སྨན་རྩིས་དྲ་བ། - དཔྱད་འབུམ་ཁྲ་བོ།

ལེའུ་བཞི་པ། ལུས་ཀྱི་གནས་ལུགས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.05.2023
དཔྱད་འབུམ་ཁྲ་བོ། >>



ལེའུ་བཞི་པ། ལུས་ཀྱི་གནས་ལུགས་བསྟན་པ།  

དེ་ནས་ཡང་འཚོ་མཛད་སྨན་གྱི་རྒྱལ་པོས་བཀའ་བསྩལ་པ། དཔྱད་བུ་ལས་(ལ་)སོགས་འཁོར་རྣམས་མ་ལུས་ཉོན། །ལུས་ཀྱི་གནས་ལུགས་བསྟན་པ་རྣམ་བཞི་སྟེ། །ལྡང་ཚང་(ཚད་)ལུས་ཟུངས་གནས་ལུགས་བསྟན་པ་དང༌། །འབྲེལ་པ་རྩ་ཡི་གནས་ལུགས་བསྟན་པ་དང༌། །གཉེན་པོ་(གཉན་པ་)གནད་ཀྱི་གནས་ལུགས་བསྟན་པ་དང༌། །རྒྱུ་ལམ་བུ་གའི་གནས་ལུགས་བསྟན་པ་དང་(པའོ)འོ། །

དང་པོ་རླུང་གི་ལྡང་ཚད་སྣ་བུག་གང༌། །མཁྲིས་པའི་ལྡང་ཚད་རང་གི་གསང་སྒྲོ་གང༌། །བད་ཀན་ལྡང་ཚད་རང་གི་སྙིང་(སྙིམ་)པ་གསུམ། །ཁྲག་གི་(དང་)ཕྱིས་པའི་(ཕྱི་སའི་)ལྡང་ཚད་སྙིམ་པ་བདུན། །གཅིན་དང་ཆུ་སེར་ལྡང་ཚད་སྙིམ་པ་བཞི། །ཞགས་(ཞག་)དང་ཚིལ་བུའི་ལྡང་ཚད་སྙིམས་པ་དོ། །མདངས་དང་ཁུ་བའི་ལྡང་ཚད་ཁྱོར་བ་རེ། །གླད་(ཀླད་)པའི་ ཚད་ནི་རང་གི་སྙིམ་པ་གང༌། །ཤ་ཡི་ལྡང་ཚད་སྤར་ཚད་ལྔ་བརྒྱ་སྟེ། །བུད་མེད་བརླ་དང་ནུ་མ་ཉི་ཤུ་ལྷག །རུས་པའི་ལྡང་ཚད་རུས་རིགས་ཉི་ཤུ་གསུམ། །དེ་ནས་སྒལ་ཚིགས་འཕང་ལོ་ཉི་ཤུ་བརྒྱད། །རྗེ་ངར་སྲེ་ལོང་སླ་(ལྷ་)ལོང་བུ་འཕེན་རྩེ། །ཐོད་པ་མ་གྷལ་(མགལ་)སོ་རྟགས་(ལྷག་)ཀྲུང་ཀྲུང་ལྔ། །སྒལ་ཚིགས་བྱ་འདབས་དཔྱི་སོགས་(སོག་)མཇུག་སྒོ་(སྒྲོག་)རྣམས། །བྲང་རུས་རྩིབ་མ་རུས་མགོ་དཔུང་བརླ་རྐང་ལག་སོར་མོ་བཅུ། །རྩིབས་(རྩིབ་)མའི་གྲངས་ནི་ཉི་ཤུ་རྩ་བཞི་སྟེ། །སོ་ཡི་གྲངས་ནི་སུམ་ཅུ་རྩ་གཉིས་མཆིས། །རུས་པའི་གྲངས་ནི་དུམ་བུ་སུམ་བརྒྱའ་དྲུག་ཅུ་སྟེ། །ཡན་ལག་ཚིགས་ཆེན་རྣམ་པ་བཅུ་གཉིས་ཡོད། །ཚིགས་ཕྲན་ཉིས་བརྒྱ་དང་ནི་ལྔ་བཅུ་བརྒྱད། །ཁུ་(ཆུ་)བ་བཅུ་དྲུག་རྒྱུས་པ་དགུ་བརྒྱ་མཆིས། །སྒྲ་(སྐྲ་)ཡི་ཉག་མ་ཉི་ཁྲི་ཆིག་སྟོང་ཡོད། །བ་སྤུའི་བུ་ག་བྱེ་བ་ས་ཡ་མཆིས། །དོན་ལྔ་སྣོད་དྲུག་བུ་ག་སྒོ་དགུ་ཡོད། །འཛམ་གླིང་རང་ལུས་འདོམ་གང་གྲུ་བཞི་སྟེ། །གཟུགས་ངན་རྣམས་ལ་རང་ཁྲུ་ཕྱེད་དང་བཞི། །

