སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་བཞི་པ། ཐང་གི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.08.2023
སྨན་འབུམ་དཀར་པོ། >>



ལེའུ་བཞི་པ། ཐང་གི་སྡེ་ཚན་བསྟན་པ།

དེ་ནས་གསོ་བ་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་བ། ཀྱེ་འཚོ་མཛད་སྨན་གྱི་རྒྱལ་པོ་ལགས། དེ་ལྟར་རེག་མཐོང་རྩ་ཆུས་ནད་ངོས་ཟིན་པ་ནི།། ནད་འདུལ་གཉེན་པོ་སྨན་དང་ཕྲད་པ་ན།། འཚོ་བྱེད་སྨན་བླ་ཆེན་པོའི་བཀའ་སྩོལ་ཅིག། དེ་སྐད་གསོལ་པས། དེ་ནས་འཚོ་མཛད་ཆེན་པོ་དེ་ཡིས་བཀའ་སྩལ་(བསྩལ་)པ། ཉོན་ཅིག་འཁོར་གྱི་གཡུང་དྲུང་སེམས་དཔའ་རྣམས།། འདུ་བའི་ནད་དང་གཉེན་པོ་གཉིས་སྤྲད་པ།། གཉིས་པ་གསོའ་(གསོ་)སྤྱད་གཉིས་སྟོན་མ་ཡེངས་བརྟན་པར་ཟུངས།། འདི་ལ་སྤྱི་དོན་རྣམ་པ་གཉིས་སུ་ཕྱེ་ནས་སྟོན།། གསོའ་(གསོ་)བྱེད་སྨན་དང་ཐབས་ལམ་དཔྱད་དུ་བཤད།། དང་པོ་གསོ་བྱེད་སྨན་ལ་རྣམ་པ་གཉིས་ཡིན་ཏེ།། རྩ་བའི་སྦྱོར་བ་ལྔ་ནི་དོན་སྣོད་ནད་ལ་བསྔག(བསྔགས)། ཐང་དང་ཕྱེ་མ་རིལ་བུ་ལྡེ་གུ་བཞི།། སྨན་མར་སྡེ་དང་རྣམ་པ་ལྔ་རུ་ཕྱེ་བར་གྱིས།། རྩ་བའི་སྦྱོར་སྡེ་ཡིན་པས་གཉེན་པོ་ཀུན་གྱི་རྗེ།། གཉིས་པ་ཡན་ལག་སྦྱོར་བའི་སྡེ་ཚན་བློན་པོ་བཞི།། ཐལ་སྨན་དང་ནི་ཁན་དྷ་(ཁཎྜ་)སྨན་ཆང་གསུམ།། ཐུག་འཕྲད་སྔོ་ཡི་སྦྱོར་བ་དེ་དང་བཞི།། བློན་པོའི་སྡེ་ཡིས་འདུ་བའི་ནད་རྣམས་སེལ།། འཐོར་བུའི་ནད་ལ་ལྷག་པར་མཆོག་ཏུ་རྣོ།། དེ་ཡི་ལོག་གནོན་རིན་ཆེན་སྦྱོར་བ་དེ་དང་དགུ།། ཞི་བྱེད་སྨན་གྱི་མདོའ་(མདོ་)རུ་རིག་པས་ཟུང་(བཟུང་)།། དེ་ཡང་རྩ་བ་རྒྱལ་པོ་སྡེ་ལྔར་འདུས།། དེ་ཡང་བསྡུས་པས་བསིལ་དྲོད་སྙོམས་དང་གསུམ་དུ་འདུས།།་དཔྱད་བུ་ལ་སོགས