སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.11.2023
མན་ངག་རྒྱུད། >> ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།



ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ། 

མ་ཞུ་བའི་ལེའུ་གསུངས་པའི་རྗེས་དེ་མ་ཐག་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་ཡིད་ལས་སྐྱེས་ལ་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག གཅོང་ཆེན་སྐྲན་གྱི་ནད་ལ་རྒྱུ་རྐྱེན་དང་དབྱེ་བ་དང༌། གནས་ས་དང་གྱུར་ཚུལ་དང་རྟགས་དང་བཅོས་པའི་ཐབས་ཏེ་རྣམ་པ་དྲུག་གིས་བསྟན་ཏེ།

རྒྱུ་ནི་མ་ཞུ་བ་དང་བད་ཀན་དང་ཁྲག་དང་མཁྲིས་པ་དང་རླུང་དང་སྲིན་དང་ཆུ་སེར་དང་སྤུ་རྣམས་ལས་འབྱུང་བ་ཡིན་ལ།

རྐྱེན་ནི་སྔོན་གྱི་ལས་སྤྱིའི་རྒྱུ་ཡིན་ཀྱང་ཁྱད་པར་འདིར་དམིགས་བསལ་རྐྱེན་དུ་བཞག་པ་དང་གདོན་གདུག་པ་ཅན་གྱིས་སྐྲན་ཆགས་བཅུག་པ་དང༌། ཟས་མ་ཞུ་བ་དང་འགྲམས་པ་དང་འཁྲུགས་པ་དང་མཚོན་དང་བུ་བཙས་པ་དང༌། རླན་སོགས་གྲང་བ་སྐྱེད་པར་བྱེད་པ་རྣམས་ཀྱིས་སྐྲན་དུ་འགྱུར་ལ།

དབྱེ་བ་ལ་བད་ཀན་ཟས་ཀྱི་སྐྲན་དང༌། ལྷེན་གྱི་སྐྲན་དང༌། རྡོའི་སྐྲན། རླུང་གི་ལྷིང་སྐྲན་དང་ཁྲག་སྐྲན་དང་མཁྲིས་སྐྲན་དང་རྩ་སྐྲན་དང་སྤུ་སྐྲན་དང་སྲིན་སྐྲན་དང་ཆུ་སྐྲན་དང་རྣག་གི་སྐྲན་དང་བཅས་རྣམ་གྲངས་བཅུ་གཅིག་ཏུ་བཤད་དོ།།

དེའི་གནས་ནི་གློ་བ་དང་སྙིང་དང་མཆིན་དྲི་དང་མཆིན་པ་དང་མཆེར་པ་དང་མཁལ་མ་དང་མཁྲིས་པ་དང་ཕོ་བ་དང་ལོང་དང་རྒྱུ་མ་དང་ལྒང་པ་དང་མངལ་དང་བཅས་བཅུ་གཉིས་སུ་འབྱུང་བ་ལས། དེ་ལ་སྙིགས་མའམ་མ་ཞུ་བའི་ཟས་སྐྲན་ནི་ཕོ་ལོང་ལ་འབྱུང༌། ལྷེན་སྐྲན་ཡང་ཕོ་བ་དང་རྡོ་སྐྲན་ཕོ་བ་དང་ལྒང་པར་འོང༌། ལྷིང་སྐྲན་ནི་ཕོ་བ་དང་ལོང་དང་མངལ་དུ་གནས། ཁྲག་སྐྲན་ཕོ་བ་དང་ལོང་དང་མཆིན་པ་མཆེར་པ་མངལ་རྣམས་སུ་འབྱུང༌། མཁྲིས་སྐྲན་ནི་སྣོད་མཁྲིས་པ་དང་རྒྱུ་མའི་ནང་དུ་གནས། རྩ་སྐྲན་ནི་ཕོ་བ་དང་མཁལ་མ་མཆིན་དྲི་དང་རྒྱུ་གྲོག་གི་ནང་དུ་མང༌། སྤུ་སྐྲན་ནི་ཕོ་བ་དང་ལོང་དང་རྒྱུ་མ་དང་ལྒང་པར་གནས། སྲིན་སྐྲན་ནི་ཕོ་བ་དང་ལོང་གཉིས་ཀྱི་ནང་དུ་འབྱུང༌། ཆུ་སྐྲན་ལ་གནས་ངེས་མེད་གར་ཡང་འབྱུང་བ་སྲིད་དེ་ཕལ་ཆེར་གློ་བ་དང་སྙིང་དང་མཆིན་པ་དང་རྒྱུ་མ་ལོང་གི་བར་དུ་མང་བ་འབྱུང་བ་དང༌། རྣག་གི་སྐྲན་ལ་ནི་གནས་གར་འོང་ངེས་པ་མེད་དོ། །མདོར་བསྡུས་ན་སྐྲན་རིགས་དེ་དག་ཕྱི་སྐྲན་དང་ནང་སྐྲན་དང་བར་སྐྲན་གསུམ་དུ་འདུ་བའི་ཕྱི་སྐྲན་ནི་སྣོད་ཀྱི་ཕྱི་དང་ཤ་ལྤགས་ཀྱི་བར་དུ་འབྱུང༌། བར་སྐྲན་ནི་སྣོད་དྲུག་གི་ནང་ལྡེབས་དང་དོན་ལྔའི་ལོགས་ན་གནས་ཤིང༌། ནང་སྐྲན་ནི་དོན་ལྔ་སྣོད་དྲུག་པོ་ཀུན་གྱི་གཏིང་ན་གནས་ལ་སྐྲན་དེ་ལ།

གྱུར་ཚུལ་ཁ་ཟས་གྱོང་ནི་གོང་དུ་མ་ཞུའི་ལེའུར་བཤད་པའི་རྩམ་པ་སོགས་སོ། །ཚིལ་ནི་ཚིལ་བུ་སོགས་སྣུམ་གྱི་རིགས་དངོས། སྦང་མ་སྟེ་ཆང་དེ་དག་སོགས་ཁོང་ནས་རྫས་ཀྱི་ངོ་བོ་གྱོང་རླན་སྣུམ་པ་གསུམ་ཞེས་པ་རྣམས་མ་ཞུ་བར་རང་སོར་དུ་གནས་པས་བེ་སྣབས་དག་ཏུ་འདྲིལ་བས་སྙིགས་མ་མ་ཞུ་བའི་ཟས་ཀྱི་སྐྲན་དུ་འགྱུར་རོ། །མ་ཞུ་བའི་རྐྱེན་གྱིས་བད་ཀན་གྱི་བེ་སྣབས་འཕེལ་བ་དེ་ཉིད་རླུང་གིས་རིམ་པར་རྡོག་པོའམ་གོང་བུར་བསྒྲིལ་བས་ལྷེན་སྐྲན་ཞེས་བྱ་བར་འགྱུར་རོ། །དྭངས་མ་མ་ཞུ་བར་ཕོ་བར་ཡུན་རིང་དུ་གནས་པས་བད་ཀན་དང་གྲང་བས་རྒྱུ་བྱས་ཏེ་རླུང་གིས་བསྒོངས་ནས་ཡང་ཡང་གཡོགས་ཤིང་མཁྲེགས་ལ་སྲ་བར་སྨིན་པ་དེ་ནི་དྭངས་མ་མ་ཞུ་བའི་རྡོ་སྐྲན་ཞེས་བྱ་བར་འགྱུར་རོ། །གཞན་ཡང་དྭངས་མ་མ་ཞུ་བར་མཆིན་པར་ཁྲག་ངན་རྒྱས་པས། མཆིན་པའི་གཤམ་དུ་ཁྲག་གི་ཟིལ་པ་ཆགས་པ་དེ་འཕེལ་ཞིང་རྒྱས་པས་མཆིན་པའི་ཁྲག་སྐྲན་དུ་འགྱུར་རོ། །དེ་དང་འདྲ་བ་མཆེར་པར་ཞུགས་པས་མཆེར་པའི་སྐྲན་དུ་འགྱུར་ལ། མཆིན་པའི་ཁྲག་དེ་ཕོ་བར་ལྷུང་བས་བད་ཀན་གྱིས་བསྲུལ་ཁྲག་གིས་བཅོས་པ་འདྲིལ་བས་སྨུག་པོའི་སྐྲན་དུ་འགྱུར་བ་དང༌། །དེ་ཉིད་ལོང་གི་ཕུགས་ལ་འདྲིལ་བ་ལོང་སྐྲན་ཞེས་བྱ་བ་ཡིན། དེ་བཞིན་དུ་རྒྱུ་མར་ལྷུང་བ་ཡང་མཁྲིས་པར་འདྲེས་པས་སྲ་བར་འདྲིལ་བ་རྒྱུ་མའི་མཁྲིས་པའི་སྐྲན་ཡིན་ལ་དྭངས་མ་དེ་མ་ཞུ་བ་མཆིན་པར་གནས་པ་མཁྲིས་པར་ལྷུང་བ་དེ་མཁྲིས་པའི་རྩི་ཆགས་ནས་འདྲིལ་བ་སྣོད་ཀྱི་མཁྲིས་སྐྲན། དྭངས་མ་མ་ཞུ་བར་ངན་ཁྲག་རྒྱས་པ་དེ་མཆིན་དྲི་དང་གློ་བ་མཁལ་མ་རྒྱུ་གྲོག་གི་ནང་བརྒྱུད་ཕོ་བའི་རྩར་འགྲིམས་པ་རྣམས་ས་གཅིག་ཏུ་འདྲིལ་བ་རྩའི་སྐྲན། མདའ་མདུང་སོགས་མཚོན་ཕྱིན་པའི་ལམ་མམ་ཤུལ་གྱིས་མཚོན་པའི་ཁྲག་འཁྱིམས་པའང་དེ་བཞིན་དུ་གྱུར་པ་ཡིན་ནོ།།དྭངས་མ་དེ་མ་ཞུ་བར་ལྒང་པའི་རྩ་མིག་ཏུ་འགྲིམས་པ་ཆུའི་དྲོད་ཀྱིས་བཙོས་པའི་བསྒྲིལ་ཏེ་རྡེའུར་འགྱུར། བུད་མེད་ལ་བུ་བཙས་པའི་ནད་ཀྱི་ལྷག་མ་མངལ་དུ་འདྲིལ་བ་དེ་ཉིད་བུ་བཙས་པའི་མངལ་གྱི་ཁྲག་སྐྲན་ཡིན་ནོ།། ཕོ་བ་དང་ལོང་དུ་སྲིན་བུ་དྲུ་བུར་འདྲིལ་བ་དེ་སྲིན་གྱི་སྐྲན་ཞེས་བྱ་བ་ཕོ་བ་དང་ལྒང་པའི་ནང་དུ་སྤུ་འཐུམས་ཏེ་འདྲིལ་བས་སྤུའི་སྐྲན་དུ་འགྱུར་རོ། །དྭངས་མ་དེ་མ་ཞུ་བར་རྩ་མིག་ཏུ་བྱེར་བ་ཡིས་དོན་སྣོད་ཀྱི་ལོགས་རྣམས་ལ་ཆུ་སེར་ཕུར་མར་ཆགས་པ་ཆུ་སྐྲན་ཞེས་བྱ་ལ། རྣག་སྐྲན་ཞེས་པ་རྣག་འཐུམས་བུར་གནས་པ་ཡིན་ལ་དེ་ལ་གསེར་མཆན་དུ་གོ་དཀའ་བར་ཡོད་པ་བཀྲོལ་ན་དབྱེ་བ་གསུམ་ཡོད་དེ་རྩ་མིག་རྣམས་སུ་སྐར་མདའ་ལྟར་རྒྱུག་པ་འཐུམས་པའི་སྐྲན་དང༌། མཚོན་ཁྲག་བྱ་ལམ་ཆད་པ་ལྟར་གཞན་དུ་འགྲོ་མ་ཐུབ་པའི་རྣག་སྐྲན་ཁོང་འབྲས་ཀྱི་རིགས་སྨིན་ནས་རྣག་ཏུ་སོང་བའི་སྐྲན་གསུམ་ཡོད་ལ། དེ་ཡང་ཕོ་བ་དང་ལོང་དང་མངལ་དུ་སྐྲན་གང་བྱུང་ཡང་རླུང་གིས་བསྐྱོད་པ་ལ་འཕྱོ་བ་དང་ལྡིང་བ་ནི་ས་གཅིག་ཏུ་མི་སྡོད་པ་དང་མི་བརྟག་པར་འཕེལ་འབྲི་བྱེད་པ་རྣམས་རླུང་གིས་བསྐྱོད་པའི་སྐྲན་དེ་ངོ་བོ་ནི་སྐྲན་ཐམས་ཅད་ལྡན་འདུས་ལས་འདྲིལ་བ་སྟེ་ནད་རྐྱང་པ་སྐྲན་དུ་འགྱུར་བ་ནི་མེད་ཅིང་དེའི་དབང་རྐྱང་པའི་རླུང་ལ་དངོས་པོ་མེད་པས་རླུང་སྐྲན་དུ་འགྱུར་བ་མེད་དོ། །མདོར་བསྡུས་ན་སྐྲན་ཀུན་ཀྱང་ཚ་བ་དང་གྲང་པ་གཉིས་སུ་བསྡུས་ལ་དེ་ཡང་ཁྲག་དང་མཁྲིས་པས་རྒྱུ་བྱས་པ་ལ་ཚ་བའི་སྐྲན་ཞེས་བྱ། བད་ཀན་དང་རླུང་དང་གྲང་བས་རྒྱུ་བྱས་པ་གྲང་བའི་སྐྲན་ཞེས་བྱ་བ་ཡིན་ནོ།།