འབྲེལ་པ་རྩ་ཡི་གནས་ལུགས་གནས་(བསྟན་)པ་ནི། །ཆགས་སྲིད་འབྲེལ་བ་ཚེ་ཡི་རྩ་དང་བཞི། །ཆགས་པའི་རྩ་ནི་ལྟེ་བ་ལ་(ལས་)གསུམ་གྱེས། །རྩ་གཅིག་གྱེན་ལ་སོང་བས་གླད་པ་ཆགས། །གཏི་མུག་ཀླད་པར་བརྟེན་ནས་གནས་པ་སྟེ། །དེ་ལས་བད་ཀན་བསྐྱེད་པ་སྟོད་ནས་གནས། །རྩ་གཅིག་བར་དུ་ཟུག་པས་སྲོག་རྩ་ཆགས། །ཞེ་སྡང་སྲོག་རྩ་ཁྲག་ལ་བརྟེན་ནས་གནས། །དེ་ལས་མཁྲིས་པ་བསྐྱེད་པས་བར་ནས་གནས། །རྩ་གཅིག་མཐུར་(ཐུར་)དུ་ཟུག་པས་གསང་བ་ཆགས། །འདོད་ཆགས་ཕོ་མོའི་གསང་བར་གནས་པ་སྟེ། །དེ་ལས་རླུང་སྐྱེད་སྨད་ནས་གནས་པ་ཡིན། །སྲིད་པའི་རྩ་བོ་ཆེ་ནི་རྣམ་བཞི་སྟེ། །དབང་པོ་ཡུལ་ལ་འཆར་བར་བྱེད་པའི་རྩ། །གླད་པ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར། །དྲན་པའི་དབང་པོ་གསལ་བར་བྱེད་པའི་རྩ། །སྙིང་ལ་སྲིད་དེ་རྩ་ཕྲན་ལྔ་བརྒྱས་བསྐོར། །ལུས་ཀྱི་ཕུང་བོ་ཆགས་པར་བྱེད་པའི་རྩ། །ལྟེ་བ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར། །བུ་ཚ་རིགས་རྒྱུད་སྐྱེད་པར་བྱད་པའི་རྩ། །མཚན་མ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར། །སྟེང་འོག་ཐད་དཀར་ལུས་ཀུན་རྗེས་སུ་འཛིན། །འབྲེལ་བའི་རྩ་ལ་དཀར་ནག་གཉིས་ཡོད་དེ། །སྲོག་པ་རྩ་ན་(ནི་)རྩ་ཡི་སྡོང་པོ་ལ། །ཡལ་གའི་ཚུལ་དུ་གྱེན་ལ་གྱེས་པ་ཡི། །ཤ་ཁྲག་འཕེལ་བྱེད་རྩ་ཕྲན་ཉི་ཤུ་བཞི། །དོན་སྣོད་ནང་འབྲེལ་སྦས་པའི་རྩ་ཆེན་རྒྱས(བརྒྱད)། །ཡན་ལག་ཕྱིར་འབྲེལ་མངོན་པའི་རྩ་དྲུག །དེ་ལས་གྱེས་པའི་གཏར་རྩ་བདུན་ཅུ་བདུན། །གཉེན་(གཉན་)པའི་རྩ་ནད་(གནད་)བརྒྱ་དང་རྩ་གཉིས་ཏེ། །འདྲེས་པའི་རྩ་ཕྲན་བརྒྱ་དང་བརྒྱད་བཅུ་དགུ། །དེ་ལས་ཕྱི་ནང་བར་གསུམ་བརྒྱ་ཉི་ཤུ། །རྩ་ཕྲན་སུམ་བརྒྱ་དྲུག་བཅུར་གྱེས་པ་ཡིན། །དེ་ལས་རྩ་ཕྲན་བདུན་ཅུར་དག་ཏུ་གྱེས། །དེ་ལས་རྩ་ཕྲན་ལུས་ལ་དྲ་བར་འབྲེལ། །གླད་པ་རྩ་ཡི་རྒྱ་མཚོ་ཆེན་པོ་ལས། །རྩ་བ་ལྟ་བུར་ཐུར་དུ་ཟུག་པ་ཡི། །བྱ་བ་བྱེད་པའི་ཆུ་རྩ་བཅུ་དགུ་ཡོད། །དེ་ཡང་དོན་སྣོད་ནང་དུ་འབྲེལ་པ་ཡི། །དར་གྱི་དཔྱང་ཐག་བཅུ་གསུམ་སྦས་པའི་རྩ། །ཡན་ལག་ཕྱིར་འབྲེལ་མངོན་པའི་རྩ་དྲུག་སྟེ། །དེ་ལས་ཆུ་རྩ་ཕྲན་བུ་བཅུ་དྲུག་གྱེས། །མི་ལ་ཚེ་ཡི་རྩ་ནི་གསུམ་ཡོད་དེ། །གཅིག་ནི་མགོ་ལུས་ཐམས་ཅད་ཁྱབ་པར་གནས། །གཅིག་ནི་དབུགས་དང་འགྲོགས་ནས་རྒྱུ་བ་སྟེ། །གཅིག་ནི་བླ་དང་འདྲ་སྟེ་འཁྱམ་པ་ཡིན། །རླུང་ཁྲག་རྒྱུ་བའི་བུ་ག་ཕྱི་ནང་ཀུན། །འབྲེལ་བྱས་ལུས་ནི་བསྐྱེད་ཅིང་གནས་པ་དང༌། །སྲོག་གི་རྩ་བ་ཡིན་ཕྱིར་རྩ་ཞེས་བྱ། །