་འཁོར་རྣམས་སེམས་ལ་ཞོག། དེ་སྐད་འཚོ་བྱེད་སྨན་གྱི་རྒྱལ་པོ་དེས་གསུངས་སོ།། ཡང་གསོའ་(གསོ་)བ་རིག་གནས་འཛིན་པ་དཔྱད་བུས་གསོལ་པ། ཀྱེ་འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། དང་པོ་རྩ་བའི་སྦྱོར་སྡེ་རྒྱལ་པོ་ལྔ་རུ་གསུངས་པའོ།། ཐང་གི་སྦྱོར་བ་ངེས་པར་བཤད་དུ་གསོལ།། དེ་ལ་འཚོ་བྱེད་སྨན་པའི་རྒྱལ་པོས་བཀའ་སྩལ་(བསྩལ་)པ།། ཐང་གི་སྡེ་ལ་རྣམ་པ་གཉིས་ཡོད་དེ།། ཚ་བ་སེལ་དང་གྲང་བ་སེལ་བའི་ཐང་།། དང་པོ་ཚ་བ་སེལ་བའི་ཐང་སྦྱོར་སྟོང་(སྟོན་)པར་བྱ།། འབྲུག་རུས་ཏིག་ཏ་ས་འོག་མི་ཐོད་རུས།། བསྡུས་པའི་གསུམ་(སུམ་)གཉིས་སྐམ་པས་མགོ་ནད་སེལ།། ལྕགས་ཕྱེ་སྐྱེར་ཤུན་འབྲས་བུ་གསུམ་བསྡུས་པ།། གྲང་ཐང་བྱས་ཏེ་བླུག་ན་མིག་ནད་སེལ།། དུང་ཕྱེ་རུ་ཏ་(རྟ་)ཨ་རུ་ར་ཡི་་ཐོད།། རྣ་བའི་ཁྲག་གཟེར་འཇོམ་(འཇོམས་)བྱེད་གྲང་ཐང་ཡིན།། སྐྱེར་པ་མཁར་སྐྱ་བསྡུས་པའི་ཁུ་བ་ལ།། དོམ་མཁྲིས་བཏབ་ཐང་སྣ་ཁྲག་འཛག་པ་གཅོད།། ནག་མཚུར་སེང་ཕྲོམ་ཨ་རུའི་གྲང་ཐང་གིས།། མཁུར་བཀང་ཁ་ཡི་ཁྲག་ནད་ཟུག་གཟེར་འཇོམས།། སྤང་རྒྱན་དཀར་པོ་ཤིང་མངར་བོང་ང་དཀར།། ཇུ་(ཅུ་)གང་ཀ་རས་སྐད་འགག་ཚ་སྐོམ་སེལ།། སོ་ཕག་ཐང་ལ་ཀ་ར་འུ་སུ་བཏབ།། མཁུར་བཀང་བཏང་བས་ཁ་ལྕེ་གྲེ་སྐམ་སེལ།། ཙན་དན་ཞོ་ཤ་འཛའ་(ཛཱ་)ཏི་གདུས་པའི་ཐང་།། གྲང་ཐང་བཏང་བས་སྙིང་གི་ཚ་བ་སེལ།། སྲོ་ལོ་དཀར་པོ་ཤིང་མངར་རྒྱ་སྐག་དང་།། ག་དུར་ཐང་གིས་གློ་ཚད་ལུད་པ་སེལ།། བ་ལེ་བ་ཤ་ཀ་དང་བྲག་ཞུན་ཐང་།། གུར་གུམ་དོམ་མཁྲིས་བཏབ་པས་མཆིན་ནད་སེལ།། ལི་ཤི་གསེར་གྱི་མེ་ཏོག་ཨ་རུའི་ཐང་།། འཚེར་(མཚེར་)པའི་ཚད་པ་སྦོས་འཁྲོག་སེལ་བར་བྱེད།། ཞུན་མཁན་རྒྱ་སྐག་བཙོད་དང་ཨ་རའི་ཐང་།། རྒྱུ་ལོང་ནད་