དེ་རྣམས་ངོས་བཟུང་བའི་རྟགས་ལ་སྤྱི་དང་བྱེ་བྲག་གཉིས་ལས། སྐྲན་ཀུན་སྤྱིའི་རྟགས་ལ་རྩ་རྒྱུད་ཕྲ་ཞིང་སྟོབས་ཆུང་ཞན་ཅིང་སྤྱིར་གཡས་གཡོན་སྟོད་སྨད་ཀྱི་རྩ་མངོན་ཙམ་ལས་མི་གསལ་བར་ཞར་བ་སྟེ། དོན་སྣོད་སོ་སོ་གང་བབས་བྱེ་བྲག་གི་རྩ་མི་ཁེངས་པར་ལེབ་ཆགས་སུ་འཕར་བ་དང༌། ཆུ་ལ་སྐྲན་གྱི་ཐིག་ལེ་ཉའི་མིག་ལྟ་བུ་འབྱུང་བ་ལ་བྱ་བ་དང༌། དེ་ཡང་སྟེང་འོག་བར་དུ་ཁ་དོག་བྱུང་བ་ལ་སྐྲན་ཡོད་པའི་གནས་བརྟག་སྟེ་ཁ་དོག་དཀར་ན་བད་ཀན་སེར་ན་མཁྲིས་པ། དམར་ན་ཁྲག་སོགས་བརྟག་ཅིང་ལུས་ཀྱི་ཆ་ཤས་གང་ལ་སྐྲན་ཡོད་པའི་སྟེང་དུ་དྲེག་པ་ཅུང་ཟད་ཆགས་ཤིང་ཁ་ཟས་ཀྱི་རིགས་མི་འཇུ་ལ་ཕྲན་བུ་ཙམ་གྱི་གྲང་རྐྱེན་གྱིས་སྒྲེག་པ་བྱེད་ཅིང་སྐྱུག ཁྱད་པར་དུ་ཤ་རིད་པ་སྟེ་རྗུད་པ་དང་མར་རྣམས་རྗེན་པར་བཟའ་བ་དང༌། སིངས་པོ་སྟེ་ཆང་གི་ཐ་མ་གླེག་ཅེས་ཡལ་ནས་ནལ་ནལ་པོར་གྱུར་པ་བཏུང་ན་སྐྱུག་ཅིང་དྲི་མ་སྲི་བའམ་སྐམ་པ་དང་སྐབས་འགར་འཁྲུ་བ་ཡང་སྲིད་པ་ཡིན་ལ། ལུས་ཀྱི་ཤ་སྐེམ་ཞིང་ཤེད་ཆུང་ལྟོ་བ་འགྲངས་པ་དང་གྲང་པའི་རྗེས་སུ་ན་བ་དང༌། དྲག་ཤུལ་གྱི་ལས་བྱས་ཚེ་ནད་ལྡང་བ་རྣམས་འདི་རྟགས་ཕལ་ཆེར་ལ་འབྱུང༌།

