སྨན་རྩིས་དྲ་བ། - དཔྱད་འབུམ་ཁྲ་བོ།

ལེའུ་བདུན་པ། ལུས་ཀྱི་འཇིག་ལྟས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.05.2023
དཔྱད་འབུམ་ཁྲ་བོ། >>



ལེའུ་བདུན་པ། ལུས་ཀྱི་འཇིག་ལྟས་བསྟན་པ།

དེ་ནས་ཡང་འཚོ་མཛད་སྨན་གྱི་རྒྱལ་པོས་བཀའ་བསྩལ་པ། དཔྱད་བུ་ལ་སོགས་གཟོ་(གསོ་)བ་འཛིན་པ་ཀུན། །ལུས་འདིར་འཇིག་ལྟས་རྣམས་པ་བཞི་ཡིན་ཏེ། །ཉེ་དང་རིང་བ་ངེས་དང་མ་མཆིས་སོ། །

རིང་ལྟས་ཕོ་ཉ་རྨི་ལམ་རྣམ་འགྱུར་གསུམ། །ཕོ་ཉ་ཡ་མཚན་ཅན་དང་དགེ་སྦྱོངས་དང༌། །རིག་(རིགས་)མཐུན་པ་ནི་ནད་པ་སོས་པའི་རྟགས། །དེ་ལས་ལོག་པ་འགྲུབ་པར་མི་འགྱུར་ཏེ། །འཇིགས་ལྟས་སྔངས་ཤིང་རྡོ་དང་བོང་བ་བརྙེད(མཉེ)། །རིང་ནས་འབོད་ཅིང་སྡིག་པའི་ལས་ལས་(ལ་)སྤྱོད། །བཀྲ་མི་ཤིས་པའི་རྒྱན་དང་སྨྲ་བརྗོད་བྱད(བྱེད)། །དེ་ལྟ་བུ་ཡི་ཕོ་ཉས་ལས་མི་འགྲུབ། །སྨན་པའི་སེམས་རྩུབ་མི་ཤིས་སྨྲ་བ་དང༌། །གཅོད་འཇིགས་(འཇིག་)མཚུན་གཏོར་སྦྱིན་བསྲེགས་བྱེད་པའི་དུས། །ཕོ་ཉ་འོང་བ་ནད་པ་འཆི་བའི་རྟགས། །ཚེས་དྲུག་བཞི་དགུ་ཉི་ཟླ་གཟའ་འཛིན་དང༌། །གཟའ་སྐར་ངན་དང་མཚན་བྱེད་(ཕྱེད་)ལམ་འཇུག་ངན། །འགྲོ་ཚེ་ལམ་འཇུག་ཆད་ཆག་ཚིག་ངན་འཆད། །ངུ་བསད་མཐོང་དང་སྨྲ་བ་མཐོང་(ཐོས་)པ་དང༌། །བྱི་ལ་སྤྲེའུ་སྲམ་སྦྲུལ་ལམ་གཅོད་ཅིང༌། །བཀྲ་མི་ཤིས་པ་གང་མཐོང་ངན་པའི་ལྟས། །དགེ་བ་ཞོ་དང་འབྲུ་སོགས་སྣོད་གང་དང༌། །གཤང་དང་མར་མེ་མེ་ཏོག་འབྲས་ཀྱི་ཟས། །ལྷ་ཡི་སྐུ་དང་ལུས་དཀར་བརྒྱད་(བརྒྱན་)པ་དང་། །བོན་དང་ཆོས་སྤྱོད་རྒྱལ་མཚན་སྒྲེངས་པ་དང༌། །མེ་འབར་རྟ་ལུགས་(ལུག་)བ་སོགས་ཕྲུ་གུ་བཅས། །ཡིད་དུ་འོང་བའི་སྒྲ་འམ་བཟའ་བཏུང་རྒྱན། །དེ་དག་ལམ་དུ་མཐང་(མཐོང་)ངམ་ཁྱིམ་དུ་འཇུགས། །དགེ་ལྟས་ནད་པ་སོས་པའི་མཚན་མ་ཡིན། །ཞོ་ཕྲུམ་ལ་སོགས་ཁྱིམ་ནས་ཕྱིར་འབྱུང་དང༌། །རླུང་མེད་མེ་ཤི་སྣོད་ཆགས་(ཆག་)ངན་པའི་རྟགས། །རྨི་ལམ་བྱི་ལ་སྤྲེའུ་སྟག་དང་ཝ། །རོ་ལ་ཞོན་རྨིས་འཆི་བདག་ཟིན་པའི་རྟགས། །མ་ཧེ་རྟ་ཕག་བོང་བུ་རྔ་མོང་དང་། །གཅེར་བུ་ཞོན་ནས་ལྷོ་ཕྱོགས་འགྲོ་རྨིས་འཆི། །སྤྱི་བོར་ལྕུགས་(ལྕུག་)མ་སྐྱེས་ཏེ་བྱ་ཚངས་བཅས། །ཏ་(ཏཱ)ལ་ཚེར་མ་ཅན་ཤིང་སྙིང་ཀར་སྐྱེས། །པདྨ་ཕྱུང་དང་གཡང་ལྷུང་དུར་ཁྲོད་ཉལ། །མགོ་བཅད་བྱ་རོག་ཡི་དྭགས་རྨེ་ཅན་བསྐོར། །རྐང་ལག་ལྷུང་དང་མ་ཡི་མངལ་དུ་འཇུག །ཆུས་ཁྱེར་འདམ་བྱིང་ཉ་ཡིས་མིད་པ་དང༌། །ལྕགས་གསེར་རྙེད་ནས་རྩོད་དང་འཐབ་མོ་ཕབས(ཕམ)། །བྲོ་བའི་ཁྲལ་འདེད་བག་མ་ལེན་པ་དང༌། །གཅེར་བུར་འདུག་དང་སྐྲ་དང་ཁ་སྤུ་བྲེག། །གཤིན་དང་ལྷན་ཅིག་ཆང་འཐུང་དེས་འདྲུད་དང༌། །གོས་དང་ཕྲེང་བ་དམར་པོས་བརྒྱན་པ་དང་། །གཤིན་པོ་དག་དང་ལྷན་གཅིག་གར་བྱེད་དང་། །དེ་དག་འཆི་བདག་དབང་དུ་སོང་བའི་རྟགས། །དེ་ལ་སོགས་ཏེ་རྨི་ལམ་མི་བཟང་བ། །ཡིད་འཇུག་བུ་ག་ནད་ཀྱིས་བཀགས་ཕྱིར་མཐོང༌། །རྒྱུན་དུ་རྨིས་པའི་ནད་པ་འཆི་བར་འགྱུར། །ནད་མེད་མ་ངེས་རིམ་གྲོས་ཐར་བར་འགྱུར། །མཐོང་ཐོས་མྱོང་དང་གསོལ་བ་བཏབས་པ་དང༌། །གྲུབ་ནད་ལས་བྱུང་དང་རྣམ་པ་དྲུག །མཚན་སྟོད་རྨི་ལམ་བརྗེད་ངེས་(ངས་)འབྲས་བུ་མེད། །ཐོ་རངས་མཐོང་དང་གསལ་ནས་འབྲས་བུ་འབྱིན། །ལྷ་དང་ཁྱུང་མཆོག་སྐྱེས་བུ་གྲགས་པ་ལྡན། །མེ་འབར་མཚོ་དང་ལུས་ཁྲག་མི་གཙང་བྱུགས། །གོས་དཀར་གྱོན་དང་འཕན་གདུག་ཤིང་འབྲས་རྙེད། །རི་བོ་ཁང་བཟང་འབྲང་(འབྲས་)བཅས་ཤིང་ལ་འཛེག །སེང་གེ་གླང་ཆེན་རྟ་འབྲུག་བ་ལང་ཞོན། །ཆུ་བོ་མཚོ་བརྒལ་བྱང་ཤར་འགྲོ་བ་དང༌། །ཉམས་ང་ལས་ཐར་དགྲ་བོ་ཕམ་པ་དང༌། །ལྷ་དང་ཕ་མར་མཆོད་པ་བྱེད་པ་རྣམས། །གང་རྨིས་ཚེ་རིང་ནད་མེད་ནོར་རྙེད་འགྱུར། །ཐ་མལ་རྣམ་འགྱུར་འཆི་བའི་རྟགས་བསྟན་པ། །སྨན་པ་ཕ་མ་བླ་མ་འཛའ་ཤེས་(མཛའ་བཤེས་)སྡང༌། །རྒྱུ་མེད་ཡིད་གཞུང་མཛེས་རྒྱན་དཔལ་ཐོབ་བམ། །དེ་ལྟར་གོ་ལོག་འཆི་བར་གྱུར་བའི་རྟས། །རྟགས་(རྟག་)ཏུ་མདངས་ངན་བློ་སེམས་མེད་ཅིང༌། །གཏོར་མ་བྱིན་ན་བྱ་རོག་མི་ཟ་དང༌། །ཁྲུས་བྱས་སྙིང་ག་མྱུར་སྐབས་(སྐམ་)ཆུ་མིག་(མི་)ཆགས། །གང་གི་སོར་མོ་དྲངས་བས་སྒྲ་མི་འབྱུང༌། །ཟས་ཟོས་སྟོབས་ཆུང་ལུས་ཀྱི་དྲི་མི་(མར་)འགྱུར། །ཤིག་གསོ་(སྲོ་)འདུ་འམ་ཡང་ན་སྤོང་འགྱུར་འཆི། །འདོད་རྨོངས་ཁྲོ་བ་སྔར་ལས་གོ་ལོག་ཅིང༌། །སྔར་སྤྱོད་སྐྱོན་ཡོན་རྣམ་པ་གཞན་འགྱུར་ནས། །མི་དེ་འཆི་བདག་དབང་དུ་སོང་ཞེས་བྱ། །ཉི་མ་མེ་ལོང་ཆུ་དང་ནམ་མཁའ་ལ། །གཟུགས་བརྙེན་(བརྙན་)མགོ་བཅད་ཡན་ལག་མེད་ན་འཆི། །

