སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.02.2021
མན་ངག་རྒྱུད། >>

 

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །གཉིས་པ་རྒྱས་པ་བཤད་པ་ལ་ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག གཅོང་ཆེན་སྐྲན་ལ་རྒྱས་པ་བཤད་པ་དང་བསྡུས་དོན་གཉིས་ལས་དང་པོ་ལ་སྤྱི་དོན་དྲུག་སྟེ་རྒྱུ་རྐྱེན་དབྱེ་བ་དང༌། །གནས་ས་གྱུར་ཚུལ་རྟགས་དང་བཅོས་ཐབས་དྲུག།

སྤྱི་དོན་དང་པོ་རྒྱུ་ནི་མ་ཞུ་བད་ཀན་ཁྲག་མཁྲིས་རླུང༌། །སྲིན་དང་ཆུ་སེར་སྤུ་ལས་འབྱུང་བ་ཡིན། །རྐྱེན་ནི་སྔོན་ལས་གདོན་དང་མ་ཞུ་བ། །འགྲམས་འཁྲུགས་མཚོན་དང་བུ་བཙས་རླན་གྲང་བསྐྱེད།།

སྤྱི་དོན་གཉིས་པ་དབྱེ་བ་བད་ཀན་ཟས་ལྷེན་རྡོ་ཡི་སྐྲན། །རླུང་གི་ལྷིང་སྐྲན་ཁྲག་མཁྲིས་རྩ་སྐྲན་དང༌། །སྤུུ་སྲིན་ཆུ་སྐྲན་རྣག་སྐྲན་བཅུ་གཅིག་གོ།

སྤྱི་དོན་གསུམ་པ་གནས་ནི་གློ་སྙིང་མཆིན་དྲི་མཆིན་མཆེར་མཁལ། །མཁྲིས་པ་ཕོ་ལོང་རྒྱུ་མ་ལྒང་པ་མངལ།།

སྙིགས་མ་མ་ཞུའི་ཟས་སྐྲན་ཕོ་ལོང་འབྱུང༌། །ལྷེན་སྐྲན་ཕོ་བ་རྡོ་སྐྲན་ཕོ་བ་ལྒང༌། །ལྷིང་སྐྲན་ཕོ་བ་ལོང་དང་མངལ་དུ་གནས། །ཁྲག་སྐྲན་ཕོ་ལོང་མཆིན་མཆེར་མངལ་དུ་འབྱུང༌། །མཁྲིས་སྐྲན་སྣོད་མཁྲིས་རྒྱུ་མའི་ནང་དུ་གནས། །རྩ་སྐྲན་ཕོ་མཁལ་མཆིན་དྲི་རྒྱུ་གྲོག་མཉེ་མའམ་བཞག་ཟེར་དེ་རྣམས་མང་། །སྤུ་སྐྲན་ཕོ་ལོང་རྒྱུ་མ་ལྒང་པར་གནས།  །སྲིན་སྐྲན་ཕོ་ལོང་གཉིས་ཀྱི་ནང་དུ་འབྱུང་། །ཆུ་སྐྲན་ངེས་མེད་གར་ཡང་འབྱུང་སྲིད་དེ། །གློ་སྙིང་མཆིན་པ་རྒྱུ་ལོང་བར་དུ་མང་། །རྣག་གི་སྐྲན་ལ་གར་འོང་ངེས་པ་མེད། །མདོར་བསྡུས་ཕྱི་སྐྲན་ནང་སྐྲན་བར་སྐྲན་གསུམ། །ཕྱི་སྐྲན་སྣོད་ཀྱི་ཕྱི་དང་ཤ་ལྤགས་བར། །བར་སྐྲན་སྣོད་ཀྱི་ནང་ལྡེབས་དོན་གྱི་ལོགས། །ནང་སྐྲན་དོན་སྣོད་ཀུན་གྱི་གཏིང་ན་གནས། །

སྤྱི་དོན་བཞི་བ་གྱུར་ཚུལ་ཁ་ཟས་རྩམ་པ་སོགས་གྱོང་ཚིལ་སྦང་མ་འདི་ནི་དེ་དག་འདྲེས་པའི་དོན་ཏེ་སྦག་པ་ཡིན་ནོ་ཞེས་འགྲེལ་པར་འདུག་སོགས་ཁོངས་སུ་རླན་ཅན་སོགས་ཀྱང་བསྡུས་སོ། །

མ་ཞུ་རང་སོར་གནས་པས་བེ་སྣབས་འདྲིལ། །སྙིགས་མ་མ་ཞུ་ཟས་ཀྱི་སྐྲན་དུ་འགྱུར། །མ་ཞུའི་རྐྱེན་གྱིས་བད་ཀན་བེ་སྣབས་འཕེལ། །རླུང་གིས་བསྒྲིལ་བས་ལྷེན་སྐྲན་ཞེས་བྱར་འགྱུར། །དྭངས་མ་མ་ཞུ་ཕོ་བར་ཡུན་རིང་གནས། །བད་ཀན་གྲང་བས་རྒྱུ་བྱས་རླུང་གིས་བསྒོངས། །ཡང་ཡང་གཡོགས་ཤིང་སྲ་བར་སྨིན་པ་ནི། །དྭངས་མ་མ་ཞུ་རྡོ་སྐྲན་ཞེས་བྱར་འགྱུར། །དྭངས་མ་མ་ཞུ་མཆིན་པར་ཁྲག་ངན་རྒྱས། །མཆིན་པའི་གཤམ་དུ་ཁྲག་གི་ཟིལ་པ་ཆགས། །འཕེལ་ཞིང་རྒྱས་པས་མཆིན་པའི་ཁྲག་སྐྲན་འགྱུར། །དེ་འདྲ་མཆེར་པར་ཞུགས་པ་མཆེར་པའི་སྐྲན། །མཆིན་ཁྲག་ཕོ་བར་ལྷུང་བས་བད་ཀན་བསྲུལ། །ཁྲག་བཙོས་འདྲིལ་བས་སྨུག་པོའི་སྐྲན་དུ་འགྱུར། །དེ་ཉིད་ལོང་ཕུགས་འདྲིལ་བ་ལོང་སྐྲན་ཡིན། །དེ་བཞིན་རྒྱུ་མར་ལྷུང་བ་མཁྲིས་པར་འདྲེས། །སྲ་བར་འདྲིལ་བ་རྒྱུ་མའི་མཁྲིས་སྐྲན་ཡིན། །དྭངས་མ་མ་ཞུ་མཆིན་གནས་མཁྲིས་པར་ལྷུང༌། །མཁྲིས་པའི་རྩི་ཆགས་འདྲིལ་བ་སྣོད་མཁྲིས་སྐྲན། །དངས་མ་མ་ཞུ་ངན་ཁྲག་རྒྱས་པ་དེ། །མཆིན་དྲི་གློ་མཁལ་རྒྱུ་གྲོག་ཕོ་བའི་རྩར། །འགྲིམས་པ་ས་གཅིག་འདྲིལ་བ་རྩ་ཡི་སྐྲན། །མཚོན་ལམ་མཚོན་ཁྲག་འཁྱིམས་པའང་དེ་བཞིན་ནོ། །དྭངས་མ་མ་ཞུ་ལྒང་པའི་རྩ་མིག་འགྲིམས། །ཆུ་ཡི་དྲོད་ཀྱིས་བཙོས་བསྒྲིལ་རྡེ་འུར་འགྱུར། །བུད་མེད་བུ་བཙས་ནད་ལྷག་མངལ་དུ་འདྲིལ། །དེ་ཉིད་བུ་བཙས་མངལ་གྱི་ཁྲག་སྐྲན་ཡིན། །ཕོ་བ་ལོང་དུ་སྲིན་བུ་དྲུ་བུར་འདྲིལ། །སྲིན་སྐྲན་ཞེས་བྱ་ཕོ་བ་ལྒང་པའི་ནང༌། །སྤུ་འཐུམས་འདྲིལ་བས་སྤུ་ཡི་སྐྲན་དུ་འགྱུར། །དྭངས་མ་མ་ཞུ་རྩ་མིག་བྱེར་བ་ཡིས་ཆུ་སེར་སྐྱེ། །དོན་སྣོད་ལོགས་ལ་ཆུ་སེར་ཕུར་མར་ཆགས། །ཆུ་སྐྲན་ཞེས་བྱ་རྣག་སྐྲན་རྣག་ཐུམ་ཡིན་རྩ་མིག་ཏུ་སྐར་མ་མདའི་རྣགམཚོན་ཁྲག་བྱ་ཆད་ཀྱི་རྣག ཁོང་འབྲས་སྨིན་པའི་རྣག་ཅེས་པ་སོགས་མཆན་བུ་སྣང་ངོ་། །ཕོ་ལོང་མངལ་དུ་སྐྲན་གང་རླུང་གིས་བསྐྱོད། །འཕྱོ་ལྡིང་འཕེལ་འབྲི་བྱེད་པ་རླུང་གི་སྐྲན་ཞེས་ཀྱང་གྲགས། །ལྡན་འདུས་གང་རུང་ལས་མ་གཏོགས་པར་རྐྱང་པའི་རླུང་ལས་སྐྲན་དུ་འགྱུར་བ་མེད་དོ། །མདོར་བསྡུས་སྐྲན་ཀུན་ཚ་གྲང་གཉིས་སུ་བསྡུ། །ཁྲག་དང་མཁྲིས་པས་རྒྱུ་བྱས་ཚ་བའི་སྐྲན། །བད་རླུང་གྲང་བས་རྒྱུ་བྱས་གྲང་སྐྲན་ཡིན།།

སྤྱི་དོན་ལྔ་པ་དེ་ཡི་རྟགས་ལ་སྤྱི་དང་བྱེ་བྲག་གཉིས་ལས་དང་པོ། །སྐྲན་ཀུན་སྤྱི་རྟགས་རྩ་རྒྱུད་ཕྲ་ཞིང་སྟོབས་ཆུང་ཞན་ཅིང་དོན་སྣོད་གང་ལ་སྐྲན་ཡོད་པ་དེའི་རྩ་ཞར། །ཆུ་ལ་སྐྲན་ཐིགས་ཉ་མིག་འབྱུང་བ་དང༌། །གང་ལ་སྐྲན་ཡོད་སྟེང་དུ་དྲེག་པ་ཆགས། །ཁ་ཟས་མི་འཇུ་གྲང་རྐྱེན་སྒྲེག་ཅིང་སྐྱུག །ཁྱད་པར་ཤ་རིད་རྫུད་པ་མར་རྗེན་པར་ཟ་བ་སིངས་གླེག་སྐྱུར་ནས་ནལ་པོ་སྐྱུག །དྲི་མ་སྲི་སྐམ་འཁྲུ་ཡང་སྲིད་པ་ཡིན། །ཤ་སྐམ་ཤེད་ཆུང་འགྲངས་དང་གྲང་རྗེས་ན། །དྲག་ཤུལ་ནད་ལྡང་འདི་རྟགས་ཕལ་ཆེར་འབྱུང༌། །གཉིས་པ་བྱེ་བྲག་སྙིགས་མ་མ་ཞུ་ཟས་ཀྱི་སྐྲན། །ཕོ་བ་འཚིང་སྒྲེག་ཟོས་ཐོག་གླང་ཐབས་ལྡང༌། །གང་མ་ཞུ་བའི་ཟས་དེ་མཆོག་ཏུ་གནོད། །གདོང་པ་མིག་ལྕིབས་རྐང་བོལ་གཡོ་བ་ཡིན། །ལྷེན་སྐྲན་རྫི་བའི་སྲན་ཆེ་ཅི་ཟོས་སྐྱུག་ཚུལ་སྟོན། །རླན་གྲང་ཟོས་རྗེས་ན་ཞིང་ལྟོགས་ན་བདེ། །སྒྲེག་པ་མི་ཐོན་ཤེད་ཆུང་འཕེལ་འབྲི་མེད། །དྭངས་མའི་རྡོ་སྐྲན་དེ་རྡོ་དང་འདྲ་རྫི་མི་བཟོད་པ་ཤིན་ཏུ་སྲ། །མཆིན་པའི་ཁྲག་སྐྲན་འཕེལ་སྐྱེན་གཡས་ནས་ཆགས། །མིག་སེར་ཆུ་དམར་པོ་རྒྱ་བཤལ་དང་འདྲ་རྩ་རྒྱུད་ཕྲ་ལ་མགྱོགས། །གྲང་དྲོས་རོ་རྒྱབ་མཆིན་དྲི་སྦྲག་ཅིང་ན། །ཤ་མདོག་སྔོ་སྐམས་མཆིན་པའི་ཤ་ཟོས་པ་ན་སིངས་པོ་གླེག་བུ་སྐྱུག །སྐྲན་རྒྱས་མཁྲིས་ཡུལ་ཕྲོགས་ཏེ་མིག་ཆུ་སེར། །མཆེར་པའི་ཁྲག་སྐྲན་དེ་འདྲ་གཡོན་དུ་འབྱུང༌། །སྦོ་སྒྲེག་ཟས་སྐོམ་ལེན་ཡང་ལྦུ་བ་སྐྱུག །ཚ་བ་ཤས་ཆུང་གདོང་པ་སྦོད་པོར་གཡོ། །ཕོ་ལོང་རང་གནས་ཏེ་སྨུག་པོའི་ཁྲག་སྐྲན་ཚ་ཞིང་གཟེར། །མནན་ན་འཕར་ཞིང་བསིལ་དྲོད་གཉིས་ཀ་གནོད། །འགྲངས་ལྟོགས་གྲང་དང་དྲོས་པ་གང་ཡང་ན། །སྣོད་ཀྱི་མཁྲིས་སྐྲན་ཤ་མདོག་སྔོ་ལ་སྐམ། །ཟས་ལེན་གྱུར་ཀྱང་ཤེད་བྲལ་མིག་ཆུ་སེར། །སྨིན་ནས་ལུས་ཀུན་ཟ་འཕྲུག་བྱེད་པ་ཡིན། །རྒྱུ་མའི་མཁྲིས་སྐྲན་ལུས་ལྕི་མིག་ཆུ་སེར། །རྩ་གྲིམས་དང་ག་མི་བདེ་ནད་ཟུག་ཆེ། །སྐོམ་དད་ཆེ་ལ་དྲི་ཆུ་སྲི་བར་མངོན། །ལོང་གི་རླུང་སྐྲན་སྦོ་འཁྲོག་ལྦུ་བ་འཁྲུ། །མི་བརྟན་འཕོ་འགྱུར་འཕེལ་འགྲིབ་བྱེད་པ་ཡིན། །མངལ་སྐྲན་ཚིགས་པ་རྒྱུ་ཞབས་ལྡང་དུབ་གཟེར། །འགྲངས་ཚེ་ན་ཞིང་སྐབས་སུ་ཁྲག་ཆེན་མཚན་མ་ནས་ཁྲག་རོ་ཅན་འཛག །ལྒང་པའི་རྡོ་སྐྲན་ཆུ་བགག་ཟུག་གཟེར་ཆེ། །གློ་བའི་རྩ་སྐྲན་གློ་མང་འགོགས་པ་དཀའ། །སྐད་འཛེར་ཤ་ལུས་སྔོ་སྐམ་ཟོས་རྗེས་སྐྱུག །མཁལ་མའི་རྩ་སྐྲན་ཐོག་མར་ན་ཟུག་ཆུང༌། །སྨིན་ནས་ཕྱི་ལོགས་ནས་ལྟར་བར་མངོན་ཤ་སྐམ་དགྱེ་དགུ་དཀའ། །ཆུ་མདོག་དམར་ལ་ལུས་ལྕི་ཆུ་འཐུངས་སྐྱུག །མཆིན་དྲིའི་རྩ་སྐྲན་ཚིགས་པ་བརྒྱད་པ་ན། །དགྱེ་དགུ་མི་བདེ་སྒྲེག་ཅིང་སྐྱུག་སྙམ་བྱེད་ཅིང་མི་སྐྱུག། །ཁྱད་པར་མཆིན་པའི་མཆིན་དྲིའི་ཤ་ཟོས་པར་སྐྱུག་པར་འགྱུར། །རྩ་སྐྲན་ཕལ་ཆེར་རིལ་ཙམ་རྩ་ཆུ་ཚ། །སྲིན་སྐྲན་འདྲིལ་དུས་ཟུག་ཆེ་ཞི་དུས་བདེ། །སྤུ་སྐྲན་གང་དུ་བྱུང་སར་གནས་རྟགས་སྟོན། །སྙིང་གི་ཆུ་སྐྲན་བྲང་ལ་སྲིན་ཐོར་འོང༌། །ཤེས་པ་རྒོད་ཅིང་སྨྱོ་ཚུལ་སྟོན་པ་འམ། །ཁྲོ་ཚིག་སེམས་རྩུབ་ཆུ་ཚན་འཚེད་སྙམ་བྱེད། །ཆུ་སྐྲན་ཕལ་ཆེར་མིག་ལྕིབས་རྐང་བོལ་གཡོ། །ངོ་བོ་སྲ་མེར་ཟུག་ཆུང་རྫི་བ་བཟོད། །རྣག་སྐྲན་རེག་ན་བརྩེ་ལ་མནན་མི་བཟོད། །རྩ་ཆུ་ཕྱི་ཡུལ་ཅུང་ཟད་ཚ་བ་སྐྱེ། །དེ་ལྟར་སྐྲན་རྣམས་ཕལ་ཆེར་ལྟོ་སྟོང་ལ། །ལངས་བུབ་གན་རྐྱལ་ཟུར་ལ་གནས་ཏེ་མྱོང་། །སྣོད་ཀྱི་ནང་ལྡེབས་དང་དོན་གྱི་ལོགས་སུ་ཡོད་པ་བར་གནས་ཞེས་བྱ་སྲ་འདྲིལ་ལག་འོག་བཟུང་བར་ནུས། །ཕྱི་སྣོད་ཀྱིི་ཕྱི་དང་ཤ་ལྤགས་བར་ན་ཡོད་པ་ན་གནས་པ་ཞེས་བྱ་བ་སྟེ་དངོས་སུ་མིག་ལམ་དུ་གསལ་བར་སྟོན། །གཏིང་ན་དོན་སྣོད་ཀུན་གྱི་གཏིང་ན་ཡོད་པ་གནས་ན་ཞེས་བྱ་སྟེ་དེ་རྣམས་རྟགས་ལ་མྱང་པས་མི་གསལ་བ་རྩ་ཆུ་ལ་ནད་ངོས་བཟུང༌། །གློ་མཆིན་མཆེར་སྐྲན་དེ་ཁའིི་རྒྱབ་ཀྱི་རང་གསང་སར་གཟེར་བ་ཡིན། །མདོར་བསྡུས་ཚ་སྐྲན་རྩ་ཆུ་ཕྱི་ཡུལ་ཚ། །གནས་དེར་འཕེལ་སྐྱེན་ཚ་ཞིང་མནན་ན་འཕར། །ཁ་ཟས་དྲོད་བཅུད་མི་འཕྲོད་བསིལ་བ་འཕྲོད། །དེ་ལས་གོ་ལྡོག་གྲང་བའི་སྐྲན་དུ་བརྟག །ཟུག་ཆེ་སྐྱུག་ཅིང་ཟུངས་གསུམ་ཤོར་ན་སྤང༌ལུས་ཟུངས་ཤོར་བས་མུར་གོང་གི་ཤ་སོགས་རྡིབ་སྲོག་རླུང་གི་ཟུངས་ཤོར་བ་རྩལ་ཤེད་མེད་མེ་དྲོད་ཀྱི་ཟུངས་དང་ག་ཤོར་བས་ཟས་མི་འདོད་ཟོས་ཀྱང་མི་འཇུ་བའོ། །སྟོབས་ལྡན་ཟུག་མེད་ཟས་ཚུད་འཚོ་བས་བཅོས། །