བྱེ་བྲག་ཏུ་སྙིགས་མ་མ་ཞུ་བ་ཟས་ཀྱི་སྐྲན་ནི་ཕོ་བ་འཚིང་ལ་སྒྲེག་ཅིང་ཟས་ཟོས་པའི་ཐོག་གླང་ཐབས་ལྡང་བ་དང༌། ཟས་གང་མ་ཞུ་བའི་ཟས་དེ་ལུས་ལ་མཆོག་ཏུ་གནོད་པར་བྱེད་ཅིང་གདོང་པ་དང་མིག་ལྕིབས་དང་རྐང་པའི་བོལ་རྣམས་གཡོ་བ་ཡིན་ལ། ལྷེན་གྱི་སྐྲན་ནི་རྫི་བའི་ཞེས་མནན་ན་ན་ལ་སྲན་ཆེ་ཞིང་ཟས་ཅི་ཟོས་ཀྱང་སྐྱུག རླན་དང་གྲང་སར་བསྡད་པ་དང་ཟོས་པའི་རྗེས་ལ་ན་ཞིང་ལྟོགས་ན་བདེ་བ་དང་སྒྲེག་པ་མི་ཐོན་ལ་ཤེད་ཆུང་ཞིང་འཕེལ་བ་དང་འབྲི་བ་མེད། དྭངས་མའི་རྡོ་སྐྲན་ལའང་དེ་དང་འདྲ་བ་སྟེ་ཤིན་ཏུ་སྲ་ལ་རྫི་མི་བཟོད། །མཆིན་པའི་ཁྲག་སྐྲན་ནི་འཕེལ་སྐྱེན་ལ་གཡས་ནས་རིམ་པར་ཆགས་ཤིང༌། མིག་སེར་ལ་ཆུ་དམར་ཞིང་རྩ་རྒྱུད་ཕྲ་ལ་མགྱོགས་པ་དང༌། གྲང་བ་དང་དྲོས་པའི་ཚེ་རོ་རྒྱབ་དང་མཆིན་དྲི་སྦྲག་ཅིང་ན་བ་དང་ལུས་ཀྱི་ཤ་མདོག་སྔོ་ཞིང་སྐམས་ལ་མཆིན་པའི་ཤ་ཟོས་པ་ན་སིངས་པོ་སྟེ་ཆང་གི་ཐ་མ་གླེག་ཅེས་ནལ་ནལ་པོ་ལྟར་སྐྱུག་ཅིང༌། །སྐྲན་དེ་རྒྱས་ནས་མཁྲིས་པའི་ཡུལ་ཕྲོགས་ཏེ་མིག་དང་ཆུ་མདོག་སེར་པོར་འགྲོ། མཆེར་པའི་ཁྲག་སྐྲན་ལ་རྟགས་དེ་དང་འདྲ་ཞིང་གཡོན་དུ་འབྱུང་བ་དང་སྦོ་ཞིང་སྒྲེག་ལ་ཟས་དང་སྐོམ་ལེན་ཡང་ལྦུ་བ་སྐྱུག་ཅིང་ཚ་བ་གོང་ལས་ཤས་ཆུང་ཀྱང་གདོང་པ་སྦོད་པོར་གཡོ། ཕོ་བ་དང་ལོང་གི་སྨུག་པོའི་ཁྲག་སྐྲན་ནི་ཚ་ཞིང་གཟེར་ལ་མནན་ན་འཕར་ཞིང་བསིལ་བ་དང་དྲོད་གཉིས་ཀ་གནོད་པ་དང༌། འགྲངས་པ་དང་ལྟོགས་པ་གྲང་བ་དང་དྲོས་པ་གང་བྱུང་ཡང་ནའོ། །སྣོད་དྲུག་གང་གི་མཁྲིས་པའི་སྐྲན་ནི་ཤ་མདོག་སྔོ་ལ་སྐམ་པ་དང་ཟས་ཀྱི་རིགས་ལེན་པར་གྱུར་ཀྱང་ཤེད་དང་བྲལ་ལ་མིག་དང་ཆུ་སེར་བ་དང༌། སྨིན་པ་ནས་ལུས་ཀུན་ལ་ཟ་འཕྲུག་བྱེད་པ་ཡིན། རྒྱུ་མའི་མཁྲིས་པའི་སྐྲན་ནི་ལུས་ལྕི་ཞིང་མིག་ཆུ་སེར་ལ་རྩ་གྲིམ་ཞིང་དང་ག་མི་བདེ་བ་ལ་ནད་ཀྱི་ཟུག་ཆེ་བ་དང་ཁ་སྐོམ་དད་ཆེ་ལ་དྲི་ཆུ་སྲི་བ་སྟེ་འཚག་དཀའ་བར་མངོན། ལོང་གི་རླུང་སྐྲན་ནི་སྦོ་འཁྲོག་དང་ལྦུ་བ་འཁྲུ་ལ་གནས་གཅིག་ཏུ་མི་བརྟན་པར་འཕོ་འགྱུར་དང་འཕེལ་འགྲིབ་བྱེད་པ་ཡིན། བུད་མེད་ཀྱི་མངལ་སྐྲན་ནི་ཚིགས་པ་དང༌། རྒྱུ་ཞབས་སྐྲངས་ནས་རེ་མོས་སུ་ལྡང་དུབ་ཀྱིས་གཟེར་བ་དང༌། འགྲངས་ཆེ་བའི་ཚེ་ན་ཞིང་སྐབས་སུ་མཚན་མ་ནས་ཁྲག་དྲོད་ཅན་འཛག ལྒང་པའི་རྡོ་སྐྲན་ནི་དྲི་ཆུ་བགགས་ལ་ཟུག་གཟེར་ཆེའོ། །གློ་བའི་རྩ་སྐྲན་ནི་གློ་མང་ཞིང་འགོག་པ་དཀའ་བ་དང༌། སྐད་འཛེར་ལ་ཤ་ལུས་སྔོ་ཞིང་སྐམ་ལ་ཟོས་པའི་རྗེས་སུ་སྐྱུག མཁལ་མའི་རྩ་སྐྲན་ནི་ཐོག་མར་ན་ཟུག་ཆུང་ཞིང་སྨིན་ནས་ཕྱི་ནས་ཀྱང་ལྟར་མངོན་ལ་ཤ་སྐམ་ཞིང་དགྱེ་དགུ་དཀའ་བ་དང༌། ཆུ་མདོག་དམར་ལ་ལུས་ལྕི་ཞིང་ཆུ་འཐུངས་ན་སྐྱུགས། མཆིན་དྲིའི་རྩ་སྐྲན་ནི་ཚིགས་པ་བརྒྱད་པ་ནས་དགྱེ་དགུ་གཉིས་ཀ་མི་བདེ་ལ་སྒྲེག་ཅིང་སྐྱུག་པ་སྙམ་བྱེད་ཅིང་མཆིན་པ་དང་མཆིན་དྲིའི་ཤ་ཟོས་ན་འཕྲལ་དུ་སྐྱུགས་པར་འགྱུར། རྩ་སྐྲན་ཕལ་ཆེ་བར་ནི་ཆེ་ཆུང་ལུག་གི་རིལ་མ་ཙམ་ལ་རྩ་དང་ཆུ་གཉིས་ཚ་བའི་རྟགས་འབྱུང༌། སྲིན་སྐྲན་ནི་འདྲིལ་བའི་དུས་ཟུག་བཟོད་གླགས་མེད་པར་ཆེ་ཞིང་ཞི་བའི་དུས་བདེ་བ་དང་སྤུ་སྐྲན་ནི་གནས་གང་དུ་བྱུང་བར་གནས་པའི་རྟགས་སྟོན། སྙིང་གི་ཆུ་སྐྲན་ནི་བྲང་ལ་སྲིན་གྱི་ཐོར་པ་ཕྲན་བུ་འོང་ཤེས་པ་རྒོད་ཅིང་སྨྱོ་ཚུལ་སྟོན་པའམ་ཡང་ན་ཁྲོ་བའི་ཚིག་པ་ཟ་བ་དང་སེམས་རྩུབ་ཅིང་སེམས་ཀྱི་སྣང་བར་ཆུ་ཚན་གྱི་ནང་དུ་སྙིང་འཚེད་སྙམ་བྱེད་དོ། །སྤྱིར་ན་ཆུ་སྐྲན་ཕལ་ཆེ་བར་མིག་ལྕིབས་དང་རྐང་པའི་བོལ་གཡོ་བ་དང༌། ངོ་བོ་སྲ་ཞིང་མེར་ལ་ཟུག་ཆུང་བས་རྫི་བ་བཟོད་ཅིང་རྣག་སྐྲན་ནི་རེག་པ་ན་བརྩེད་ལ་མནན་ན་མི་བཟོད་ཅིང་རྩ་ཆུ་དང་ཕྱི་ཡུལ་ལ་ཅུང་ཟད་ཙམ་གྱིས་ཚ་བ་སྐྱེ།

དེ་ལྟར་སྐྲན་གྱི་ནད་རྣམས་ཕལ་ཆེ་བར་ལྟོ་སྟོང་ལ་ལངས་པ་དང་ཁ་བུབ་དང་གན་རྐྱལ་དང་ཟུར་ལ་གནས་པར་བྱས་ཏེ། ལག་པས་མྱངས་པས་ན་སྣོད་ཀྱི་ལྡེབས་དང་དོན་གྱི་ལོགས་སུ་ཡོད་པ་ལ་བར་གནས་ཞེས་བྱ་སྟེ་སྲ་ཞིང་འདྲིལ་ལ་ལག་པའི་འོག་ཏུ་བཟུང་བར་ནུས། སྣོད་ཀྱི་ཕྱི་དང་ཤ་ལྤགས་བར་ན་ཡོད་པ་ནི་ཕྱི་ན་གནས་པ་ཞེས་བྱ་སྟེ་མིག་ལམ་དུ་དངོས་སུ་གསལ་བར་སྟོན། དོན་སྣོད་ཀུན་གྱི་གཏིང་ན་གནས་པ་ན་མྱངས་པས་མི་གསལ་བས་རྩ་ཆུའི་རྟགས་ལ་ནད་ངོས་གཟུང་བར་བྱ་དགོས་ཀྱང་གློ་བ་དང་མཆིན་པ་མཆེར་པ་རྣམས་དེ་གའི་མདུན་རྒྱབ་ཀྱི་སྐྲན་གསང་གི་སར་གཟེར་འབྱུང་བ་ཡིན་ནོ། །མདོར་བསྡུས་ན་ཚ་སྐྲན་ནི་རྩ་ཆུ་དང་ཕྱི་ཡུལ་དུ་ཚ་ཤས་ཆེ་ལ་སྐྲན་ཡོད་པའི་གནས་དེར་འཕེལ་སྐྱེན་ལ་ཚ་ཞིང་མནན་ན་འཕར་བ་དང༌། ཁ་ཟས་ལ་དྲོད་དང་བཅུད་ཀྱི་རིགས་བཏང་ན་མི་འཕྲོད་ཅིང་བསིལ་བ་འཕྲོད་ལ་རྟགས་དེ་ལྟར་ལས་གོ་ལྡོག་པར་བྱུང་ན་གྲང་བའི་སྐྲན་དུ་བརྟག་པ་དེ་ངོས་བཟུང་ལ་ཚ་གྲང་གང་ཡང་ཟུག་ཆེ་ལ་སྐྱུག་ཅིང་ལུས་ཟུངས་ཀྱི་རྩ་བ་དང་ག་སྟེ་ཟས་ཡིན་ལ། ཤ་ཤོར་བ་མུར་གོང་གི་ཤ་སོགས་སྐམ་པ། རྩ་ཤོར་བ་རྩ་ལ་ཤེད་མེད་པ། མེ་དྲོད་ཤོར་ནས་ཟས་མི་འཇུ་ཞིང་དང་ག་མེད་པ་དེ་གསུམ་ཤོར་བ་འཛོམས་ན་སྤང་ཞེས་པ་དང༌། ལུས་སྟོབས་དང་ལྡན་ཅིང་ནད་ཟུག་མེད་ལ་ཁ་ཟས་ཀྱི་རིགས་གང་ཡང་ཚུད་པའི་དང་ག་བདེ་ན་ཟས་སྤྱོད་མ་ལོག་ཚེ་འཚོ་བས་བརྩོན་པས་བཅོས་ཞེས་པ་འདི་དང་གཞན་རྣམས་སུའང་སྤང་བླང་གི་བྱེ་བྲག་བསྟན་པ་རྣམས་བླང་དོར་གྱི་ས་ལ་མི་རྨོངས་པ་དང༌། རིག་བྱེད་ཀྱི་གཞུང་ལྟར་ཤེས་དགོས་ཏེ་སློབ་དཔོན་དཔའ་བོའི་གསུང་ལས། འདི་ནས་ཐོག་མར་ནད་བརྟག་ལ། །དེ་ནས་གསོ་བ་བརྩམ་པར་བྱ། །གཞན་དུ་རང་དོན་ཉམས་པ་དང༌།། གྲགས་པ་ཉམས་པ་ཉིད་ཐོབ་འགྱུར། །ཞེས་དང༌། བཤད་རྒྱུད་དུའང༌། འཆི་ལྟས་མི་ཤེས་གསོ་བ་བླང་དོར་འགག །དེ་མ་ཤེས་ན་སྙན་གྲགས་ཐོབ་མི་འགྱུར། །དེ་ཕྱིར་མཁས་འདོད་འཆི་ལྟས་བརྟག་པར་བྱ། །ཞེས་འཇིག་རྟེན་གྱི་གྲགས་པར་ཁ་དམར་གདགས་པ་ཙམ་དུ་དེ་ལྟར་གསུངས་ཀྱང༌། དོན་ལ་བླང་དོར་གྱི་སྐབས། སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་དེ་བསྐྱེད། །ཅེས་སོགས་གཞུང་འདིར་འཇུག་པའི་ཕྱིར་ནད་པ་ཅི་འདྲའང་བསམ་སྦྱོར་གྱིས་སྤང་བའི་སྐབས་མེད་དེ། འབུ་སྲིན་སོགས་ཀུན་རྟག་ཏུ་རང་འདྲར་བལྟ། །ཞེས་སོགས་ཀྱི་རྗེས་སུ་འབྲང་དགོས་སོ།།

བཅོས་པའི་ཐབས་ལ་ཡང་སྤྱི་དང་བྱེ་བྲག་གཉིས་སུ་ཡོད་པ་ལས། སྤྱི་ལའང་བཅོས་པའི་ཐབས་སྨན་དང་དཔྱད་དང་ཟས་དང་སྤྱོད་ལམ་དེ་བཞི་ཡོད་ལ། བཅོས་གཞི་དེ་ལ་ཡང་ཚ་སྐྲན་དང་གྲང་སྐྲན་གཉིས་པོར་ཕྱི་སྐྲན་ནང་སྐྲན་བར་སྐྲན་གསུམ་དུ་སྦྱར་ལ་དེའི་དང་པོ་ནང་ན་གནས་པའི་ཚ་སྐྲན་དེ་ལ་རྒྱ་གར་ཏིག་ཏ་དང་གསེར་གྱི་མེ་ཏོག་དང་དུག་མོ་ཉུང་ཅུ་གང་གུར་ཀུམ་སྟེང་སྟོད་ལ་ལི་ཤི་དང་སྨད་ལ་སུག་སྨེལ་ཏེ་བསིལ་གསུམ་དང་བྲག་ཞུན་དང་རུ་རྟ་དང་པི་པི་ལིང་ཚ་ལ་དང་འགྲོན་ཐལ་དང་ཨ་རུ་ར་དང་ནི། ཅོང་ཞི་དྲག་པོར་ཏེ་རྒོད་དུ་བཏུལ་བའི་ཐལ་བ་དང་ལྡོང་རོས་ཧོང་ལེན་ད་ལིས་གསུམ་ནུས་ལྡན་བསྲེགས་པའི་ཐལ་བ་རྣམས་ཀ་ར་དང་སྦྱར་ལ་བཏང༌། དོན་ལྔ་སྣོད་དྲུག་གོང་དུ་བཤད་པ་གང་དང་སྐྲན་ཉེ་བའི་རྩ་ལ་གཏར། དོན་ལྔ་ལ་རྩ་སྦྱོངས་ཀྱི་སྨན་དོན་སོ་སོའི་ཁ་འཛིན་བསྣན་པ་དང༌། སྣོད་དྲུག་ལ་ལྟོ་གཙོ་བོའི་སྦྱོར་བར་སོ་སོའི་ཁ་བསྒྱུར་བསྣན་པ་གང་རིགས་ཕྱི་རྒྱུད་ལྟར་སྦྱངས་པའི་རྗེས་ལ་ཆུ་ལུམས་ཞེས་རང་བྱུང་ཆུ་ཚན་བྱ། བར་དེར་གནས་པའི་ཚ་སྐྲན་ལ་ཅུ་གུར་ལི་ཤི་ཛཱ་ཏི་སུག་སྨེལ་ཀ་ཀོ་ལ་སྟེ་བཟང་དྲུག་དང་ཨ་རུ་ར་ཙནྡན་དཀར་དམར་གཉིས་ཨུཏྤལ་དང་བོང་ང་དཀར་པོ་རྒྱ་གར་ཏིག་ཏ་དང་གསེར་གྱི་མེ་ཏོག་དུག་མོ་ཉུང་རུ་རྟ་དང་ཚ་ལ་དང་རྒྱམ་ཚྭ་དང་པི་པི་ལིང་སྤོས་དཀར་དང་སེང་ལྡེང་མུ་ཟི་སེར་པོ་བསེ་རུ་དང༌། རྟ་དཀར་པོའི་རྨིག་པ་བཙའ་མ་སྟེ་རྙིང་པ་གཅན་གཟན་གང་རུང་གི་རུས་པ་དང་གཡག་རྒོད་འབྲོང་གི་རྭ་དང་རུས་པ་བཅས་སེར་ཙམ་བསྲེགས་པ་དང་ཅོང་ཞི་རྒོད་བཏུལ་གོང་ལྟར་བྱས་པ་དང་ཀ་ར་རྣམས་སྦྱར་ལ་བཏང༌། གང་རུང་གཏར་བ་དང་སྦྱོང་དང་ཆུ་ལུམས་ལ་སོགས་གོང་བཞིན་དུ་ཤེས་པར་བྱའོ། །ཕྱིའི་ཚ་སྐྲན་ལ་མཁན་པ་དང་སྤྱང་ཚེར་གྱི་རྩ་བ་དང་ལྕེ་ཚ་དང་འོལ་མོ་དང་གོ་སྙོད་དང་བྱི་བའི་བྲུན་རྣམས་སྦངས་པའི་ལུམས་བྱས་པས་ཕལ་ཆེ་བར་རྣག་ཏུ་འགྱུར་ལ། གལ་ཏེ་དེས་མ་ཁུགས་ན་གོང་ལྟར་གྱི་སྨན་དང་དཔྱད་དེ་གཏར་གའི་རིགས་གང་བབས་དང་ནུས་པ་རྩོལ་བའི་སྒོ་ནས་སྦྱང་བ་དང༌། གང་བབས་སུ་ཚ་ཐུར་བརྒྱབ་ལ་འབྲས་ལྟར་རུལ་གཅོད་སྦྱར་ཞེས་པ་ནི། བྱང་པ་རྒྱ་ཚ་རུ་རྟ་ཤུ་དག་ནག་པོ་དང༌། ཐར་ནུ་འབྲུག་རུས་སྦྲང་སྨྱོན་སྒ་པི་ཕོ་རིས་ཏེ་ཚ་བ་གསུམ་སྦྱར་ལ་རྨ་མེད་ན་ཐུར་མས་སྨན་ལམ་བཏོད་ལ་གཞུག ཡང་ན་བྱི་ཤང་དཀར་མོ་ལ་བཞེད་པ་མི་མཐུན་ཀྱང་དོན་སྔོ་དེ་བཤད་རྒྱུད་རྐྱང་སེལ་ཁ་སྐོང་དུ་བཤད་པ་ལྟར་དང་གོ་བྱེ་ཞེས་མ་ནུ་ཁྲག་ཅན་དང་མཚལ་དང་ཟེ་ཚ་རིལ་མ་ཙམ་གཉིས་བསྲེས་པ་དང་གླ་རྩི་དང་སྦྲང་རྒོད་དེ་སྨྱོན་པའི་རེང་བུ་གཞུག་ཅིང་ཚ་བ་མི་ཚོར་བར་ཆུ་བུར་ཐུག་ཏུ་བྱུང་ན་ཐེབས་པ་ཡིན་ལ་དེ་སྟེང་དུ་མིའི་ཀླད་པ་བྱུགས་ལ་སླར་ཡང་དེའི་སྟེང་ཤོག་བུས་ཁ་བཀབ་ནས་བཞག ཕོ་བར་ཟན་དྲོན་གྱི་དུགས་ཀྱིས་བག་རེ་ཙམ་བདུག དེ་རྣམས་ཚ་སྐྲན་ཡིན་པས་ཟས་སྤྱོད་རི་དྭགས་ཀྱི་ཤ་དང་ལུག་ཤ་གསར་པ། བ་དང་མཛོའི་ཞོ་དང་དར་བ་མར་གསར་པ་ལ་སོགས་པ་བསིལ་ལ་ཡང་བ་རྣམས་བསྟེན་ཞིང་རུལ་སྐྱུར་དང་འཇུ་དཀའ་བ་སྔོ་ངད་སོགས་གྲང་བའི་ཟས་དང་དྲག་ཤུལ་གྱི་ལས་དང་མེ་དང་ཉི་མས་གདུངས་པ་རྣམས་སྤང་ངོ༌།།

