིན་ཀླུ་གཉིས་ཀའི་རིགས་ཡིན་པས་ཀླུ་ལ་དཀར་གཏོར་ཀླུ་སྨན་གྱིས་སྦགས་པ་ཆུས་བྲན་པ་ཞིག་དང་སྲིན་པོ་ལ་དམར་གཏོར་ཤ་ཁྲག་གིས་སྦགས་པ་ཆང་གིས་བྲན་པ་ཞིག །སྔགས་དྲུག་དང་ཕྱག་རྒྱས་དྲུག་གིས་བྱིན་བརླབས་གུ་གུལ་གྱིས། །ནད་པར་བདུག་ཅིང་ཀེ་ཏ་མང་དུ་བཟླས། །ཨོཾ་ཀེ་ཏ་ཀེ་ཏ་སྭཱཧཱ། །དེ་རྗེས་ཀེ་ཏ་དང་གཞན་ཡང་གཟའི་སྔགས་ཀྱིས་གཟའ་ལ་གཏོར་མ་བྱིན། །སྨྲང་གིས་རྒྱས་བསྡུས་གཞན་ནས་འབྱུང་བ་ལྟར་བཀྲོལ་ལ་གཏོར་མ་ཕྱི་རོལ་ཏུ་སྐྱེལ་དུ་བཏང༌། །དེའི་ཤུལ་ནད་པ་དེ་དང་ཤིང་ཤུག་པའི་སྤང་ལེབ་གཅིག་རྒྱབ་སྤྲད་དུ་སྒྲགས་ལ། །སྟེའུ་ཤུག་པ་དེ་ལ་བརྡེག་ཁ་ཤག་ཅེས་བརྗོད་ཅིང་ནད་པ་དེ་ལ་གཏམ་ཁ་དྲི། །གཉིས་པ་དེ་ཡི་ནུབ་མོ་གཟའ་ཡི་བྱད་དགྲོལ་ཏེ། །སླ་ང་ཆུ་ཡིས་བཀང་པའི་ཁ་གདང་དུ། །གཟའ་བརྒྱད་གཟུགས་ལ་ཁ་དོག་སོ་སོར་བསྒྱུར།  (ཤར་དུ་གཟའ་ཉི་མ་སྐུ་མདོག་དམར་པོ་ཕྱག་ན་པདྨ་བསྣམས་པ། །ལྷོར་ཕུར་བུ་སེར་པོ་པུ་ཏི།  ནུབ་ཏུ་ཟླ་བ་དཀར་པོ་ཀུ་མུ་ད།  བྱང་དུ་ལྷག་པ་སེར་པོ་ཨུཏྤལ།  ཤར་ལྷོར་མིག་དམར་པོ་མེ་དཔུང༌།  ལྷོ་ནུབ་ཏུ་རཱ་ཧུ་ལ་ནག་པོ་བུམ་པ།  ནུབ་བྱང་དུ་པ་སངས་དཀར་པོ་པདྨ། །བྱང་ཤར་དུ་སྤེན་པ་སྔོན་པོ་དབྱུག་པ་བསྣམས་པའོ།) སླ་ངའི་ཁ་གདངས་འདི་ཆུ་ཡི་ནང་དུ་བསྟན་ལ་གཟའ་གཟུགས་ཀྱི་བྲིས་ལ་ཆུ་ནང་དུ་ཕོག་པར་བྱས་ལ་བཞག །དེ་རྣམས་རང་རང་མིང་དང་སྙིང་པོ་བྲིས་ལ་རང་གི་སྙིང་གར་གླན། །ནད་པ་བྱད་ཐག་སྔོ་དམར་རམ་གཟའ་སོ་སོའི་མདོག་མཐུན་གྱི་གཟའ་རྣམས་དང་བཏགས་ལ་གཟའ་རྣམས་ཀྱི་གཟུགས་དང་སྦྲེལ། །སླ་ངའི་ཕྱོགས་བཞིར་མར་མེ་བཞི་བཏང་ལ། །ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་སྭཱཧཱ་པྲག་ཤམ་ཕཊ་ཙ་ཤམ་ཕཊ་ཅེས་པ་བཏགས་པ། །བརྒྱ་རྩ་བཟླས་ལ་དེ་རྗེས་གཟའ་རཱ་ཧུ་ལའི་བྱད་ཁྲོལ་ཞིག་བྱད་ཐག་ཆོད་ཅིག་བྱས་པ་ལ་རཱ་ཧུ་ལའི་བྱད་ཐད་བཅད་ལ་ཆུ་ནང་དུ་སྐུར་དེས་གཟལ་གཞན་ལ་འགྲེ་སྟེ་བྱད་བཀྲོལ་བཀྲོལ་བྱད་ཐག་སྔོན་དམར་བཅད། །དེ་བཞིན་དུ་ཀེ་ཏའི་འཇུག་རིམ་པ་བཞིན་ཡག་ཤཾ་ཉི་མ་ཕཊ།  དུར་ཤཾ་ཟླ་བ་ཕཊ། །སེ་ཤཾ་མིག་དམར་ཕཊ།  ཕག་ཤཾ་ལྷག་པ་ཕཊ།  ཕེ་ཤཾ་ཕུར་བུ་ཕཊ།  ཕེར་ཤཾ་པ་སངས་ཕཊ།  ཤར་ཤཾ་སྤེན་པ་ཕཊ།  ཏྲག་ཤཾ་ཕཊ་དང་  ཙ་ཤཾ་འདི་གཉིས་རཱ་ཧུ་ལའི་ཕཊ།  བརྒྱ་རྩ་བཟླས་ཤིང་ཉི་མ་ཟླ་བ་དང༌། །མིག་དམར་ལྷག་པ་ཕུར་བུ་པ་ཝ་སངས། །སྤེན་པ་རཱ་ཧུ་ལ་བརྒྱད་སོ་སོའི་སྨྲང་གིས་བྱད་བཀྲོལ་བཀྲོལ་བ་དང་། །བྱད་ཐག་བཅད་དེ་ཆུ་ཡི་ནང་དུ་བསྐྱུར། །སླ་ངའི་རྫས་རྣམས་རྫ་མའི་སྣོད་དུ་བྱོ་ལ་ཐོ་རངས་ཆུ་བོའི་གཞུང་དུ་བསྐྱལ། །རྒྱུ་དུས་བརྒྱད་པོ་འདི་གཙོ་ཆེ་བའི་དབང་དུ་བྱས་ཀྱི་གཞན་ཡང་ཕྱི་ལྟར་རྒྱུ་བ་ནང་ལྟར་རྒྱུ་བ་གསང་བ་ལྟར་རྒྱུ་བ་ཡང་གསང་ལྟར་རྒྱུ་བ་ཡབ་ལྟར་རྒྱུ་བ་ཡུམ་ལྟར་རྒྱུ་བ་སྲས་ལྟར་རྒྱུ་བ་བླ་མ་ལྟར་རྒྱུ་བ་ཕྱག་བརྙན་ལྟར་རྒྱུ་བ་ཕོ་ཉ་ལྟར་རྒྱུ་བ་ཆུ་ཆེན་བཅུ་ཀོང་རྩེར་བཞུགས་སོགས་ལའང་བྱས་ན་ལེགས་ལ་གཟའ་ཆོག་ཐེབས་རེ་བྱ།

སྤྱི་དོན་ལྔ་བ་མི་ལྡོག་ཐབས་ལ་ཟིན་ནས་ཞག་བདུན་ནས། །ཀླུ་ཆེན་བརྒྱད་ཀྱི་ཆོ་ག་བྱས་ཏེ་སྔར་ནད་ཀྱིས་ཟིན་དུས་ཀྱི་ཚེས་གྲངས་དང་རྒྱུ་ཕྱོགས་སུ། །བོང་བུའམ་་ཕུག་རོན་གསོན་པོ་གླུད་དུ་བྱས་ཏེ་གཏོར་མ་དང་ལྷན་ཅིག་ཏུ་བཏང༌། །ནད་པ་སོས་རྗེས་རྡོ་ཕ་ཝཾ་ཆོ་ལོང་བུ་དང་ཆོ་ལོང་དུང་ཤྭ་བརྒྱད་ཀྱིས་ནད་པའི་མཐའ་བསྐོར་དང་། །དཀར་ཁྲ་མེན་དབུས་སུ་བཞག་དང་གཟའ་བསྲུང་གི་སྔགས་ཀེ་ཏ་མང་དུ་བཟླས་པའི་ཡུངས་ཀར་དར་དཀར་ཀོ་བར་སྟུམས་ལ་སྐེ་རུ་གདགས། །དེ་ཡིས་ཕྱིར་མི་ལྡོག་པར་ངེས་པ་ཡིན། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གཟའི་གདོན་ནད་བཅོས་པའི་ལེའུ་སྟེ་བརྒྱད་ཅུ་པའོ།།  །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:54 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།