སྤྱི་དོན་དྲུག་པ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་ལ་བཅོས་ཐབས་སྨན་དཔྱད་ཟས་སྤྱོད་བཞི། །ཚ་སྐྲན་གྲང་སྐྲན་ཕྱི་ནང་བར་གསུམ་སྦྱར། །དང་པོ་ནང་ན་གནས་པའི་ཚ་སྐྲན་ལ། །ཏིག་ཏ་གསེར་གྱི་མེ་ཏོག་དུག་མོ་ཉུང༌། །བསིལ་ཅུ་གང་གུར་ལི་གསུམ་བྲག་ཞུན་རུ་རྟ་པི་པི་ལིང༌། །ཚ་ལ་འགྲོན་ཐལ་ཨ་རུ་ར་དང་ནི། །ཅོང་ཞི་རྒོད་བརྟུལ་དྲག་པོར་བཏུལ་བའི་ཐལ་བ་དང༌། །ལྡོང་རོས་ཧོང་ལེན་ད་ལིས་གསུམ་པོ་ནུས་བསྲེགས་ཐལ་བ་རྣམས། །ཀ་ར་སྦྱར་བཏང་སྐྲན་དང་གང་ཉེའི་རྩ་ལ་གཏར། །དོན་ལ་རྩ་སྦྱོངས་སྣོད་ལ་ལྟོ་སྦྱོངས་གང་རིགས་སྦྱངས་ལ་ཆུ་ལུམས་བྱ། །བར་གནས་ཚ་སྐྲན་བཟང་ཛཱ་སུག་ཀ་ཅུ་གུར་ལི་དྲུག་ཨ་རུ་ར། །ཙན་དན་དཀར་དམར་ཨུཏྤལ་བོང་ང་དཀར། །ཏིག་ཏ་གསེར་གྱི་མེ་ཏོག་དུག་མོ་ཉུང༌། །རུ་རྟ་ཚ་ལ་རྒྱམ་ཚྭ་པི་པི་ལིང༌། །སྤོས་དཀར་སེང་ལྡེང་མུ་ཟི་སེར་པོ་བསེ་རུ་དང༌། །རྟ་དཀར་པོའི་རྨིག་བཙའ་མ་རྣམས་ཆར་རླུང་ལྷག་གསུམ་གྱིས་ཕོག་གཅན་གཟན་གང་ཡང་རུང་བའི་རུས་པ་དང༌།།གཡག་རྒོད་རྭ་ཅོ་དང་རུས་པ་སེར་ཙམ་བསྲེག །ཅོང་ཞི་རྒོད་བཏུལ་ཀ་ར་སྦྱར་ལ་བཏང༌། །གཏར་སྦྱོངས་ཆུ་ལུམས་གོང་བཞིན་ཤེས་པར་བྱ། །ཕྱི་ཡི་ཚ་སྐྲན་མཁན་པ་སྤྱང་ཚེར་རྩ། །ལྕེ་ཚ་འོལ་མོ་གོ་སྙོད་བྱི་བའི་བྲུན། །སྦངས་མ་སྦྱར་བའི་ལུམས་བྱས་པས་ཕལ་ཆེར་རྣག་ཏུ་འགྱུར། །མ་ཁུགས་གོང་ལྟར་སྨན་དཔྱད་རྩོལ་བས་སྦྱང༌། །ཚ་ཐུར་ཚ་བ་མདུན་དང་རྒྱབ་ལ་འབྲས་ལྟར་རུལ་གཅོད་རྒྱུད་འདི་གའི་ལེའུ་དྲུག་ཅུ་རྩ་གསུམ་པར་བྱང་པ་རྒྱལ་ཚལ་ཞེས་པ་ནས་ཐུར་མས་སྨན་ལམ་གཏོད་ལ་གཞུག་ཅེས་པའི་བར་རོ་སྦྱར། །ཡང་ན་བྱི་ཤང་རྡོ་ཐལ་དཀར་མོ་ཁམས་ནས་ཡོང་གོ་བྱེ་མ་ནུ་ཁྲག་ཅན་རྒྱ་མཚལ། །ཟེ་ཚྭ་གླ་རྩི་རིལ་མ་ཙམ་གཉིས་བསྲེགས་པ་དང་སྦྲང་རྒོད་སྦྲང་སྨྱོན་རེང་བུ་གཞུག །ཚ་བ་མི་ཚོར་ཆུ་བུར་བྱུང་ན་ཐེབས། །མིའི་ཀླད་པ་བྱུགས་ལ་ཤོག་བུས་ཁ་བཀབ་བཞག །ཕོ་བར་ཟན་དྲོན་དུགས་ཀྱིས་བག་རེ་བདུག་དེ་ཡང་སྐྲན་ཕྱིར་ཐོན་ཡོང་། །དེ་རྣམས་ཟས་སྤྱོད་རི་དྭགས་ལུག་ཤ་གསར། །བ་མཛོའི་ཞོ་དར་མར་གསར་ལ་སོགས་པ། །བསིལ་ཡང་བསྟེན་ཞིང་རུལ་སྐྱུར་འཇུ་དཀའ་སྔོ། །གྲང་དང་དྲག་ཤུལ་མེ་ཉིས་གདུངས་པ་སྤང་། །ཟབས་སུ་ཞུགས་པའི་ནད་སྐྲན་ཏེ་དོན་སྣོད་ཀུན་གྱི་ནང་ཟབས་ཆེ་སར་ཞུགས་པའོ་གྲང་སྐྲན་བཅོས་པ་ནི། །ཐང་ཤིང་གི་ཐང་ཆུ་དུར་བྱིད་དནྡ་ཡ་བཀྵ། །ཚ་བ་སྒ་པི་ཕོ་དབྱི་ཙི་ཞོ་བཞི་བཞི་ལྔ་དང་ཚྭ་སྣ་རྒྱམ་ཚ་ཁ་རུ་ཚ་ལྕེ་མྱང་ཚ་ཙབས་རུ་ཚ་ཐལ་ཚ་ཡང་ན་རྒྱ་ཚ་བྱས་ཀྱང་རུང་རྣམ་པ་ལྔ། །ས་རྫི་ཀ་སྙེ་ནག་དང་པ་ཏྲ་གྷནྡྷ་པཊ་སྟེ་གུ་ཡུ་འབྲས་བུ་ཨ་བར་སྐྱུར་གསུམ། །རུ་རྟ་དང་ནི་ཟི་ར་དཀར་ནག་གཉིས། །ཧོང་ལེན་རྣམས་ཞོ་གསུམ་གསུམ་ཕྱེ་མ་ཏིལ་མར་འབྲི་དང་ལུག་གི་རུས་པའི་ཞག་དང་དེའི་ཞོ། །མར་གྱིས་སྦྲུས་ལ་རྫ་མ་ཁ་སྦྱར་བསྲེག །དེ་ཉིད་རྒྱལ་པོ་ཡིན་པས་སུམ་གཉིས་བཏང་རྒོད་མ་ཁ་གསུམ་ཆ་དང་ཕྱི་རྒྱུད་ཀྱི་ཀ་རན་ཛ་དྲུག་པ་གསུམ་གཅིག་དང་སྦྱར། །སེ་འབྲུ་ཤིང་ཚ་སུག་སྨེལ་པི་པི་ལིང་སྒ་ཛ་ཏི་གུར་གུམ་ཀ་ཀོ་ལ་བསྣན་པ་བརྒྱད་དང་ནང་ནུབ་ལྟག་པ་སྤྲད། །དེ་ཡིས་དྲོད་སྐྱེད་དང་ག་འབྱེད་པར་བྱེད། །དེ་རྗེས་རྒྱམ་ཚྭ་ཚ་ལ་ལ་ལ་ཕུད། །ཚ་བ་སྒ་པི་ཕི་དབྱི་ཙི་ལྔ་དང་ཨ་རུའི་ཐལ་སྨན་སྦྱར། །བྱ་རྒོད་གོ་བོ་སྤྱང་བྲུན་ཕོ་བ་དང༌། །ཟི་ར་ནག་པོ་ཁ་རུ་ཙབས་རུ་ཚྭ། །ཚ་བ་སྒ་པི་ཕོ་གསུམ་དང་སྦྱར་ལ་ལྟག་པ་སྤྲད། །ཡང་ན་ཕྱི་རྒྱུད་ཟ་བྱེད་ཆེ་ཆུང་གང་གིས་ཐལ་སྨན་སྦྱར། །སེ་འབྲུ་ཤིང་ཚ་སུག་སྨེལ་པི་པི་ལིང་བཞི་དང་ནང་ནུབ་ལྟག་པ་སྤྲད། །དེ་ཡིས་དྲོད་སྐྱེད་དང་ག་འབྱེད་པ་དང༌། །གྲང་སྐྲན་མ་ལུས་ཐལ་བར་རློག་པར་བྱེད། །ཞིག་ནས་སྙིར་མངོན་ཟུག་ཆེ་རྩ་ཆུ་ཚ། །གཅོད་བྱེད་ཨ་རུ་དན་ད་དུར་བྱིད་ཤྲི་ཁཎྚ་རྒྱམ་ཚ་དབྱིི་མོང་སྲུབ་ཀ་ལྕེ་ཚྭའི་རིལ་བུ་ཞེས་རིན་ཆེན་གཏེར་སྤུངས་ལས་གསུངས་སོ་བཤལ་གྱིས་སྦྱངས་རྗེས་མེ་ཡིས་བསྲེག།

བར་གནས་གྲང་སྐྲན་སྒྲོན་ཤིང་འབྲས་བུ་ཨ་བར་སྐྱུར་གསུམ། །ཚྭ་སྣ་ཚོགས་ཚད་སེ་འབྲུ་པི་པི་ལིང༌། །བཟང་པོ་ཛ་སུག་ཀ་གསུམ་དང་ཚ་ལ་སྤོས་དཀར་དང༌། །དུར་བྱིད་སྔོ་ཡི་ཚ་ལྕེ་ཚྭ་དབྱི་མོང་སུག་ཀ་གསུམ་རྒོད་གཡག་འབྲོང་རྭ། །ཕྱེ་མ་ཆང་སྦྲུས་སླ་ངར་ནུས་ལྡན་བསྲེག །ཐལ་བ་བུ་རམ་སྦྱར་བ་ཆུ་སྐོལ་དབུལ། །ཞིག་ནས་སྦྱོངས་བཏང་མ་ཞིག་ཐུར་མ་བརྡེག །ཐུར་རྗེས་སྐྲན་རོ་བཤལ་གྱིས་སྦྱང་བར་བྱ། །བྲང་དང་རྩིབ་ལོགས་སྐྲན་ཐག་གང་གཟེར་དང༌། །སྦྲུལ་མིག་ལྷེན་སྣའི་གཡས་གཡོན་དོན་སྣོད་གང་ལ་བབ་པའི་ཚིགས་གསང་བསྲེག །ཕྱི་ཡི་གྲང་སྐྲན་སྣུམ་འཆོས་དང་ཕྱི་ནས་འཇམ་རྕི་དུགས་བྱས་ལ། །སྙིར་གྱུར་ན་མེའི་བུམ་པ་ཚད་ལྡན་ཡང་སོང་བཅུ་གཉིས་འཁོར་བ་ཁ་བརྒྱད་ཁ་སོར་གསུམ་ནང་དུ་ཤོག་རས་ལ་མེ་སྤར་ལ་བརྒྱབ་པའི་ཤུལ་དུ་མེ་བཙའ་བྱ། །དེ་འདྲ་ཐེངས་འགའ་བསྟེན་པས་འཇུ་ཞིང་ཕྱི་རུ་འདྲེན། །ཕྱི་རུ་འབུར་ན་སྲ་བའི་སྐུད་པ་ཕྲ་མོ་འཇག་གིས་མཐའ་ནས་བསྡམས་ལ་བཙིར། །གཙགས་བུས་དྲས་ལ་སྐྲན་དབྱུང་རྨ་ལྟར་གསོ། །དནྡ་ཡུངས་ཀར་ཟར་མ་ཏིལ་སྦྱར་བྱུག །མེ་འབུམ་གྱིསམ་འདྲོངས་ན་ཚ་ཐུར་རྒྱབ་ལ་འབྲས་ལྟར་བཅོས། །དེ་རྣམས་ཟས་སྤྱོད་ལུག་དང་གཡག་རྒོད་དང༌། །གཅན་གཟན་གོང་སྲེག་ཁྱིམ་བྱ་བྱེའུའི་ཤ །འབྲས་ཆན་སྤོད་བཅས་ཟན་དྲོན་ཞུན་མར་བསྟེན། །ཆང་གི་དྭངས་མ་སྒ་ཆུ་བསྐོལ་བ་བཏུང༌། །བཅུད་མེད་འཇུ་དཀའ་བསིལ་ཕྱོགས་ཐམས་ཅད་སྤང༌། །བཅག་དང་རྩོལ་བ་གཡི་སྤྱང་ལྤགས་པའི་སྤུ་དུགས་རྡོ་ཡིས་རིགས་ཐམས་ཅད་བསྲོས་པའི་དུགས་དང་སྐྲན་ལ་ཅུང་ཟད་མཉེ། །གཉིས་པ་བྱེ་བྲག་བཅོས་ཐབས་སྙིང་གི་ཆུ་སྐྲན་ལ། །བསེ་རུ་དོམ་མཁྲིས་ཛཱ་ཏི་ཟངས་ཐལ་དང༌། །ཤ་རུ་དུར་ཁྲོད་ནས་བྱུང་བས་མི་ཐོད་འགྲོན་བུ་ལྔ་ཡི་ཐལ་སྦྲང་སྦྱར་བཏང༌། །དེས་མ་སྐེམས་ན་དེ་སྟེང་དངུལ་ཆུ་དང༌། །སྟར་བུ་ཞོ་ཕྱེད་ཕྱེད་དབྱི་མོང་ལ་ཆ་འཁར་བ་བསྣན་པ་ཡི། །རིལ་བུ་བྱས་ལ་སྙིང་ཆུ་བསྐམ་པར་བྱ། །དེས་ཀྱང་མ་སྐེམས་སྙིང་ཆུ་ཕྱི་རྒྱུད་ཐུར་མའི་ལེའུ་ལྟར་ཐུར་མས་གཙག །གློ་མིག་རྩ་སྐྲན་ཐོག་མར་ཆུ་ལུམས་བྱ། །དེ་ནས་སྟར་བུ་སྐྱུ་རུ་པི་པི་ལིང༌། །དཔེ་ལ་ལར་ཆུ་རྟ་རྣོ་ལ་དངུལ་ཆུ་བཞེད་པ་དང་སྟག་ཤར་བཞེད་པ་སོགས་འདུག་ཀྱང་ཡོངས་གྲགས་འདི་ལྟར་རུ་རྟ་ཤིང་མངར་བུལ་ཏོག་སྦྲང་སྦྱར་བཏང༌། །སྟར་བུ་བུལ་ཏོག་སྐྱུ་རུ་ར་དང་སྦྲང༌། །རིལ་བུ་མུར་བས་གློ་སྐྲན་འཇོམས་པ་ཡིན། །མཆིན་པའི་ཁྲག་སྐྲན་རྩ་སྐྲན་ཕྱི་རྒྱུད་ཚ་བསྲེགས་སྦྱོར་བས་གདུལ། །ཡང་ན་གུར་ཀུམ་(ཅུ་གང་ཨུཏྤལ་ཏིག་ཏ་བྲག་ཞུན་རུ་རྟ་དོམ་མཁྲིས་བ་ཤ་ཀ་ཀྱི་ལྕེ་མཚལ་དཀར་གྱི་སྦྱོར་བ་དང་གོང་གི་)སེ་འབྲུ་བརྒྱད་པ་དང་ལྟག་པ་སྤྲད། །ཡང་ན་སེ་རྒོད་ནགས་བསྲེབ་ཏུ་སྐྱེ་བའི་མེ་ཏོག་དམར་པོ་ཅན་དང་འབྲས་བུ་དམར་པོ་དམ་པེ་འདྲ་བ་འབྲས་བུ་སྨན་སྲང་རེ་རེ་བྲག་ཞུན་བཏུལ་བ་སྲང་རེ་དང༌། །ཙན་དན་དམར་པོ་གུར་ཀུམ་ཆང་སྦྱར་ཞག་གསུམ་མནན། །ལངས་ནས་བུ་རམ་སྦྱར་བའི་ལྡེ་གུ་བཏང༌། །མཆིན་ཁྲག་རྒྱས་དང་མཆིན་སྐྲན་འཇུ་ཞིང་སྐེམ། །རུ་ཐུང་རྣག་མཁྲིས་འཇགས་པ་སྦྱོང་བ་ཡིན་སྣོད་ཀ་མང་གཏར་ཉུང་དུ་དབྱུང༌། །ཚ་བ་སྐྱེ་སྲིད་བྲག་ཞུན་(གུར་གུམ་ཅུ་གང་ངམ་བ་ཤ་ཀ་ཞེས་པའང་སྣང་ཨ་རུ་ཏིག་ཏ་དོམ་མཁྲིས་པི་ལིང་)བདུན་པ་དང༌། །ལྟག་པ་སྤྲད་དེ་ཕྱི་རྗེས་བཤལ་གྱིས་སྦྱང༌། །མཆེར་སྐྲན་དེ་འདྲའི་རྗེས་ལ་མེ་ཡིས་བསྲེག །མཁལ་ཚིལ་རྩ་སྐྲན་དང་པོ་ཆུ་ལུམས་བྱ། །ཟུག་ཆུང་སྙི་དང་བདེར་སོང་བྱིན་ལོང་གཏར། །སྐྱེད་མེད་བྱ་བྲ་ཕུག་རོན་བྲུན་བྲག་སྐྱ་ཧ་བོའི་ལུམས་བྱས་ཏེ། །རྣག་ཏུ་བཀུག་ལ་མེ་ཡིས་ཕྱི་རྗེས་བཅད། །མ་ཁུགས་ཚད་པ་སྦྱངས་ལ་ཐུར་མས་བཅོས། །མ་ཞུའི་ཟས་སྐྲན་ལྷེན་སྐྲན་རྡོ་སྐྲན་ལ། །གསར་པའི་དུས་ན་བྱ་རྡོ་སྲོས་པ་ཡིས་དུགས་དང་ལག་པས་སྐྲན་ལ་ཅུང་ཟད་རེ་མཉེ་བར་བྱ། །རྒྱམ་ཚྭ་ལ་ལ་ཕུད་དང་ཨ་ཟ་མོ་དབྱི་མོང་དཀར་པོ་། །པི་པི་ལིང་དང་དོང་གྲ་ཆ་རེ་བསྐྱེད། །ཨ་རུ་ཀུན་མཉམ་ཕྱེ་མ་མེ་དང་འདྲ། །མ་ཞུ་བད་རླུང་གྲང་སྐྲན་འཇོམས་པར་བྱེད། །བི་ཥ་སྨན་ཆེན་ཞོ་གང་བྷི་ར་ལ་རིགས་དཀར་སེར་དམར་ནག་བཞི་ལས་དང་པོ་གསུམ་ལས་དུག་མེད་གསུམ་ཟེར་ནག་པོ་ལ་རིགས་ལྔ་སྟེ་ནག་པོའི་དཀར་པོ་ལ་དུ་བ་ཞེས་གྲགས། ནག་པོའི་སེར་པོར་མཛོ་སྣ་ཞེས་པ་ཚངས་སྣ་འདྲ་བ་སེར་ནག་ཏུ་ཡོད་པའོ།  །ནག་པོའི་དམར་པོ་སྟེང་ནི་ཞེས་པ་ར་དུག་པ་སྟེ་མེ་ཏོག་དང་རྩ་སྔོ་དམར་རོ། །ནག་པོའི་སྔོན་པོ་ནཱི་ལ་ཞེས་པ་ར་དུག་པ་སྡོང་པོ་ཅན་རྩ་བ་དང་མེ་ཏོག་སྔོན་པོ་པུ་ཤུད་མགོ་ཅན་ནོ། །དེ་ནག་པོའོ་ནག་པོའི་ལ་མཆོག་ཕལ་གཉིས་ལས་མཆོག་ནི་མོན་དུ་སྐྱེ་བ་སྡོང་པོ་ལ་ཉིན་མོ་དུ་བ་འབྱུང་ཞིང་མཚན་མོ་སེར་སྣང་བ་སྟེ་ཉེ་བསྐོར་དུ་སྲོག་ཆགས་མང་པོ་ཤི་བའི་རོ་ཡོད་པ་འདི་ནག་པོ་གཙེགས་པ་ཞེས་གྲགས། ཕལ་པ་ནི་གཅིག་པུར་སྐྱེས་པ་མེ་ཏོག་སྔོ་ནག་པུ་ཤུད་མགོ་ཅན་རྕ་བ་ནག་ཅིང་སྣུམ་བག་ཡོད་པ་གར་ཡང་སྐྱེ་བ་འདི་ཉིད་ཡིན། །འདིར་ནག་པོའི་ནག་པོིའི་མཆོག་གོ མ་རྙེད་ན་ཕལ་པ་དེ་ལ་བྱ་དགོས་སོ། ཨ་རུ་ཞོ་བཅུ་འགྱུར་བུ་ལ་མིན་པ་ཞེས་ཕོ་འགྲོན་ཞོ་བདུན། །ཅུ་གང་གུར་ཀུམ་ཚ་བ་རྣམ་པ་སྒ་པི་ཕོ་དབྱི་རྩི་ལྔ། །ཚྭ་སྣ་རྒྱམ་ཁ་ལྕེ་ཙབས་ཐལ་ལྔ་དང་རྒྱ་ཚྭ་པྲི་ཡངྐུ། །ཕྱི་རྒྱུད་ལྟར་ཐལ་སྨན་རྣོན་པོ་ཞོ་གསུམ་རྣམས་ལོ་བརྒྱད་བྱིས་པའི་དྲི་ཆུས་འདམ་བཏགས་བྱ། །རིལ་བུ་བྱས་བསྟེན་རྒྱམ་ཚྭ་སུམ་ཐང་སྐབས་སུ་བཏང༌། །རྡོ་ཡང་ཐལ་བར་འགྱུར་སྲིད་སྐྲན་ཅི་སྨོས། །ཚྭ་བསྲེགས་ཟེ་ཚྭ་བྱ་གོ་བའི་ཐལ་བ་སྦྱོར་བ་ཚྭ་བསྲེགས་ཞོ་གསུམ་ཟེ་ཚ་ཞོ་དོ་གོ་ཐལ་ཞོ་གང་ཡང༌། །མན་ངག་ལྡན་ན་སྐྲན་བཤིག་སྨན་མཆོག་ཡིན། །ཞིག་པའི་སྐྲན་རོ་གཅོད་བྱེད་ཤྲི་ཁཎྚ་རྒྱམ་ཚ་སྔོ་ཚ་དུར་བྱིད་བཤལ་བྱས་ལ། །མ་ཞིག་ཐུར་མའི་རྗེས་ལ་སླར་ཡང་སྦྱང༌། །སྣོད་ཀྱི་མཁྲིས་སྐྲན་ཚེ་སྔོན་ལས་ནད་ཡིན། །འོན་ཀྱང་གསར་དུས་བྱམས་པས་འབད་དེ་གསོ། །མི་དང་ཕག་བྲུན་ནུས་ལྡན་བསྲེགས་ཐལ་བ། །ཚ་ལ་དོམ་མཁྲིས་ཀ་ར་པི་པི་ལིང༌། །གུར་གུམ་བསྣན་པའི་སེ་འབྲུ་ལྔ་དང་ནང་ནུབ་ལྟག་པ་སྤྲད། །ཆུ་སྐོལ་འཕུལ་བས་སྐྲན་དེ་འཇུ་ཞིང་སྐེམ། །གཏར་ག་རྩ་ལ་དྲངས་རྗེས་ལ་ཆུ་ལུམས་སྦྱོངས་ཀྱིས་བཅོས། །རྒྱུ་མའི་མཁྲིས་སྐྲན་ཚ་ལ་དོམ་མཁྲིས་དང༌། །ཧོང་ལེན་ཀར་སྦྱར་བས་དང་པོའི་མཁྲིས་པ་འདུལ་ཞུ་མཁན་དུགས་ཀྱིས་བདུག །དེ་རྗེས་མན་ངག་བཤལ་(དུར་བྱིད་ཚ་ལ་དོམ་མཁྲིས་ཧོང་ལེན་)གྱིས་ཁོང་ནས་དབྱུང་། །ཡང་ན་ཕྱི་རྒྱུད་ཏིག་ཏ་བརྒྱད་ཀྱིས་བཏུལ་རྗེས་སྦྱང༌། །ཕོ་བ་ལོང་དུ་སྨུག་པོའི་ཁྲག་སྐྲན་ཆགས། །སྟར་བུ་མ་ནུ་འུ་སུ་རྒྱམ་ཚྭ་བཞི། །བུར་དཀར་སྦྱར་བ་ཆུ་སྐོལ་འཕུལ་ལ་བཏང་། །ཆུ་བ་དཀར་པོའི་ཧ་བོ་ལན་ཚྭ་བཏབ་དུགས་ཀྱིས་བདུག །དོམ་མཁྲིས་ཧོང་ལེན་དུར་བྱིད་ཚ་ལས་སྦྱང༌། །ཡང་ན་ཚྭ་བསྲེགས་སེ་འབྲུ་ལྔ་པ་གཉིས། །ལྟག་སྤྲད་ཞིག་ནས་དུར་བྱིད་ཚ་ལ་སྟར་བུ་དྲག་པོའི་བཤལ་གྱིས་སྦྱངས། །ཟུངས་ངན་འཇམ་རྩི་ནི་རུ་ཧ་སྤེལ་དྲང༌། །རླུང་གི་ལྷིང་སྐྲན་སྒོག་སྐྱའི་སྨན་མར་དང་། །བུ་རམ་སྦྱར་བ་བཟའ་ཞིང་འཇམ་རྩི་བཏང༌། །དེ་འོག་ཤིང་ཀུན་སེ་འབྲུ་ཚ་བ་སྒ་པི་ཕོ་དབྱི་ཙི་ལྔ། །མ་ནུ་རྒྱམ་ཚྭ་ཙབས་རུ་ཁ་རུ་ཚྭ། །ཟི་ར་གོ་སྙོད་འུ་སུ་ལ་ལ་ཕུད། །སུག་སྨེལ་སྟར་བུ་ཤུ་དག་ཟུར་པ་དཀར་སྒ་རྒོད་དཀར་པོ། །བུལ་ཏོག་ཡ་བག་ཀྵ་ར་ལ་ཟེར་ཕྱེ་མ་བྱེ་རུག་ནག་པོ་ཞོ་བྲེ་གང་དང་མར་སྲང་གསུམ་བཏབ་ལ་བཙོ། །དྲོན་མོར་བསྟེན་རྗེས་ལྟོ་སྟོང་ལ་བོང་སའི་སྟེང་དུ་མེ་ཡིས་བཏབ་ལ་འཇོམས་པ་ཡིན། །སྒོག་སྐྱ་སྲང་བཞི་ཆུ་བོ་དེ་ལ་སྲང་སོ་གཉིས་བརྒྱད་འགྱུར་བསྐོལ། །ཆུ་བསྡུས་རྗེས་འོ་མ་སྲང་བརྒྱད་དེ་ལས་འཐུངས་རླུང་སྐྲན་འཇོམས། །རླུང་རིམས་བི་ཤ་ཙེ་སོགས་རླུང་ཀུན་སེལ། །ཤིང་ཀུན་ཤུ་དག་རུ་རྟ་ཁ་རུ་ཚྭ། །དོང་གྲ་སྒ་རྒོད་དམར་པོ་སྟེ་དོན་སྒ་སྨུག་བཅག་འཕྲོ་དམར་ཁམ་སྣུམ་བག་ཅན་དེ་ཡིན་ཨ་རུ་མ་ནུ་ལ་ལ་ཕུད། །དནྡ་དུར་བྱིད་ཕྱེ་མས་རླུང་སྐྲན་སྦྱོང༌། །སྲིན་སྐྲན་རྒྱ་ཚྭ་ཞོ་གཅིག་དོང་གྲ་ཞོ་གཅིག་བྱི་ཏང་ག་ཞོ་བཞི། །ཕུར་ཐལ་ཞོ་གཅིག་བུ་རམ་རིལ་བུས་ནང་ནས་བཤིག །རྟ་སྦངས་ཕུར་མོ་སྒོག་སྐྱ་སྤུ་སྤྲུ་མའང་བཤད་དུགས་བདུག །ཞིག་དཀའ་ཕྱི་རྒྱུད་ཀྱིི་སྒོག་སྐྱའི་སྨན་མར་སྲིན་སྨན་བྱི་ཏང་ག་ད་བ་ཕུར་མོང་མ་རུ་ཙེ་སྒ་པི་ཕོ་རྣམས་ལྡན། །བཟའ་ཞིང་འཇམ་རྩི་བཏང་བྱ་ཞིག་ན་འཚོ། །མངལ་སྐྲན་བྱ་བྲ་ཕུག་རོན་བྲུན་བྱི་བའི་བྲུན་བྱིའུ་མཆིལ་པའི་བྲུན་ཀྱང་འདོད་པ་ཡག་རྩ། །ནད་མ་ནད་མ་འབྱིད་མ་དང་ནད་མ་འབྱར་མ་ནད་མ་སྣུམ་མ་གསུམ་གང་རྙེད་ཆང་གི་སྦང་ལ་སྦྱར་བསྲོས་ལ་མང་དུ་བདུག །ཕྱི་རྒྱུད་ཀྱི་ཟ་བྱེད་རིལ་བུ་ཐུན་གསུམ་རིལ་བུས་སྐྲན་བཤིག་ལ། །རྒྱུད་འདི་ཉིད་ཀྱི་ལེའུ་དོན་བཞི་པ་མོ་ནད་སྤྱིར་གསོ་བའི་སྐབས་ལྟར་རྒྱུད་འདི་ཉིད་ཀྱི་ལེའུ་བཞི་པ་མོ་ནད་སྤྱིར་གསོ་བའི་སྐབས་ལྟར་ཕྱི་ནང་ཁྲུས་གཤེར་སྦྱོར་བས་ཁྲག་རོ་གདོན། །ཁྲག་རྣག་ཤེ་རུལ་ཤ་སྐྱོ་ཐོན་ན་འཚོ། །ལྕ་བ་ཏིལ་བསྐོལ་ཁུ་བ་ཚ་བ་སྒ་པི་ཕོ་གསུམ། །བུ་རམ་མར་བཏབ་མངལ་སྐྲན་གསར་པ་འཇིག །ཐང་ཤིང་རྩ་བ་པི་པི་ལིང་གི་རྩ། །ཀ་རཉྫ་དང་པི་པི་ལིང་གི་ཕྱེ། །ཏིལ་བསྐོལ་ལྡེ་གུས་མངལ་སྐྲན་འཇོམས་པར་བྱེད། །ཞིག་ནས་ཁྲག་འཛག་མི་བཅད་ལུས་ཟུངས་བསྲུང༌། །རྗེས་ལ་རྩ་བ་ལྔ་ཡི་སྨན་མར་ཕྱི་རྒྱུད་ལྟར་སྦྱར། །ཟས་སྐོམ་སྤྱོད་ལམ་ཤིན་ཏུ་དྲོ་བས་བཅོས། །ལྒང་པའི་སྐྲན་ལ་ཟེ་ཚྭ་ཞོ་བཞི་དང༌། །རྒྱ་ཚྭ་ཞོ་གཉིས་སྡིག་སྲིན་ཚ་བ་སྒ་པི་ཕོ་གསུམ། །ལྕམ་པ་བུ་རམ་སྦྱར་ལ་ཆང་གིས་དབུལ། །རྡེའུ་ཞིག་ནས་ཆུ་ལམ་འབྱུང་བར་ངེས། །གཉིས་པ་བསྡུས་པའི་དོན་ནི་མདོར་བསྡུས་རླུང་སྐྲན་སྣུམ་འཆོས་བརྟས་བཤད་རྒྱུད་ཀྱི་སྟོབས་བསྐྱེད་བརྟ་བའི་ཆོ་གས་བཏང་བར་བྱ། །མཁྲིས་སྐྲན་བཤལ་གྱིས་སྦྱང་ཞིང་ཁྲག་སྐྲན་གཏར་གྱིས་དྲང༌། །རྩ་སྐྲན་རྣག་ཏུ་འགུགས་ཤིང་ཆུ་ལུམས་ཤིས། །རྡོ་སྐྲན་ཐུར་མ་ལྷེན་སྐྲན་སྨན་གྱིས་བཤིག །ཆུ་སྐྲན་རྣག་སྐྲན་གསང་དུ་དབྱུང་བར་བྱ། །ནང་སྐྲན་ལ་སྔར་བཤད་པའི་སྨན་གྱིས་བཤིག་ཅིང་སྦྱངས་ལ་བར་སྐྲན་ཕྱི་རྒྱུད་ལྟར་ཐུར་མས་བཤིག །ཕྱི་སྐྲན་གྱི་སྟེང་དེ་ཁར་མེ་བུམ་དང་དུགས་སོགས་བརྒྱབ་སྟེ་སྐྲན་དངོས་དེ་བུམ་པར་ཏོག་འབུར་གྱིས་དྲངས་ལ་བཙག་བུས་དྲལ་ནས་སྐྲན་ངོས་ཕྱིར་དམར་འབྱིན་བྱའོ། །དེ་ལྟར་ཤེས་ན་འཚོ་བྱེད་མཁས་པ་ཡིན།  །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གཅོང་ཆེན་སྐྲན་ནད་བཅོས་པའི་ལེའུ་སྟེ་བདུན་པའོ།། །། 

 

མཐའ་མའི་འདོན་ཐེངས་།: 19.02.2021 ཉིན། 3:41 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།