ཟབས་སུ་ཞེས་དོན་སྣོད་ཀུན་གྱི་ནང་ངམ་གཏིང་དུ་ཞུགས་པའི་གྲང་སྐྲན་བཅོས་པ་ནི། ཐང་མ་སྒྲོན་ཤིང་དང་དུར་བྱིད་དང་དནྡ་དང་ཡ་བཀྵ་ར་བཅའ་སྒ་དང་པི་པི་ལིང་ཕོ་བ་རིས་ཙི་ཏྲ་ཀ་དབྱི་མོང་སྟེ་ཚ་བ་ལྔ་དང་རྒྱ་ཚྭ་ཁ་རུ་ཚྭ་ལྕེ་མྱང་ཚྭ་ཙབས་རུ་ཚྭ་རྒྱམ་ཚྭ་སྟེ་ཚྭ་སྣ་རྣམ་པ་ལྔ། སརྫི་ཀ་དང་གནྡྷ་པ་ཏྲ་འབྲས་བུ་ཨ་བར་སྐྱུར་གསུམ་རུ་རྟ་དང་ནི་ཟི་ར་དཀར་པོ་དང་ནག་པོ་གཉིས་ཧོང་ལེན་རྣམས་ཕྱེ་མ་བྱས་པ་དེ་ཉིད་ཏིལ་མར་འབྲི་ལུག་རུས་པའི་ཞག་དང་རྐང་མར་ཞོ་རྣམས་མར་གྱིས་སྦྲུས་ལ་རྫ་མ་ཁ་སྦྱར་གྱི་ནང་དུ་ནུས་ལྡན་བསྲེགས་པའི་ཐལ་བ་དེ་ཉིད་རྒྱལ་པོ་ཡིན་པས་སུམ་གཉིས། རྗེའུ་རྒོད་མ་ཁ་སྟེ་ཕྱི་རྒྱུད་ཀྱི་ཀ་རཉྫ་དྲུག་པ་གསུམ་གཅིག་དང་སྦྱར་ཞེས་རྫོང་འཕྲང་ནས་བཤད། སེ་འབྲུ་བརྒྱད་པ་ནི་སེ་འབྲུ་ཤིང་ཚ་སུག་སྨེལ་པི་པི་ལིང་སྒ་ཛཱ་ཏི་གུར་ཀུམ་ཀ་ཀོ་ལ་བརྒྱད་དང་ནང་ནུབ་རེ་མོས་ལྟག་པ་སྤྲད་དེས་མེ་དྲོད་སྐྱེད་པ་དང་དང་ག་འབྱེད་པར་བྱེད་དོ། །དེ་རྗེས་ལ་རྒྱམ་ཚྭ་དང་ཚ་ལ་དང་ལ་ལ་ཕུད། བཤད་མ་ཐག་པའི་ཚ་བ་ལྔ་དང་ཨ་རུ་རའི་ཐལ་སྨན་སྦྱར། བྱ་རྒོད་དང་གོ་བོ་དང་སྤྱང་ཀིའི་བྲུན་དང་ཕོ་བ་དང༌། ཟི་ར་ནག་པོ་དང་ཁ་རུ་ཚྭ་དང་ཙབས་རུ་ཚྭ་བཤད་མ་ཐག་པའི་ཚ་བ་གསུམ་དང་སྦྱར་ལ་ལྟག་པ་སྤྲད། ཡང་ན་ཟ་བྱེད་ཆེ་ཆུང་ཕྱི་རྒྱུད་དུ་ཟ་བྱེད་ཆུང་བ་དང་ཆེ་བ་བྱ་གོ་བོ་བྱ་རྒོད་སོགས་དང་ཆུང་བ་ཚ་བ་གསུམ་སོགས་གོང་གི་ཐལ་སྨན་སྦྱར་བ་དང༌། ཕྱི་རྒྱུད་ཀྱི་སེ་འབྲུ་ཤིང་ཚ་སུག་སྨེལ་པི་པི་ལིང་སྟེ་བཞི་པ་དང་ནང་ནུབ་ཏུ་ལྟག་པ་སྤྲད་དེ་བཏང་དེས་དྲོད་སྐྱེད་ཅིང་དང་ག་འབྱེད་པར་བྱེད་པ་དང་གྲང་བའི་སྐྲན་མ་ལུས་པ་ཐལ་བར་རློག་པར་བྱེད་དོ། །སྐྲན་དེ་ཞིག་ནས་སྙི་བར་མངོན་པ་དང་ཟུག་ཆེ་ལ་རྩ་དང་ཆུ་ལ་ཚ་བའི་རྟགས་འབྱུང་བས་གཅོད་བྱེད་ཀྱི་བཤལ་ནི་ལག་ལེན་རིན་ཆེན་གཏེར་སྤུངས་སུ་ཨ་རུ་ར་དནྡ་དུར་བྱིད། ཤྲྰི་ཁཎྜ་རྒྱམ་ཚ། དབྱི་མོང་དཀར་པོ། སྲུབ་ཀ་ལྕེ་ཚ་རྣམས་རིལ་བུ་བྱ་ཞེས་འབྱུང་བ་ལྟར་གྱིས་སྦྱངས་ལ་རྗེས་ལ་གང་བྱུང་སར་མེས་བསྲེག བར་དུ་གནས་པའི་གྲང་བའི་སྐྲན་ལ་ཐང་མ་སྒྲོན་ཤིང༌། བཤད་མ་ཐག་པའི་འབྲས་བུ་གསུམ། རྐྱང་སེལ་དུ་བཤད་པའི་ཚྭ་སྣ་ཚོགས་ཚད་དང༌། སེ་འབྲུ་དང་པི་པི་ལིང་ཛཱ་ཏི་སུག་སྨེལ་ཀ་ཀོ་ལ་སྟེ་བཟང་པོ་གསུམ་དང༌། ཚ་ལ་དང༌། སྤོས་དཀར་དང༌། དུར་བྱིད་དང༌། ལྕེ་ཚ་དང༌། དབྱི་མོང་སྲུབ་ཀ་སྟེ་སྔོའི་ཚ་བ་གསུམ་དང༌། རྒོད་གཡག་སྟེ་འབྲོང་གི་རྭ་རྣམས་ཀྱི་ཕྱེ་མ་ཆང་གིས་སྦྲུས་ལ་ལྕགས་ཀྱི་སླ་ངར་ནུས་ལྡན་དུ་བསྲེགས་པའི་ཐལ་བ་བུ་རམ་དང་སྦྱར་བ་ཆུ་བསྐོལ་གྱིས་དབུལ་བ་དང༌། ཞིག་ནས་གོང་བཞིན་སྦྱོང་བཏང་ལ་མ་ཞིག་ན་ཐུར་མས་གར་བབས་སུ་བརྡེག་ཅིང༌། ཐུར་མའི་རྗེས་ལ་སྐྲན་གྱི་རོ་མ་བཤལ་གྱིས་སྦྱང་བར་བྱ་བ་དང༌། བྲང་དང་རྩིབ་ལོགས་སོགས་སྐྲན་དང་ཐག་ཉེ་བ་གང་གཟེར་བ་དང༌། སྦྲུལ་མིག་ནི་ལྷེན་སྣའི་གཡས་གཡོན་ཚོན་རེ་དང་དོན་སྣོད་གང་ལ་བབས་པའི་ཚིགས་གསང་གོང་དུ་སོང་བ་ལྟར་བསྲེག་གོ། །ཕྱིའི་གྲང་སྐྲན་ལ་སྣུམ་འཆོས་དང་བྱེ་བྲུན་བསྲོས་པའི་དུགས་བྱས་ལ་དེས་སྙི་བ་སྟེ་འབོལ་བར་གྱུར་ནས་མེའི་བུམ་པ་ཚད་ལྡན་ནི། བཤད་རྒྱུད་དུ། བུམ་པ་ཁྱུད་འཁོར་སོར་ནི་བཅོ་བརྒྱད་ལ། །སྲིད་སོར་བཅུ་གཉིས་ཁ་ཟླུམ་སོར་བཞི་པ། །ཕྱི་སྐྲན་འཇུ་ཞིང་འདྲེན་ལ་སྦྱར་བར་བྱ། །ཞེས་པ་དེའི་ནང་དུ་ཤོག་བུའི་མེ་སྦར་ལ་གླན་པའི་མེ་བཙའ་བྱ། ཐེངས་འགའ་སྟེ་ལན་མང་བསྟེན་པས་འཇུ་ཞིང་ཕྱི་རུ་འདྲེན་ལ་ཕྱིར་འབུར་ཐོན་ནས་སོ་མའམ་རས་སྐུད་ཕྲ་མོ་ལ་ལྗག་ཅེས་ཏེ་དེ་དག་གིས་ཐུར་མཚམས་སམ་མཐའ་ནས་བསྡམས་ལ་བཙིར་ཞིང་གཙགས་བུས་དྲལ་ལ་སྐྲན་ཕྱིར་དབྱུང་རྗེས་རྨ་ལྟར་གསོ་དགོས་ཏེ། དནྡ་དང་ཡུངས་ཀར་དང་ཟར་མ་ཏིལ་གསུམ་སྦྱར་ལ་བྱུག གོང་གི་དེས་མ་འདྲོངས་པའི་ཚེ་གང་བྱུང་ལ་ཚ་ཐུར་བརྒྱབ་ལ་འབྲས་ལྟ་བུར་བཅོས་ཤིང༌། དེ་རྣམས་ཀྱི་ཟས་སྤྱོད་ནི་ལུག་དང་གཡག་རྒོད་དེ་འབྲོང་དང༌། གཅན་གཟན་གྱི་རིགས་དང་གོང་མོ་སྲེག་པ་ཁྱིམ་བྱ་དང་བྱེའུའི་རིགས་ཀྱི་ཤ་འབྲས་ཆན་དང་སྤོད་དེ་པི་པི་ལིང་ཕོ་བ་རིས་བཅའ་སྒ་ཡུང་བ་གཡེར་མ་སོགས་དང་བཅས་པ་ཟན་དྲོན་དང་ཞུན་མར་གང་རིགས་བསྟེན་པ་དང་ཆང་གི་དྭངས་མ་སྟེ་ཐོག་མ་བཙགས་པ་དང་སྒ་ཆུ་ལ་བཏབ་སྟེ་བསྐོལ་བ་བཏུང༌། བཅུད་མེད་པ་དང་འཇུ་དཀའ་བ་བསིལ་པོའི་ཕྱོགས་ཐམས་ཅད་སྤང༌། རན་པར་བཅག་པ་དང་རྩོལ་བ་ཞེས་དེ་ལས་བྲེལ་ཙམ་རྔུལ་ཐོན་བཅག་པ་དང་གཡི་སྤྱང་གི་སྤུ་དུགས་བསྟེན་ཞིང་རྡོ་རན་ཙམ་བསྲོས་པས་སྐྲན་ལ་ཅུང་ཟད་མཉེ།