གཉེན་(གཉན་)པའི་གནད་ལ་ཤ་ཚིལ་རུས་པ་དང༌། །ཆུ་རྒྱུས་དོན་སྣོད་རྩ་ཡི་གནད་དང་བདུན། །ཤ་གནས་(གནད་)སྐྲངས་ཤིང་རུས་ནད་(གནད་)ན་ཟུག་ཆེ། །ཆུ་རྒྱུས་གནད་ནི་འཇའ་བར་བྱེད་པའོ། །རྩ་ཚིལ་དོན་སྣོད་གནད་ཀྱིས་སྲོག་འདོར་བྱེད། །འཆི་སྦྱོང་འཚོ་བ་དཀའ་ཕྱིར་གནད་ཅེས་བྱ། །ཤ་གནད་བཞི་བཅུ་རྩ་ལྔ་ཚིལ་གནད་བརྒྱད། །རུས་པའི་གནད་ནི་སུམ་ཅུ་རྩ་གཉིས་ཏེ། །རྒྱུས་གནད་བཅུ་བཞི་དོན་སྣོད་གནད་བཅུ། །རྩ་གནད་བརྒྱ་དང་དགུ་བཅུ་ཐམ་པ་ཡོད། །མགོ་ལ་རེ་གཉིས་སྐེ་ལ་སོ་གསུམ་གནས། །དགུ་བཅུ་གོ་ལྔ་བྱང་ཁོག་སྟོད་སྨད་གནས། །བརྒྱ་དང་བཅུ་གཉིས་ཡན་ལག་བཞི་ལ་གནས། །གནད་ཀྱི་རྣམ་གྲངས་སུམ་བརྒྱ་རྩ་གཉིས་བཤད། །དེ་ལས་རབ་ཏུ་གཉན་པ་དགུ་བཅུ་དྲུག །ཆོད་ཟིན་སྲོག་འདོར་མཁས་ཀྱང་བཅོས་སུ་མེད། །འབྲིང་དུ་གཉན་པ་བཞི་བཅུ་རྩ་དགུར་བཤད། །མཁས་པ་རྣམས་ཀྱིས་བཅོས་སུ་བཏུབ་པ་ཡིན། །དེ་ལས་མངའ་བདག་གནད་དུ་བསྟན་ཡང༌། །གཉེན་(གཉན་)པར་མ་བཤད་ཀུན་གྱིས་གསོ་བར་ནུས། །

རྒྱུད་(རྒྱུ་)ལམ་བུ་གའི་གནས་ལུགས་ཕྱི་ནང་གཉིས། །ནང་གི་སྲོག་རྩ་བུ་ག་སྲོག་ཟུངས་དྲི་མ་གསུམ། །ཆུ་དང་ཟས་རྒྱུ་བཅུ་གསུམ་གནས་པ་ཡིན། །ཕྱི་ཡི་བུ་ག་མགོར་བདུན་གསང་བར་གཉིས། །བུ་(བུད་)མེད་མངལ་སྒོ་ནུ་མ་གཉིས་ཀྱིས་ལྷག །དབྱིབས་ཟླུམ་སྦོམ་དང་འཕྲ་ལ་རིང་འབྲེལ་གྱེས། །ལོ་མའི་རྒྱབ་ཀྱི་རྩ་ལྟར་རྒྱས་པར་བྱེད། །དྭངས་མ་ཉེར་འཕེལ་སྒོ་ནི་བུ་ག་སྟེ། །ཟངས་(ཟས་)དང་སྤྱོད་ལམ་མི་མཐུན་བསྟན་པ་ཡིས། །བུ་གའི་རྒྱུ་ལམ་གནོད་པས་ནད་བསྐྱེད་ལ། །མང་འབྱུང་འགགས་དང་གཞན་འགྲོ་འཁྲུག་པར་བྱེད། །སྣོད་(གནོད་)མེད་བུ་ག་དག་པས་བདེ་བར་འགྱུར། །ཅེས་གསུངས་སོ། །

གསོའ་བྱེད་དཔྱད་འབུམ་ཁྲ་བོ་ལས་ལུས་ཀྱི་གནས་ལུགས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།




 

མཐའ་མའི་འདོན་ཐེངས་།: 30.05.2023 ཉིན། 12:05 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།