སེལ་མཁལ་ཚད་གཟེར་འགྲམ་འགྱུར།། རྒྱ་སྐག་ཇུ་(ཅུ་)གང་ལོ་བརྒྱད་ཆུར་སྦྱར་ཐང་།། ཕོ་བའི་ཚད་པ་མ་ལུས་སེལ་བར་བྱེད།། སྙ་ལོའི་རྩ་བ་བོང་ང་དཀར་པོ་བརྩོད(བཙོད)།། དུག་མོ་ཉུང་ག་དུར་བོང་ང་བ་ལེ་ཀས།། རྒྱུ་ལོང་སྣོད་ཀྱི་ཚད་པ་མ་ལུས་སེལ།། ཀ་པེད་འབྲས་བུ་བཏབ་པའི་ཁ་བསྒྱུར་ཚ་འཁྲུ་གཅོད།། ལྕམ་པ་སྡིག་སྲིན་གཟེ་མའི་ཐང་གིས་ཆུ་འགག་སེལ།། ར་མཉེ་གཟེ་མ་བ་སྤྲུས་མངལ་ཚད་སེལ།། འབྲས་བུ་གསུམ་ཐང་རིམས་འཁྲུག་(འཁྲུགས་)གསར་རྙིང་(རྙིང་)སེལ།། ཀན་དྷ་ཀ་རི་མ་ནུ་སླེ་ཁྲེ་(ཏྲེས་)དང་།། སྒ་སྐྱའི་ཐང་གིས་རིམ་(རིམས་)ཚད་སྨིན་པར་བྱེད།། བད་ཀན་སྨུག་པོ་ཁྲག་གཟེར་སྟོང་(སྟོངས་)ཚད་འཇོམ(འཇོམས)།། གསེར་གྱི་མེ་ཏོག་ཏིག་ཏ་སླེ་ཁྲེ་(ཏྲེས་)དང་།། བྱིས་(བྱི་)ཚེར་ཐང་གིས་རྙོང་(རྙོགས་)རིམས་འཐིབས་པ་སེལ།། ཧོང་ལེན་ཏིག་ཏ་སྐྱུ་རུ་བ་ཤ་ཀས།། འཁྲུགས་ཚད་ཚད་རོ་དང་(དྭངས་)སྙིགས་འབྱེད་པར་བྱེད།། ཨ་རུ་ལྡུམ་བུ་རེ་རལ་བོང་ང་དཀར་པོའི་ཐང་།། ཚ་བའི་ཆུ་སེར་མ་ལུས་སྐེམ་པར་བྱེད།། ཏིག་ཏ་ཁྱི་ལྕེ་བོང་ང་དཀར་པོའི་ཐང་།། མཁྲིས་པའི་ཚད་པ་ཚ་གྲང་འདུས་པ་སེལ།། འབྲུས་(འབྲས་)བཀྲུས་ཁུ་ཐང་པུ་ཤེལ་སྦྲང་རྩི་སྦྱོར།། ལེན་(ལན་)དགུ་བཏང་ན་སྐྱུག་ནད་སེལ་བར་བྱེད།། མོན་ཇ་(ཆ་)ར་དང་བིལ་བ་ད་ཏྲིག་དང་།། སྐྱེར་དཀར་མེ་ཏོག་དར་བ་སྦྱར་བ་དེས།། རྩ་དགུར་བཏང་ན་ཚ་འཁྲུ་གཅོད་པར་བྱེད།། སྲོ་(སོ་)མ་ར་རྩ་(ཛ་)བོང་ང་དཀར་པོའི་ཐང་།། དུག་གི་ནད་ཀྱིས་སྐྱུག་ནད་གནོན་པར་བྱེད།། གུར་གུམ་དོམ་མཁྲིས་བརྩོད་(བཙོད་)ཀྱིས་ཁྲག་སྐྱུག་སེལ།། སྐྱེར་པའི་བར་ཤུན་ཕྲུ་(སྦྲུ་)རྩ་མཁན་སྐྱའི་ཐང་།། དོམ་མཁྲིས་མི་མཁྲིས་སྤྲུ་བའི་འབྲས་བུ་དང་།། སྲན་མའི་མེ་ཏོག