དེ་ནས་ཉེ་བའི་རྟགས་ལ་རྣམ་གཉིས་ཏེ། །ཉེ་བ་དང་ནི་ཤིན་ཏུ་ཉེ་བའོ། །ཉེ་བའི་ལྟས་ལ་དུག་མཚོན་མ་ཕོག་པར། །བུ་ག་ཀུན་ནས་ཁྲག་འཛག་སྨྲ་ཕྲལ་བརྗེད། །འཇེ་(མཇེ་)ནུབ་རླིག་པ་ཕྱང་(འཕྱང་)ངམ་གོ་ཟློག་དང༌། །ལུད་པ་སྨྲིད་(སྦྲིད་)པ་སྔོན་མེད་སྒྲ་འབྱུང་དང༌། །མར་མེ་ཤི་བའི་དྲི་མ་མི་ཚོར་དང༌། །སྐྲ་བྱི་ཚོར་མེད་སྤྱི་བ་(བོར་)སྣུམ་བཅས་སྣང༌། །སྐྲ་སྨིན་གསང་(གསར་)དུས་(དུ་)འཚམས་བྱེད་གཙུག་ཁྱིམ་(མཚམས་ཕྱེ་རྩུབ་འཁྱིལ་)དང༌། །དཔྲལ་བ་ཆུ་སོ་ཟླ་ཚེས་རྩ་རིས་སྣང༌། །དབང་པོ་ཡུཔ་(ཡུལ་)ལྔ་ཐ་མལ་རྒྱུ་མེད་པར། །རྣམ་པར་འགྱུར་ཏེ་ཡོད་མེད་གོ་ལོགས་དང༌། །ལག་ངར་སྨིན་བྲག་གཏད་པ་མི་མཐོང་དང༌། །མིག་བཙེར་འོད་མེད་རི་བོང་འབྲོས་ནོན་འདྲ། །ཁུང་དུ་བྲོས་སམ་རྒྱལ་མོའི་མདངས་ཉམས་འཆི། །རྣ་བ་ཧྲི་འབྱར་ཨུ་ཏ་ཆད་པ་དང༌། །མགོ་བོའི་རླངས་པ་དྲི་(གྲིབ་)མ་མེད་ན་འཆི། །སྣ་བུག་གདངས་ཤིང་བ་སྐྱ་ཆགས་པ་དང༌། །ལྕེ་གཞུང་ནག་ལ་སྐམ་ཐུང་སྨྲ་མི་ཤེས། །མ་མཆུ་འཕྱང་དང་ཡ་མཆུ་བརྫེས་པ་དང༌། །གདོང་ལ་རྔུལ་ཆགས་སྭོ་(སོ་)ལ་དྲེག་པ་ཆགས། །གྱེན་དུ་དབུག་རྩེག་དྲོད་ཡལ་འཆི་བ་ཡིན། །ལུས་པོ་གྲང་ལ་ཚ་བ་སྐྱེས་བ་དང༌། །གྲང་བས་གདུང་ཡང་ཚ་བ་སྤོང་བ་དང༌། །དེ་བཞིན་ཚ་བས་གདུང་ལས་གྲོང་བ་སྤོངས(ལ་གྲང་བ་སྤང་)། །ཆོ་ག་བཞིན་བྱེད་ནད་ལ་སྐྱེད་མེད་ཅིང༌། །ཆོ་ག་ལོགས་(ལོག་)པས་བདེ་བར་གནས་སྙམས་བྱེད། །དེ་དག་འཆི་བའི་ལྟས་སུ་བཤད་པ་ཡིན། །