བྱེ་བྲག་ཏུ་བཅོས་པའི་ཐབས་སྙིང་གི་ཆུ་སྐྲན་ལ་བསེ་རུ་དཀར་པོ་དང་དོམ་མཁྲིས་དང་ཛཱ་ཏི་དང་ཟངས་ཐལ་དང་ཤ་རུ་དང་དུར་ནང་གི་མི་ཐོད། འགྲོན་བུའི་ཐལ་བ་རྣམས་སྦྲང་དང་སྦྱར་བ་བཏང༌། དེས་ཀྱང་མ་སྐེམས་ན་དེ་སྟེང་ལ་དངུལ་ཆུ་དང་སྟར་བུ་དང་དབྱི་མོང་དང་ལ་ཆ་བསྒར་བའི་འཁར་པོ་བསྣན་པའི་རིལ་བུར་བྱས་ལ་དེས་སྙིང་གི་ཆུ་རྣམས་བསྐམ་པར་བྱ། དེས་ཀྱང་མ་སྐེམས་ན་ཕྱི་རྒྱུད་ལྟར་སྙིང་ཆུ་ཐུར་མས་བཙག་པ་ནི་ཕོ་ལ་ནུ་མ་གཡོན་པ་ནས་ནང་དུ་ཚོན་གང་བསྐུམས་དེ་ནས་ཐུར་དུ་ཚོན་གང་གཞལ་བའི་སར་དབུགས་བསྡམས་ན་འཕར། མ་བསྡམས་ན་མི་འཕར་བའི་ས་དེར་གཙགས་བུས་ཐུར་མ་ཤོང་བ་ཞིག་དབྲལ་བ་དེར་ཐུར་རྩེ་བཅུག་སྟེ་ཐུར་མ་སོར་གཅིག་གི་རྐེད་ནས་བཟུང་ལ་དལ་བུས་དབུལ་དེ་ནུབ་པ་དང་སོར་རེ་བསྣུད་ཀྱིན་ཕུལ། ནང་དུ་བརྡོལ་ནས་བྱོལ་གྱི་འགྲོ། །ཡང་དེ་ག་བཞིན་བྱས་ཀྱིན་བཏང་བས་སྙིང་གི་རྩར་སླེབས་པ་དང་ཐུར་རྩེ་ལ་སྙིང་ཤུབས་ཐུག་འོང༌། དེ་ནས་ཕུར་མ་སོར་གཅིག་ཙམ་ནས་བཟུང་ལ་དབུགས་བསྡམ་དུ་བཅུག་སྟེ་དུས་གཅིག་ལ་དབུལ། དེ་ནས་སྙིང་ལྤགས་ཕུག་ནས་ཆུ་འོང་ངོ༌། །ཐུར་རྩེ་ཡིད་ཙམ་བཏོན་ལ་དབུགས་གཏོང་དུ་གཞུག དེས་མ་ཕུག་ན་ཡང་ཐུར་རྩེས་སྙིང་ཤུབས་ལ་ཐུག་བྱུང་བ་དང་ཡང་སྔ་མ་ལྟར་དབུག་གོ། །ནད་པ་ཤེས་པ་འཁྲུལ་ནས་དབུགས་བསྡམས་མ་ཤེས་དོགས་ན་གདོང་པ་དང་བྲང་ལ་ཆུ་གྲང་ཕོར་པ་ལྟ་བུས་བཤོ་བ་དང་ཐུར་མ་བརྡེག་པ་དུས་གཅིག་བྱའོ། །ཆུ་ཕྱིར་བག་ཙམ་ལས་མ་ཐོན་ཀྱང་སྙིང་ལྤགས་ཧྲོལ་ནས་སྙིང་བར་གྱི་ཆུ་ཕྱི་རུ་འཛག་སྟེ་ལུས་པོ་བྱིལ་སྐྲངས་ན་ཆུ་ཕྱིར་ཐོན་པ་ཡིན་པས་སྐེམ་སྨན་སྦྱར་རོ། །ཐུར་མགོ་ལ་རླུང་སྐྱེ་བས་གསུར་དང་བྱུག་པ་དང༌། མེ་བཙའ་རུས་ཁུ་ལ་སོགས་པ་བྱ་བ་དང༌། འདི་ཤི་གསོན་འབྱེད་པའི་དཔྱད་ཡིན་པས་མ་བྱས་ན་ཤི་འགྲོ་ངེས་ཀྱི་རིགས་ལ་བྱེད་མིན་དྲིས་པའི་ཐོག་བློ་དང་སྦྱར་ཏེ་བྱའོ། །གློ་མིག་གི་རྩ་སྐྲན་ལ་ཐོག་མར་ཆུའི་ལུམས་བྱ་ལ། དེ་ནས་སྟར་བུ་དང་སྐྱུ་རུ་ར་པི་པི་ལིང་རུ་རྟ་འདི་ལ་ཆུ་རྟ་རྒྱུད་ཕྱི་མ་རྣམས་ལ་ཡོད་པ་དང༌། དེ་ལ་བརྟེན་སྟག་ཤའི་འཁྲུངས་དཔེར། ཡང་དག་མིང་ནི་ཆུ་རྟ་མོ། །ཞེས་པ་དང༌། སྨན་ངོ་གསལ་བྱེད་ལ་ཡང་བཤད་པས་སྟག་ཤར་བཞེད་པ་དང་ཡང་དངུལ་ཆུར་བཞེད་པ་སོགས་མཆིས་ཀྱང་ཟུར་མཁར་པའི་རྒྱུད་སྒམ་ནང་མ་དང་སྦྱོ་རའི་པར་གཉིས་ཀར་རུ་རྟ་ཡོད་པ་དང་ནུས་པའང་གློ་བའི་དབང་འཐད་པར་སེམས་སོ། །ཤིང་མངར་དང་བུལ་ཏོག་དང་སྦྲང་རྣམས་སྦྱར་ལ་བཏང༌། ཡང་ན་སྟར་བུ་དང་བུལ་ཏོག་སྐྱུ་རུ་ར་དང་སྦྲང་རྣམས་ཀྱི་རིལ་བུ་མུར་བས་གློ་བའི་སྐྲན་འཇོམས་པ་ཡིན། མཆིན་པའི་ཁྲག་སྐྲན་ལ་རྩ་སྐྲན་སྤྱིའི་སྦྱོར་བ་ཞེས་ཕྱི་རྒྱུད་ཀྱི་ཐལ་སྨན་ཚ་བསྲེགས་ཀྱི་སྦྱོར་བས་གདུལ། ཡང་ན་ནི་གུར་ཀུམ་དང་ཅུ་གང་ཨུཏྤལ་ཏིག་ཏ་བྲག་ཞུན་རུ་རྟ་དོམ་མཁྲིས་བ་ཤ་ཀ་ཀྱི་ལྕེ་དཀར་པོ་མཚལ་དཀར་སོགས་ཀྱི་སྦྱོར་བ་དང༌། རྒྱུད་ཕྱི་མའི་སེ་འབྲུ་བཞི་པའི་སྟེང་སྒ་དང་ཛཱ་ཏི་གུར་ཀུམ་ཀ་ཀོ་ལ་བསྣན་པའི་བརྒྱད་པ་ལྟག་པ་སྤྲད། ཡང་ན་རྐྱང་སེལ་དུ་བཤད་པའི་སེ་རྒོད་ཀྱི་འབྲས་བུ་སྨིན་པ་སྲང་གང་བྲག་ཞུན་བཏུལ་མ་སྲང་རེ་དང་ཙནྡན་དཀར་པོ་དང་གུར་ཀུམ་གཉིས་ཞོ་རེ་ཆང་ཕོར་གང་དང་སྦྱར་ལ་ཞག་གསུམ་མནན། ལྦུ་བ་བྱུང་ན་ལངས་པ་སྟེ་དེ་ནས་བུ་རམ་སྦྱར་བའི་ལྡེ་གུ་ནང་ནུབ་བྲིད་ལ་ཆུང་དུ་བཏང་བས་མཆིན་ཁྲག་རྒྱས་པ་དང་མཆིན་པའི་སྐྲན་འཇུ་ཞིང་སྐེམ་དེ་རྗེས་རུ་ཐུང་དང་སྣོད་ཀ་གྲངས་མང་ཙམ་གཏར་ལ་ཁྲག་ཉུང་ངུ་དབྱུང༌། ཚ་བ་སྐྱེ་བ་སྲིད་ན་བྲག་ཞུན་གུར་ཀུམ་ཅུ་གང་ཨ་རུ་ཏིག་ཏ་དོམ་མཁྲིས་པི་པི་ལིང་བདུན་པ་དང་ལྟག་པ་སྤྲད་དེ་དེའི་ཕྱི་རྗེས་ལ་གོང་དུ་བརྗོད་པའི་བཤལ་གྱིས་སྦྱང༌། མཆེར་པའི་སྐྲན་ལ་དེ་དང་འདྲ་བའི་མཆེར་རྩ་རྟ་མཐུར་དང་སྲིན་ལག་རྒྱབ་རྩ་གཏར་ལ་རང་སྟེང་གང་བྱུང་རྗེས་ལ་མེས་བསྲེག མཁལ་ཚིལ་གྱི་རྩ་སྐྲན་ལ་དང་པོ་ཆུའི་ལུམས་བྱ་ཞིང་ཟུག་ཆུང་ཞིང་སྙི་བ་དང་བདེར་སོང་ན་བྱིན་གཞུག་དང་ལོང་རྩ་གཏར། དེས་ཕན་སྐྱེད་མེད་ན་བྱ་བྲག་སྟེ་ཕུག་རོན་གྱི་བྲུན་དང་བྲག་སྐྱ་ཧ་བོའི་ལུམས་བྱས་ཏེ་རྣག་ཏུ་བཀུག་ལ་གང་ཡོད་ལ་མེས་ཕྱི་རྗེས་བཅད། མ་ཁུགས་ན་ཚད་པ་ཚད་ལྡན་ཕྱི་རྒྱུད་ལྟར་གྱི་བྱང་ཆུབ་སེམས་དཔའི་རྩ་སྦྱོངས་ཀྱིས་སྦྱངས་ལ་མཁལ་ཚིལ་གསང་ལ་ཐུར་མས་བཅོས། མ་ཞུ་བའི་ཟས་ཀྱི་སྐྲན་ལ་ལྷེན་སྐྲན་དང་རྡོ་སྐྲན་གཉིས་ལ་གསར་པའི་དུས་ན་རྡོ་བསྲོས་པས་སྐྲན་ལ་ཅུང་ཟད་རེ་མཉེ་བར་བྱ། རྒྱམ་ཚྭ་དང་ལ་ལ་ཕུད་དང་ཨ་ཟ་མོ་ཞེས་དབྱི་མོང་དང༌། པི་པི་ལིང་དང་དོང་གྲ་གཉིས་ཆ་རེ་བསྐྱེད་ཅིང་ཨ་རུ་ར་དེ་ཀུན་དང་མཉམ་པའི་ཕྱེ་མ་དེ་མེ་དང་འདྲ་སྟེ་མ་ཞུ་བ་དང་བད་རླུང་ལས་གྱུར་པའི་གྲང་བའི་སྐྲན་རྣམས་འཇོམས་པར་བྱེད། བི་ཥ་ཞེས་པ་དུག་སྟེ་བོང་ང་ལ་འཇུག དེའང་སྨན་དང་དུག་གཉིས། སྨན་ལ་བོང་ང་དཀར་དམར་སེར་གསུམ་ཞེས་བྱ། འདིར་ནག་པོ་ལ་ཡང་སྤྲོས་བཤད་ཅུང་ཟད་བྱེད་ན་ནང་དུག་ལྔའི་རང་གཟུགས་ལས་ཕྱི་རོལ་བི་ཥ་རིགས་ལྔ་སྟེ་ནག་པོའི་དཀར་པོ་ནི་ཆ་དུ་བ་སྟེ་བོང་དུག་པའོ། །ནག་པོའི་དམར་པོ་ནི་སྲིང་གི་སྟེ་ར་དུག་པ་མེ་ཏོག་དང་རྩ་བ་དམར་པོའོ། །ནག་པོའི་སྔོན་པོ་ནི་ནྰི་ལ་སྟེ་ར་དུག་པ་སྡོང་པོ་ཡོད་པའི་མེ་ཏོག་སྔོན་པོ་པུ་ཤུད་མགོ་ཅན་ནོ། །ནག་པོའི་སེར་པོ་ནི་མཛོ་སྣ་སྟེ་རྩ་བ་སྒ་འདྲ་བ་ལ་སེར་ནག་གོ། །ནག་པོའི་ནག་པོ་མཆོག་དམན་གཉིས་ལས་མཆོག་ཀྵ་ལ་མུ་ཌི་སྟེ་ནག་པོ་བརྩེགས་པ་ཞེས་བྱ་ལ་སྡོང་པོ་ལ་ཉིན་པར་དུ་བ་འབྱུང་མཚན་མོ་དམར་ངམ་ཡོད་པས་མེར་སྣང༌། ཉེ་འཁོར་དུ་སྲོག་ཆགས་མང་པོ་ཤི་བའི་རོ་ཡོད་པར་སྣང༌། དམན་པ་གཅིག་འདྲེད་མེ་ཏོག་སྔོ་ནག་པུ་ཤུད་མགོ་ཅན་ནོ། །འདི་ཞོ་གང་ཨ་རུ་ར་དེའི་བཅུ་འགྱུར་ཏེ་ཞོ་བཅུ་འགྲོན་བུ་བུད་མེད་པ་ཕོ་འགྲོན་རྡོག་པོ་བདུན་གྱི་ཐལ་ཅུ་གང་གུར་ཀུམ་གཉིས་ཐུན་རེ། ཚ་བའི་སྨན་སྒ་དང་པི་པི་ལིང་ཕོ་བ་རིས་ཙི་ཏྲ་ཀ་དབྱི་མོང་སྟེ་རྣམ་པ་ལྔ། ཚྭ་སྣ་ལྔ་ནི་སྤྱིར་འདུལ་བ་ལས་རྒྱམ་ཚྭ་ཙབས་རུ་ཚྭ་ཁ་རུ་ཚྭ་ལན་ཚྭ་རྒྱ་མཚོའི་ཚྭའོ་ཞེས་དང༌། ཡན་ལག་བརྒྱད་པ་ནས་བཤད་ཚུལ་མི་འདྲ་ཙམ་སྣང་ཡང་རྒྱ་ཚྭ་རྒྱམ་ཚྭ་ཁ་རུ་ཚྭ་ལྕེ་མྱང་ཚྭ་ཙབས་རུ་ཚྭ་སྟེ་ལྔ་པོར་འཐད་ནའང་འདི་སྐབས་རྒྱ་ཚྭ་ལྡབས་པས་དེ་ཚབ་ཐལ་ཚྭ་རྣམས་ཞོ་རེ་རེ་དང་རྒྱ་ཚ་དང་པྲི་ཡང་ཀུ་ཐུན་ལོག་ཐལ་སྨན་ཞོ་གསུམ་ཞེས་པ་ལ་རྫོང་འཕྲང་དུ་ཐལ་སྨན་རྣོན་པོ་ཞོ་གསུམ་ཞེས་འབྱུང་བས། གྲོགས་མེད་བད་ཀན་རྐྱང་ལ་རྣོན་པོ་སྦྱར། །ཞེས་ཕྱི་མ་རྒྱུད་དུ་བཤད་པའི་ཐལ་སྨན་དེ་ཞོ་གསུམ་རྣམས་བྱིས་པའི་དྲི་ཆུས་འདམ་བཏགས་བྱས་ཏེ་རིལ་བུ་སྲན་མ་ཙམ་བྱས་པ་བསྟན་ལ་རྒྱམ་ཚྭ་སྒ་ཨ་རུ་ར་གསུམ་གྱི་ཐང་གིས་ཕུལ་ནས་བཏང་བའི་ནུས་པས་ནི་རྡོ་ཡང་ཐལ་བར་འགྱུར་སྲིད་ན་སྐྲན་ལ་ཅི་ནས་སྨོས་དགོས་ཞེས་སོ། །ཚྭ་བསྲེགས་ཐལ་བ་ཞོ་གསུམ་སྦྱོར་པའི་ཟེ་ཚ་ཞོ་དོ། བྱ་གོ་བོ་ཀླད་དཀར་གྱི་བྱ་ཐལ་ཞོ་གང་སྦྱོར་བ་ཡང་ཐུན་ཚད་སོགས་མན་ངག་གི་གནད་དང་ལྡན་ན་སྐྲན་བཤིག་པའི་སྨན་མཆོག་ཡིན། ཞིག་པའི་རྟགས་འདུག་ན་སྐྲན་རོ་གཅོད་བྱེད་ལ་གོང་བཤད་ལྟར་གྱི་བཤལ་བྱས་ལ་མ་ཞིག་ན་གང་བྱུང་ལ་ཐུར་མ་བརྡེག་ལ་དེའི་རྗེས་ལ་སླར་ཡང་བཤལ་གོང་གིས་སྦྱངས་སྣོད་དྲུག་གི་མཁྲིས་སྐྲན་བྱུང་ན་ཚེ་སྔོན་གྱི་ལས་ནད་ཡིན་པས། བཅོས་ཐབས་ཆེར་མེད་ལ་འོན་ཀྱང་གསར་པའི་དུས་ལ་བྱམས་པས་འབད་དེ་གསོ་བར་བྱ་དགོས་ཏེ་མི་བྲུན་དང་ཕག་བྲུན་ནུས་ལྡན་དུ་བསྲེགས་པའི་ཐལ་བ་དང༌། ཚ་ལ་དོམ་མཁྲིས་དང་ཀ་ར་དང་པི་པི་ལིང་རྣམས་སྦྱར་བ་གུར་ཀུམ་བསྣན་པའི་སེ་འབྲུ་ལྔ་པ་དང་ནང་ནུབ་ལྟག་པ་སྤྲད་དེ་ཆུ་བསྐོལ་གྱིས་ཕུལ་བས་གང་དུ་ཆགས་པའི་སྐྲན་དེ་འཇུ་ཞིང་སྐེམ་པར་བྱེད་ལ་གཏར་གས་གང་བབས་ཀྱི་རྩར་དྲངས་པའི་རྗེས་ལ་ཆུ་ལུམས་དང་གོང་བཤད་ཀྱི་སྦྱོངས་ཀྱིས་བཅོས། རྒྱུ་མའི་མཁྲིས་སྐྲན་ལ་ཚ་ལ་དང་དོམ་མཁྲིས་དང་ཧོང་ལེན་རྣམས་ཀ་ར་དང་སྦྱར་ལ་བཏང་ཞིང་ཞུ་མཁན་གྱི་དུགས་ཀྱིས་བདུག དེ་རྗེས་ལ་མན་ངག་གི་བཤལ་དུར་བྱིད་དང་ཚ་ལ་དོམ་མཁྲིས་ཧོང་ལེན་རྣམས་ཀྱིས་ཁོང་ནས་དབྱུང༌། ཡང་ན་ཕྱི་རྒྱུད་ཀྱི་ཏིག་ཏ་བརྒྱད་ཀྱིས་བཏུལ་བའི་རྗེས་སུ་སྦྱང༌། ཕོ་བ་དང་ལོང་དུ་སྨུག་པོའི་ཁྲག་སྐྲན་ཆགས་ན་སྟར་བུ་དང་མ་ནུ་པ་ཏྲ་དང་འུ་སུ་དང་ཕྱི་རྒྱུད་ལྟར་གྱི་རྒྱམ་ཚྭ་བཞི་དང་བུ་རམ་ཀ་ར་རྣམས་སྦྱར་བ་ཆུ་བསྐོལ་གྱིས་ནང་ནུབ་ཏུ་ཕུལ་ལ་བཏང༌། ཆུ་བ་སྟེ་ཆུ་ལོ་དང་ཧ་བོ་བཙོས་པར་ཚྭ་བྲོ་ཙམ་བཏབ་པའི་དུགས་ཀྱིས་བདུག དོམ་མཁྲིས་དང་ཧོང་ལེན་དང་དུར་བྱིད་དང་ཚ་ལ་རྣམས་ཀྱིས་སྦྱང༌། ཡང་ན་ཕྱི་རྒྱུད་ལྟར་ཚ་བསྲེགས་སྦྱོར་བ་དང་གུར་ཀུམ་བསྣན་པའི་སེ་འབྲུ་ལྔ་པ་གཉིས་ལྟག་པ་སྤྲད་ལ་བཏང་བས་ཞིག་ནས་དུར་བྱིད་ཚ་ལ་སྟར་བུ་སོགས་དྲག་པོའི་བཤལ་གྱིས་སྦྱངས་ལ་དེ་ཡང་ཟུངས་ངན་ན་འཇམ་རྩི་ཕྱི་རྒྱུད་ཀྱི་བཀྲུ་འཇམ་དང་ནི་རུ་ཧ་བར་མ་གཉིས་སྤེལ་ཏེ་དྲངས་སོ། །རླུང་གི་ལྷིང་སྐྲན་ལ་སྒོག་སྐྱའི་སྨན་མར་དང་བུ་རམ་སྦྱར་བ་བཟའ་ཞིང་འཇམ་རྩི་གོང་ལྟར་བཏང༌། དེ་འོག་ལ་ཤིང་ཀུན་དང་སེ་འབྲུ་དང་གོང་དུ་བཤད་པའི་ཚ་བ་ལྔ་དང་མ་ནུ་པ་ཏྲ་དང་རྒྱམ་ཚྭ་དང་ཙབས་རུ་ཚྭ་དང་ཁ་རུ་ཚྭ་དང་ཟི་ར་ནག་པོ་གོ་སྙོད་དང་འུ་སུ་དང་ལ་ལ་ཕུད་སུག་སྨེལ་དང་སྟར་བུ་དང་ཤུ་དག་དང་ཟུར་བ་དཀར་པོ་སྟེ་ཟི་ར་དཀར་པོར་བཞེད་པ་འང་མཆིས་རུང་མ་ནུ་ཤུ་ཟུར་དང་བུལ་ཏོག་དང་བྱེ་རུག་ལ་སེར་ནག་གཉིས་ལས་སེར་པོ་དེ་ཞོ་དང་མར་ལ་བཙོས་པ་དྲོན་མོར་ལྟོ་སྟོང་ལ་བསྟེན་པའི་རྗེས་སུ་མེ་བཙས་འཇོམས་པ་ཡིན་ནོ། །ཡང་ན་སྒོག་སྐྱ་སྲང་བཞི་ཞེས་འདིར་ཁུ་བའི་སྲང་ཚད་ནི་ཡན་ལག་བརྒྱད་པའི་རང་འགྲེལ་ལས། སྲང་གཉིས་ལ་ནི་ཁྱོར་གང་སྲང་བཞི་པ་ནི་སྙིམ་གང་ངོ་ཞེས་གསུངས་པ་ལྟར་ཡིན་པས་དེ་ལ་ཆུ་བོ་སྲང་སོ་གཉིས་དེ་བརྒྱད་འགྱུར་དུ་ཐོག་མར་བསྐོལ་ལ་ཆུ་བསྡུས་པ་དེ་སླར་འོ་མ་སྲང་སོ་གཉིས་ལས་བསྡུས་པ་འོ་མས་འཐུངས་པའི་ཁུ་བས་རླུང་སྐྲན་འཇོམས་ལ་དེར་མ་ཟད་རླུང་གི་རི་མས་བི་ཤ་ཙེ་སོགས་པ་རླུང་ཀུན་སེལ་བར་བྱེད། ཤིང་ཀུན་དང་ཤུ་དག་དང་རུ་རྟ་དང་ཁ་རུ་ཚྭ་དང་དོང་གྲ་སྟེ་སྒ་རྒོད་དམར་པོ་དང་ཨ་རུ་ར་དང་མ་ནུ་པ་ཏྲ་དང་ལ་ལ་ཕུད་དང་དནྡ་དང་དུར་བྱིད་རྣམས་ཀྱི་ཕྱེ་མས་རླུང་གི་སྐྲན་སྦྱོང་བར་བྱེད་དོ། །སྲིན་སྐྲན་ལ་རྒྱ་ཚ་དང་དོང་གྲ་བཤད་མ་ཐག་པ་ལྟར་ཞོ་རེ། བྱི་ཏང་ག་ཞོ་བཞི། ཕུར་ཐལ་ཞོ་གང་རྣམས་བུ་རམ་གྱི་རིལ་བུ་བྱས་ནང་ནས་བཤིག་པ་དང༌། རྟ་སྦངས་དང་ཕུར་མོ་དང་སྒོག་སྐྱ་དང་སྤྲུ་མའི་དུགས་ཀྱིས་བདུག ཞིག་པ་དཀའ་ན་རྒྱུད་ཕྱི་མ་ལྟར་གྱི་སྒོག་སྐྱའི་སྨན་མར་ལ་སྲིན་སྨན་བྱི་ཏང་ག་དང་ཕུར་མོ་མ་རུ་ཙེ་ལང་ཐང་རྩེ་སྒ་པི་པི་ལིང་ཕོ་བ་རིས་རྣམས་ལྡན་པ་བཟའ་ཞིང་འཇམ་རྩི་ཕྱི་རྒྱུད་ལྟར་བཏང་བར་བྱས་པས་ཞིག་པའི་ཚེ་ན་འཚོ་བར་འགྱུར་རོ། །མངལ་སྐྲན་ལ་བྱ་བྲ་སྟེ་ཕུག་རོན་དང་བྱི་བ་དང་བྱེའུ་མཆིལ་པའི་བྲུན་གསུམ་པ་ཡག་པའི་རྩ་བ། ནད་མ་རིགས་གསུམ་གང་རྙེད་སྤང་མ་དང་སྦྱར་བས་བསྲོས་ལ་མང་དུ་བདུག དེ་རྗེས་རྒྱུད་ཕྱི་མའི་ཟ་བྱེད་ཐུན་གསུམ་གྱི་རིལ་བུས་སྐྲན་རྣམས་བཤིག་ལ། ཕྱི་ནང་ཁྲུས་གཤེར་སྦྱོར་བ་ལེའུ་དོན་བཞི་པོ་མོ་ནད་སྤྱི་གསོ་བའི་སྐབས་ཀྱི་ལྟོ་གཤེར་དང་རྩ་གཤེར་ཆེ་ཆུང་གང་རིགས་ཀྱིས་ཁྲག་རོ་གདོན། ཁྲག་དང་རྣག་ཤེ་ལ་རུལ་བ་ཤའི་སྐྱོ་མ་ལྟ་བུ་ཐོན་ན་འཚོ། །ལྕ་བ་ཏིལ་མར་ལ་བསྐོལ་བའི་ཁུ་བ་ལ་གོང་དུ་བཤད་པའི་ཚ་བ་གསུམ་དང་བུ་རམ་མར་བཅས་བཏབ་པས་མངལ་གྱི་སྐྲན་གསར་པ་ཡོད་ན་འཇིག་ཐང་མ་སྒྲོན་ཤིང་གི་རྩ་བ་དང་པི་པི་ལིང་གི་རྩ་བ་དང་ཀ་རཉྫ་དང་པི་པི་ལིང་ངོ་བོ་རང་གི་ཕྱེ་མ་རྣམས་ཏིལ་མར་ལ་བསྐོལ་བའི་ལྡེ་གུས་མངལ་གྱི་སྐྲན་རྣམས་འཇོམས་པར་བྱེད། ཞིག་གྲུབ་ནས་ཁྲག་འཛག་པ་མི་བཅད་ལ་ལུས་ཀྱི་ཟུངས་བཅུད་ཀྱིས་བསྲུང་བ་དང༌། རྗེས་ལ་རྩ་བ་ར་མཉེ་ཉེ་ཤིང་ལྕ་བ་བ་སྤྲུ་བ་གཟེ་མ་སྟེ་ལྔའི་སྨན་མར་སྦྱར་ཞིང་ཟས་སྐོམ་དང་སྤྱོད་ལམ་ཤིན་ཏུ་དྲོ་པས་བཅོས་པར་བྱའོ། །ལྒང་པའི་སྐྲན་ལ་ཟེ་ཚ་ཞོ་བཞི་དང༌། རྒྱ་ཚ་ཞོ་གཉིས་དང༌། སྡིག་སྲིན་དང༌། གོང་བཤད་ཀྱི་ཚ་བ་གསུམ། ལྕམ་པ་སྟེ་ཉི་དགའ་དང་བུ་རམ་རྣམས་སྦྱར་ལ་ཆང་གིས་དབུལ། རྡེའུ་ཞིག་ནས་ཆུ་ལམ་ནས་འབྱུང་བར་ངེས་སོ། །

དེ་དག་ཐམས་ཅད་ཀྱི་བཅོས་ཐབས་མདོ་རུ་བསྡུས་ན་རླུང་སྐྲན་ལ་སྣུམ་འཆོས་གཏང་བར་བྱ་ཞེས་བཤད་རྒྱུད་ལྟར་སྟོབས་སྐྱེད་བརྟ་བས་བཅོས། མཁྲིས་པའི་སྐྲན་ལ་ལས་ལྔ་ལྟར་ལྟོ་ནས་སྦྱང་ཞིང་ཁྲག་སྐྲན་ལ་གཏར་གྱིས་དྲངས་བ་དང༌། རྩ་སྐྲན་ལ་རྣག་ཏུ་འགུགས་ཤིང་ཆུ་ལུམས་བྱས་ནས་ཤིས་ལ། རྡོ་སྐྲན་ལ་ཐུར་མ་དང་ལྷེན་སྐྲན་ལ་སྨན་གྱིས་བཤིག་པ་དང༌། ཆུ་སྐྲན་དང་རྣག་སྐྲན་གཉིས་གང་བྱུང་གི་གསང་དུ་ཐུར་མས་དབྱུང་བར་བྱ། ནང་སྐྲན་ལ་སྔར་བཤད་པའི་སྨན་གྱིས་བཅོས་ལ་བར་སྐྲན་ལ་ཕྱི་རྒྱུད་ལྟར་གྱི་ཐུར་མས་བཤིག་པར་བྱ་བ་དང༌། ཕྱིའི་སྐྲན་ལ་བུམ་པའི་ཁ་སྐྲན་གྱི་མཐའ་དང་མཉམ་པས་དྲངས་ལ་འབུར་གྱིས་བྱུང་བ་དང༌། གཙགས་བུས་དྲལ་ནས་སྐྲན་དངོས་དེ་ཁ་དམར་འབྱིན་བྱ་དགོས་ཤིང༌། དེ་ལྟར་དུ་ཤེས་པའི་ཚེ་ན་འགྲོ་བའི་སྲོག་འཚོ་བར་བྱེད་པའི་མཁས་པ་ཡིན་ནོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་གཅོང་ཆེན་སྐྲན་ནད་བཅོས་པའི་ལེའུ་སྟེ་བདུན་པའོ།། །།


མཐའ་མའི་འདོན་ཐེངས་།: 24.11.2023 ཉིན། 10:32 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།