་བཏབ་པས་ཁྲག་བརྡོལ་ཁང་(ཁོང་)དུ་སྦེད།། སླེ་ཁྲེ་(ཏྲེས་)དབང་ལག་ཏིག་ཏ་ཆུ་སྲིན་སྡེར།། ཡན་ལག་འཐོར་བུའི་ཚ་བ་སེལ་བར་བྱེད།། ཨ་རུ་ར་དང་བྲག་ཞུན་སླེ་ཁྲེའི་(ཏྲེས་)ཐང་།། རྐང་ལག་དྲེག་དང་གྲུམ་བུའི་ནད་རྣམས་སེལ་བར་བྱེད།། གླ་རྩི་ག་དུར་ཙན་དན་ཤིང་མངར་ཐང་།། རྩ་ལ་གྲམ་པའི་འཐོར་ཚད་སེལ་བར་བྱེད།། བྱི་ཚེར་བྲག་(ཞུན་)ཛ་(ཛཱ་)ཏི་ཏིག་ཏ་འབྲས་བུ་གསུམ།། མཁྲིས་པ་མིག་སེར་ཕོ་བའི་ཟུག་གཟེར་འཇོམས།། སྐྱེར་པ་སླེ་ཁྲེ་(ཏྲེས་)བ་སྤྲུ་ཨ་རུ་ར།། དེའི་ཐང་ལ་གུར་གུམ་ཁུལ་(གུ་གུལ་)དཀར་པོ་བཏབ།། ཤ་ལྤགས་(པགས་)བལ་ནད་ཆུ་སེར་ནད་རྣམས་སེལ།། དེ་རྣམས་མང་སྦྱོར་ཚ་སེལ་སུམ་ཅུ་སོ་གསུམ་ཡིན།། གཅིག་ཐང་ཚ་བ་གདོང་འཕྲད་སེལ་བ་བཅུ་ལྔ་ནི།། ག་དུར་གླ་སྒང་སྲོ་ལོ་དཀར་པོའི་གཅིག་ཐང་གིས།། གློ་ཚད་སེལ་ཞིང་སྟོད་འཚང་ཚ་འཁྲུག་སེལ།། སྨུག་པོའི་སྐོམ་དང་འུ་སུའི་ཐང་གིས་སེར(སེལ)།། མིག་ནད་ཤུ་བ་ལྕགས་ཁུའི་ཐང་གིས་སེལ།། ཁྲག་གི་ནད་རྣམས་བ་ཤ་ཁ་(ཀ་)ཡིས་སེལ།། བ་རུའི་ཐང་གིས་ཆུ་སེར་སྐེམ་པར་བྱེད།། སྐྱུ་རུའི་ཐང་གིས་བཟང་ངན་ཁྲག་འབྱེད་སྐེམ།། སིལ་(སེ་)འབྲུའི་ཐང་གིས་ཡི་ག་འགག་པ་འབྱེད།། གོ་སྙོད་ཐང་གིས་མགོ་འཁོར་མུན་དུག་སེལ།། མཚུར་དཀར་ཐང་གིས་སྦོས་བཤིག་འཁྲུ་བར་བྱེད།། ཐར་ནུའི་ཐང་གིས་སྟོད་འདྲེན་སྐྱུག་པར་བྱེད།། ཨ་རུའི་ཐང་གིས་ཕོ་བའི་མཁྲིས་ནད་སེལ།། སེང་ལྡིང་(ལྡེང་)ཐང་གིས་ལྤགས་(པགས་)གྲམ་ཆུ་སེར་སྐེམ།། བད་ཀན་ཚ་བ་འདྲེས་ན་ཏིག་ཏའི་ཐང་གིས་འབྱེད།། གས་པ་སྦྱོར་ན་སྟབ་སེང་ཐང་གིས་མཐུད།། སླེ་ཁྲེ་(ཏྲེས་)ཐང་གིས་ཚ་བ་གསར་བ་སྨིན།། བཙོད་དང་རྒྱ་སྐག་ཐང་གིས་འབྲུ་(འབྲུམ་)ནག་སེལ།། བྲག་ཞུན་ཐང་གིས་དྲེག་དང་ཆུ་འགག་འདྲེན།། ཆུ་རུག་ཐང་གིས་རྒྱུ་མའི་འཁྲུ་ཚད་སེལ།།

སྤོས་དཀར་ཐང་གིས་འབྱུང་བའི་(བོའི་)སྟེང་གྲིབ་སེལ།། དེ་ལྟར་ཚ་སེལ་བསིལ་སྦྱོར་ཐང་རྣམས་དེ་ཡིན་ནོ།། ཚ་སེལ་ཐང་ལ་བཞི་བཅུ་རྩ་བརྒྱད་དོ།། གཉིས་པ་གྲང་བའི་ནད་སེལ་དྲོད་ཀྱི་ཐང་།། བྱེ་བྲག་མ་ནོར་བཤད་ཀྱིས་རིག་པས་ཟུངས།། ཤིང་ཀུན་བླ་(གླ་)སྒང་སྒྲོན་ཤིང་ཨ་རུ་ར།། གདུས་པའི་ཁུ་བ་དྲོད་མ་ཡལ་བར་བཏང་།། གྲང་རླུ་(རླུང་)གཁ་(ཁ་)གདོང་གཡོ་བ་སེལ་བར་བྱེད།། ཤིང་ཀུན་བཅའ་སྒ་གདུས་པའི་ཐང་དྲོན་ལ།། ཁ་རུ་ཚ་བཏབ་སྙིང་གི་དྲང་(གྲང་)རླུང་སེལ།། ཨ་རུ་ར་དང་བཅའ་ལྒ་རྒྱམ་ཚའི་ཐང་།། དྲོད་སྙོམས་མ་གྲང་བར་བཏང་གྲང་བ་ཀུན་སེལ་ལོ།། པི་པི་ལིང་དང་སེལ་(སེ་)འབྲུ་ལྒ་ཐང་ལ།། སྦྲང་རྩི་འབྲས་ཡོས་ཞད་རྩམ་(ཙམ་)བཏབ་པ་དེས།། སྦོས་འཁྲུ་བསྒྲེག་(སྒྲེགས་)སྐྱུག་སྐྱིགས་ནད་མ་ལུས་སེལ།། ད་ལི་(ལིས་)སུག་སྨེ་(སྨེལ་)ལྒ་ཐང་ལྕེ་མཆུ་དཀར་པོ་ཡིས།། མ་ཞུ་བ་དང་མཆིན་སྲན་(སྐྲན་)སྙིང་ནད་སེལ།། ཚ་བ་གསུམ་དང་ཤིང་ཚ་ཁ་རུ་ཚ་ཡི་ཐང་།། འོ་མ་སྦྱར་བས་གྲང་འཁྲུ་མ་ལུས་གཅོད།། ཟི་ར་དཀར་པོ་སུག་སྨེ་(སྨེལ་)སྨན་ནག་ཐང་།། ཆང་དང་སྦྱར་བས་གཉིད་འགྲོག་གཡེལ་(ཡེར་)བ་སེལ།། ཟི་ར་དཀར་པོ་པི་པི་ལིང་དང་ཁ་རུ་ཚ།། ཕོ་རིལ་ལ་ཕུད་ཤིང་ཚ་བསྡུས་པའི་ཐང་།། ཁ་ཟས་འཇུ་སླ་ཡི་ག་འགག་པ་སེལ།། ཆུ་ཕོར་བརྒྱད་དུ་སྒོག་སྐྱ་སྲང་བཞི་བསྡུས།། ཕོར་གང་བྱས་ནས་འོ་མའི་འཕྲད་དང་སྦྱར།། རླུང་རིམས་རླུང་སྐྲན་ཟས་འཇུག་(འཇུ་)རྐ་(དཀའ་)བ་དང་།། གྲུམ་བུའི་ལྷུ་ཚིགས་འཁུམ་(འཁུམས་)དང་རླུང་ནད་སེལ།། དོང་གྲ་ཨ་རུ་ར་གཉིས་སྦྱར་བའི་ཐང་།། རྒྱུན་དུ་བཏང་ན་སྐྲན་མཁྲིས་མིག་སེར་སེལ།། ཡ་བཀྴ་ར་ཐལ་ཚའི་ཐང་གིས་སྦོས་པ་སེལ།། དེ་རྣམས་གྲང་བ་སྤྱི་ཡི་སྦྱོར་ཐང་བཅུ་གཅིག་ཡིན་ནོ།། ད་ནི་གཅིག་ཐང་གྲང་སེལ་ཐང་སྟོན་ནོ།། ཅང་ཟིའི་(ཅོང་ཞིའི་)ཐལ་ཏང་ཕོ་བའི་བད་ཀན་སེལ།། རྒྱ་ཚའི་ཐང་གིས་གྲང་བ་ཆུ་འགགས་སེལ།། རྒྱམ་ཚའི་ཐང་གིས་ཟས་རོ་མ་ཞུ་སེལ།། ཁ་རུ་ཚ་ཐང་གིས་ཕོ་ལོག་རླང་ཐབ་(གླང་ཐབས་)སེལ།། སྒ་ཐང་ཕོ་བའི་དྲོད་བསྐྱེད་མ་ཞུ་སེལ།། སོག་ཚིག་(ཚིགས་)ཐང་གིས་ཆང་མ་ཞུ་ན་སེལ།། སྨད་ཀྱི་གྲང་བ་བ་སྤྲུའི་ཐང་གིས་སེལ།། མཚེར་ནད་དམུ་རྫིང་སྲད་དཀར་ཐང་གིས་སེལ།། དང་ཀ་འགག་ན་ནས་བསྡུས་ཐང་གིས་འབྱེད།། འཐོར་བུའི་རླུང་རིགས་ཏྲེ་(སྲེ་)ལོང་ཐང་གིས་གནོན།། གཅིག་ཐང་བཅུ་དང་གྲང་ཐང་ཉི་ཤུ་གཅིག། ཚ་ཐང་ཞེ་བརྒྱད་ཚ་གྲང་གཉིས་ཀ་ལ།། སྤྱི་རུ་ཐང་སྦྱོར་དྲུག་ཅུ་རྩ་དགུ་ཡོད།། དེ་རྣམས་ཁུ་བ་བཏོན་པའི་ཐང་ཡིན་ཏེ།། གདུས་པའི་ཐང་ནི་གསུམ་(སུམ་)གཉིས་སྐམ་པར་སྐོལ།། སྦང་པའི་ཐང་ནི་ཁུ་ཐོན་ཞག་ཅིག་སྦང་།། ཚ་བའི་ནད་ལ་གྲང་ཐང་དྲོད་མོ་བསྟན(བསྟེན)།། གྲང་བའི་ནད་ལ་གྲང་སེལ་ཚན་མོ་ཡིན།། ཚ་གྲང་འཁྲུག་ན་ངད་ཡལ་བག་འཇམ་བསྟན(བསྟེན)།། གྲང་ནད་ཅན་ལ་གོས་བསྟན་(སྟན་)འཐུག་པ་དང་།། བཅུད་ཅན་ཟས་བསྟན་(བསྟེན་)སྤྱོད་ལམ་འཇམ་པར་བྱ།། ཚ་བ་ཅན་ལ་གོས་སྟན་སྲབ་པ་དང་།། བཅུད་ཟས་དང་མེ་དང་ཉི་མ་སྤང་།། བད་ཀན་ཅན་ལ་ཡུན་རིང་བཅོས་པས་སེལ།། སྤྱོད་ལམ་འགྲོ་འདུག་བྱས་ན་བྱང་བ་ཡིན།། དེ་སྐད་ཅེས་གསུངས་སོ།།

སྡུག་བསྔལ་ཞི་བྱེད་གསོ་བའི་སྨན་འབུམ་དཀར་པོ་ལས་ཐང་གི་སྦྱོར་སྡེ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།



 

མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 11:34 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།