ཤིན་ཏུ་ཉེ་བ་འབྱུང་བ་རྣམ་པ་ལྔ། །དབང་པོ་ལྔ་པོ་རིམ་པས་ཐིམ་འགྱུར་ཏེ། །ས་ནུས་ཆུ་ལ་ཐིམ་པས་གཟུགས་མི་ཐེག(མཐོང་) །ཆུ་ནུས་མེ་ལ་ཐིམ་པས་བུ་ག་སྐབས(སྐམ)། །མེ་ནུས་རླུང་ལ་ཐིམ་པས་དྲོད་རྣམས་སྡུད། །རླུང་ནུས་ནམ་མཁར་ཐིམ་པས་ཕྱི་དབུག་འཆད(དབུགས་ཆད)། །མིག་གི་དབང་པོ་ཉམས་པར་གྱུར་པ་ཡིས། །གཟུགས་མི་གསལ་ཞིང་སྒྲ་ལ་ཐིམ་པར་འགྱུར། །རྣ་བའི་དབང་པོ་ཉམས་པར་གྱུར་པ་ཡིས། །སྒྲ་མི་གསལ་ཞིང་དྲི་ལ་ཐིམ་པར་འགྱུར། །སྣ་ཡི་དབང་པོ་ཉམས་པར་གྱུར་པ་ཡིས། །དྲི་མི་ཚོར་ཞིང་རོ་ལ་ཐིམ་པར་འགྱུར། །ལྕེ་ཡི་དབང་པོ་ཉམས་པར་གྱུར་པ་ཡིས། །རོ་མི་གསལ་ཞིང་རེག་ལ་ཐིམ་པར་འགྱུར། །ལུས་ཀྱི་དབང་པོ་ཉམས་པས་རེག་མི་ཚོར། །

མ་ངེས་འཆི་ལྟས་ནད་ཚུལ་མང་པོ་ལ། །འཆི་བའི་ལྟས་རྣམས་སྣང་བར་གྱུར་ན་ཡང༌། །ནད་ཞི་འཆི་ལྟས་ཞི་བར་འགྱུར་བའོ། །

ཞི་ཡང་འཆི་ལྟས་གནས་ན་ངེས་པར་འཆི། །ཕྱི་ནང་སྲོག་ཟུངས་ཤ་དང་(ཟས་)རྩ་དང་གསུམ། །ཤོར་བའི་ནད་པ་གང་ཡིན་འཆི་བར་འགྱུར། །ནད་ལ་ཆོ་ག་སྣ་ཚོགས་བསྒྲུབས་བྱས་ཀྱང༌། །བཅོས་སྐྱེད་མེད་ནས་འཆི་བར་ངེས་པ་ཡིན། །དེ་ལྟར་ཕུང་པོ་འཇིགས་(འཇིག་)པའི་འཆི་ལྟས་རྣམས། །ནད་དང་ལུས་ཟུངས་དྲི་མ་འཁྲུག་གྱུར་ན། །གཅིག་གཤད་(གཤེད་)གཅིག་གིས་བྱས་ཏེ་སྲོག་བཅོམ་ཕྱིར། །འབྱུང་འགྱུར་དུས་ཀྱི་རི་རབ་འཇིགས་(འཇིག་)དང་མཚུངས། །འཆི་ལྟས་མི་ཤེས་གསོ་བ་བླང་དོར་འགོགས། །དེ་མ་ཤེས་པས་སྙན་གྲགས་ཐོབ་མ་གྱུར། །དེ་ཕྱིར་མཁས་འདོད་འཆི་ལྟས་རྟོགས་པར་བྱའོ། །རྨི་ལམ་རྣམ་འགྱུར་རིང་དང་མ་ངེས་ལྟས། །ཚོགས་བསགས་ཀློག་བསྒྲུབས་ཡི་དམ་གསུམ་འགྱུར་བཟློག །ཉེ་དང་རིང་བའི་ལྟས་ལ་འཆི་བསླུ་བྱ། །ཤིན་ཏུ་ཉེ་བའི་ལྟས་ལ་ཟློག་ཐབས་མེད། །ཅེས་གསུངས་སོ། །

གསོ་བྱེད་དཔྱད་འབུམ་ཁྲ་བོ་ལས་ལུས་ཀྱི་འཇིག་ལྟས་བསྟན་པའི་ལེའུ་སྟེ་བདུན་པའོ།། །།




 

མཐའ་མའི་འདོན་ཐེངས་།: 30.05.2023 ཉིན། 11:57 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།